ཡིད་རྟོན་བྱང་བུ་རྐུ་ལ་ཤོར་ན་ཁེ་དབང་ཇི་ལྟར་སྲུང་དགོས།

གསར་འགྱུར་དྲན་སྐུལ།

ལག་རྩལ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་སྒོར་མོ་སྤྲོད་ཐབས་ཀྱང་མང་པོ་བྱུང་ཡོད། ཡིད་རྟོན་བྱང་བུ་ནི་སྒོར་མོ་དངོས་སུ་སྤྲོད་མི་དགོས་པའི་ཉོ་ཚོང་དངུལ་སྤྲོད་ཐབས་ལམ་ཞིག་ཡིན་པའི་ཆ་ནས། སྟབས་བདེ་ཞིང་མགྱོགས་པའི་དབང་གིས་འཛད་སྤྱོད་པ་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། ཡིན་ན་ཡང་ཁྲིམས་འགལ་མི་སྣ་མང་པོ་ཞིག་གིས་ཀྱང་མི་གཞན་གྱི་ཡིད་རྟོན་བྱང་བུ་རྫུན་བཟོ་བྱེད་པར་མ་ཟད་བཀོལ་སྤྱོད་བྱས་ཏེ། དངུལ་ཁང་དང་མི་སྒེར་ལ་དཔལ་འབྱོར་ཐད་ཀྱི་གྱོང་གུན་མང་པོ་བཟོས་དང་བཟོ་བཞིན་ཡོད། དེ་ན་གཞིས་དམངས་རྣམས་གལ་ཏེ་ཡིད་རྟོན་བྱང་བུ་གཡོ་སྤྱོད་བྱེད་པའི་གནས་ཚུལ་དང་འཕྲད་ན་ཇི་ལྟར་བྱེད་དགོས་ཞེ་ན། བྲེལ་བ་ལངས་མི་དགོས་ཏེ། མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་དེའི་ཐད་ནས་ཁྱོད་ལ་ཐབས་ལམ་གསུམ་བཏོན་ཡོད་པ་སྟེ།

གྱོད་དོན་གྱི་འབྱུང་རྐྱེན།

2015ལོའི་ཟླ8པའི་ཚེས10ཉིན། ཀླུ་རྒྱལ་གྱིས་གློ་བུར་དུ་རང་ཉིད་ཀྱི་ཡིད་རྟོན་བྱང་བུའི་སྟེང་ནས་སྒོར23200འཛད་སྤྱོད་བྱས་ཟིན་པ་ཚོར་ཞིང་། རང་ཉིད་ཀྱི་ཡིད་རྟོན་བྱང་བུ་བོར་བརླག་སོགས་ཀྱང་བྱུང་མ་མྱོང་བས། མྱུར་དུ་སྤྱི་བདེ་ལས་ཁུངས་ལ་གཏུགས་པ་རེད། སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་ཏེ་ཤེས་པ་ལྟར་ན། གནད་དོན་ནི་གསོལ་ཁང་ག་གེ་མོའིposའཕྲུལ་ཆས་སྟེང་ནས་བྱུང་བ་དང་། ཉེས་བསགས་མཁན་ནི་གསོལ་ཁང་དེའིposའཕྲུལ་ཆས་བཀོལ་སྤྱོད་བྱེད་མཁན་ཝུའུ་ཆེ་གེ་མོ་རེད།

ཁྲིམས་ཁང་ལ་གཏུགས་པ།

ཁྲིམས་ཁང་གིས་བདག་སྤྲོད་བྱས་ཏེ་བརྟག་དཔྱད་བྱས་པ་ལྟར་ན། ཉེས་བསགས་མཁན་ཝུའུ་ཆེ་གེ་མོས་གསོལ་ཁང་གིposའཕྲུལ་ཆས་ཞིག་གསོ་བྱེད་སྐབསposབསྐྱར་སྒྲིག་བྱས་རྗེས། གནོད་འཚེ་ཐེབས་མཁན་གྱིས་གསོལ་ཁང་དུ་འཛད་སྤྱོད་བྱས་ཏེ་སྒོར་མོ་སྤྲོད་པའི་སྐབས་དང་བསྟུན་ནས་མགྲོན་པོའི་བྱང་བུའི་ཨང་གྲངས་དང་གསང་གྲངས་སོགས་བརྐུས་པ་དང་། དེ་ནས་བྱང་བུ་བཟོ་བའི་མཉེན་ཆས་སོགས་ཀྱི་ལག་ཆ་སྤྱད་དེ་བྱང་བུ་འདྲ་བཟོ་བྱས་པ་རེད། དེ་དང་མཉམ་དུ་ད་རུང་ཚོང་ཁང་རྫུན་མ་རུ་བྱང་བུ་རྫུན་མ་སྤྱད་དེ་སྒོར་མོ་སྤྲད་དེ་འཛད་སྤྱོད་བྱས།

ཁྲིམས་ཐག་བཅད་པ།

ཁྲིམས་ཁང་གིས་བདག་སྤྲོད་ཁྲོད་ད་རུང་ཤེས་པ་སྟེ། ཝུའུ་ཆེ་གེ་མོས་བྱེད་ཐབས་འདི་སྤྱད་དེ། དྲ་ཐོག་ནས་ཁྲིམས་འགལ་སྒོས་ཡིད་རྟོན་བྱང་བུའི་ཨང་གྲངས་དང་གསང་གྲངས་ཉོས་ནས་འཛད་སྤྱོད་བྱས་པ་དང་བསྡོམས་པས་མི་དམངས་ཤོག་སྒོར་ཁྲི22གཡོ་ལེན་བྱས་པ་རེད། ཝུའུ་ཆེ་གེ་མོ་ལ་མཇུག་མཐར་ཡིད་རྟོན་བྱང་བུ་གཡོ་སྤྱོད་བྱས་པའི་དབང་གིས་མི་དམངས་ཁྲིམས་ཁང་གིས་དུས་བཅད་བཙོན་འཇུག་ལོ6ལ་བྱེད་རྒྱུའི་ཐག་བཅད་པར་མ་ཟད། མི་དམངས་ཤོག་སྒོར་ཁྲི10ཡི་དངུལ་ཆད་བཅད།

ཁྲིམས་དཔོན་གྱི་བཤད་ཚུལ།

ཉེ་བའི་ལོ་འདི་འགར།ཡིད་རྟོན་བྱང་བུ་གཡོ་སྤྱོད་བྱེད་པའི་གྱོད་དོན་མི་ཉུང་བ་ཡོད་པས། ཚང་མས་ཡིད་རྟོན་བྱང་བུའི་སྟབས་བདེ་ལོངས་སྤྱོད་བྱེད་པ་དང་མཉམ་དུ་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཤེས་དགོས། མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་ཚང་མར་ཐབས་ལམ་བཏོན་པ་སྟེ། བྱང་བུའི་བདག་པོ་ཡིན་པའི་ཆ་ནས། ཅི་ཡིན་འདི་ཡིན་མི་ཤེས་པའི་དངུལ་སྤྲད་བརྡ་སྦྱོར་དང་འཕྲད་སྐབས། ཐོག་མར་ཉེ་འགྲམ་གྱི་ཚོང་ཁང་དུ་སོང་ནས་ཡིད་རྟོན་བྱང་བུ་སྤྱད་དེ་འཛད་སྤྱོད་བྱས་ཏེ། གཡོ་སྤྱོད་བྱས་པའི་བྱང་བུ་དེ་རང་ཉིད་ཀྱིས་དོ་དམ་ལེགས་པོ་བྱས་ཡོད་པ་བདེན་དཔང་བྱེད་དགོས་པ་དང་། དེ་ནས་དངུལ་ཁང་ལ་ཁ་པར་བཏང་ནས་ཡིད་རྟོན་བྱང་བུ་གཡོ་སྤྱོད་བྱས་པའི་གནས་ཚུལ་བཤད་དགོས་ལ། འཛད་སྤྱོད་རྩོད་གཞི་བྱུང་བར་བཤད་དེ་དངུལ་ཁང་ལ་སྒོར་མོ་གཏོང་མི་རུང་བའི་རེ་བ་འདོན་པ་དང་།མཇུག་མཐར་མྱུར་དུ་སྤྱི་བདེ་ལས་ཁུངས་ལ་གཏུག་བཤེར་བྱས་ཏེ། སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་བྱེད་དགོས་པའི་རེ་བ་འདོན་དགོས། དེ་དང་མཉམ་དུ་ད་རུང་ཁྲིམས་དཔོན་གྱིས་འཛད་སྤྱོད་པ་རྣམས་ལ་དངུལ་བྱང་དང་ཡིད་རྟོན་བྱང་བུ་དུས་ལྟར་རིམ་པ་སྤར་ཏེ། སྤྱིར་བཏང་གིས་བྱང་བུ་དེ་བདེ་འཇགས་རང་བཞིན་ཅུང་དྲག་པའི་བྱང་བུ་ལ་བསྒྱུར་ཏེ། རང་ཉིད་ཀྱི་ཡིད་རྟོན་དངུལ་བྱང་གི་ཨང་གྲངས་དང་གསང་གྲངས་སོགས་ཀྱི་འབྲེལ་ཡོད་ཆ་འཕྲིན་ལ་དོ་དམ་ལེགས་པོ་བྱས་ཏེ། གང་ཐུབ་ཀྱིས་བདེ་འཇགས་རང་བཞིན་མི་ལྡན་པའི་གནས་སུ་ཡིད་རྟོན་བྱང་བུ་སྤྱད་དེ་འཛད་སྤྱོད་བྱེད་མི་རུང་བའི་དྲན་སྐུལ་བྱེད་ཀྱིན་ཡོད་དོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།