བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྲོལ་ཡིག

(2010ལོའི་ཟླ་9ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2016ལོའི་ཟླ་11ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་དག་བཅོས་བྱས)

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

[2016]ཡིག་ཨང་11པ།

《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྲོལ་ཡིག》འདི་2016ལོའི་ཟླ་11ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་དག་བཅོས་བྱས་ཏེ་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་དང་། 2017ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

2016ལོའི་ཟླ་11ཚེས་30ཉིན།

ལེའུ་དང་པོ། སྤྱིའི་རྩ་འཛིན།

དོན་ཚན་དང་པོ། ཡུལ་སྐོར་བ་དང་། ཡུལ་སྐོར་གཉེར་སྐྱོང་པ། ཡུལ་སྐོར་གྱི་ལས་ཀ་བྱེད་མཁན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་རྒྱུ་དང་། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཟོ་རྒྱུ། ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོབ་དང་ལུགས་མཐུན་གསར་སྤེལ་བྱེད་རྒྱུ། ཡུལ་སྐོར་ལས་རིགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་སྐོར་བཅའ་ཁྲིམས》དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་དུ་ཡུལ་སྐོར་བྱེད་སྒོ་སྤེལ་བ་དང་། ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོབ་གསར་སྤེལ་བྱེད་པ། འཆར་འགོད་བཟོ་བ། ཐོན་ལས་ལ་སྐུལ་འདེད་གཏོང་བ། སྤྱི་པའི་ཞབས་ཞུ་སྒྲུབ་པ། གཉེར་སྐྱོང་ཞབས་ཞུ་སྒྲུབ་པ། དེ་བཞིན་འབྲེལ་ཡོད་ཀྱི་ལྟ་སྐུལ་དོ་དམ་བྱེད་པ་བཅས་ཀྱི་ཐད་ལ་སྲོལ་ཡིག་འདི་སྤྱོད་རྒྱུ།

དོན་ཚན་གསུམ་པ། རང་སྐྱོང་ལྗོངས་ཀྱིས་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་བར་ངེས་པར་དུ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཁྲོམ་རའི་ཐོག་ནས་འཁོར་སྐྱོད་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས། སྲིད་གཞུང་ནས་འཆར་འགོད་མཛུབ་ཁྲིད་བྱེད་ཤུགས་དང་། ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱེད་ཤུགས། སྤྱི་པའི་ཞབས་ཞུ་སྒྲུབ་ཤུགས། དེ་བཞིན་ཚང་སྒྲིག་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་བཅས་ཆེ་རུ་བཏང་ནས་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རང་ཚུགས་ཀྱིས་གཉེར་སྐྱོང་དང་། དྲང་གཞག་ངང་འགྲན་རྩོད། འདྲ་མཉམ་ཐོག་བརྗེ་རེས་བཅས་བྱེད་པའི་ཡུལ་སྐོར་གྱི་ཁྲོམ་རའི་ཁོར་ཡུག་ཅིག་ཆགས་པ་བྱེད་དགོས།

དོན་ཚན་བཞི་པ། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་པར་ངེས་པར་དུ་གཅིག་གྱུར་འཆར་འགོད་དང་། ཁྱད་ཆོས་འབུར་ཐོན། མཉམ་འདུས་གོང་འཕེལ། བེད་སྤྱོད་ལུགས་མཐུན། དམངས་ལ་ཕན་འདོགས་པ། ཚན་རིག་དང་མཐུན་པའི་སྲུང་སྐྱོབ་དང་རྒྱུན་བསྲིང་གོང་འཕེལ་བཅས་ཡོང་བ་བྱས་ཏེ་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། འབྱུང་ཁམས་ཀྱི་ཕན་འབྲས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས།

དོན་ཚན་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུལ་སྐོར་ལས་རིགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་གཏོང་བའི་འཐབ་ཇུས་དང་ཐོན་ལས་ཀྱི་སྲིད་ཇུས་བཟོ་དགོས་པ་མ་ཟད། ལག་བསྟར་བྱེད་རྒྱུ་སྒྲིག་འཛུགས་ཀྱང་བྱས་ཏེ་ཁྱད་ལྡན་དང་། ལེགས་གྲས། སྤུས་ལེགས་བཅས་ཀྱི་ཡུལ་སྐོར་གོང་འཕེལ་བཏང་ནས། ཡུལ་སྐོར་ཐོན་རྫས་དང་རིག་གནས་ཀྱི་གོ་དོན་མཐོར་འདེགས་གཏོང་བ་དང་། ཡུལ་སྐོར་ཁྲོམ་རའི་གཙོ་རྐང་གསོ་སྤེལ་བྱས་ཏེ་འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།

དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུལ་སྐོར་གྱི་ལས་ཀ་སྒྲིག་འཛུགས་དང་དེར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་ནང་བཅུག་ཐོག ཡུལ་སྐོར་གྱི་ཕྱོགས་བསྡུས་མཐུན་སྦྱོར་ལམ་སྲོལ་དང་སྐུལ་ལྕག་ལམ་སྲོལ་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ་དང་། ཡུལ་སྐོར་ལས་རིགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྲིད་ཇུས་དང་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་ཁུལ་ཁོངས་དབར་གྱི་ཡུལ་སྐོར་མཉམ་ལས་ཡོང་རྒྱུར་སྐུལ་སྤེལ་གཏོང་བ་དང་། ཡུལ་སྐོར་གོང་འཕེལ་གཏོང་བའི་ཁོར་ཡུག་ལེགས་སུ་བཏང་སྟེ་ཡུལ་སྐོར་ལས་རིགས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། 

དོན་ཚན་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་རྒྱུའི་དགོས་མཁོར་གཞིགས་ཏེ་ཡུལ་སྐོར་ལས་རིགས་ཐད་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་གོང་འཕེལ་གཏོང་བའི་ཆེད་སྤྱོད་མ་དངུལ་འཛུགས་དགོས། ཆེད་སྤྱོད་མ་དངུལ་དེ་རིམ་མཚུངས་ནོར་སྲིད་ཀྱི་ལོ་འཁོར་སྔོན་རྩིས་ནང་འཇུག་དགོས།

དོན་ཚན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་ཚང་སྒྲིག་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་དོན་འཛུགས་སྐྲུན་གྱི་འཆར་འགོད་དང་། འགྲིམ་འགྲུལ་སྐྱེལ་འདྲེན། འཕྲིན་གཏོང་། ཆུ་དང་གློག་མཁོ་འདོན། ཁོར་ཡུག་སྲུང་སྐྱོབ་སོགས་ཐད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས་ངེས་པར་དུ་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་རྒྱུ་དེ་ཡང་མཉམ་དུ་གཅིག་གྱུར་འཆར་འགོད་བྱེད་པ་དང་ལྟ་རྟོག་གང་ཐུབ་བྱེད་དགོས།

དོན་ཚན་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཡུལ་སྐོར་ལས་རིགས་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་པ་དང་ཕྱོགས་བསྡུས་མཛུབ་ཁྲིད་དང་ལྟ་སྐུལ་དོ་དམ་བྱེད་པའི་ལས་ཀའི་འགན་འཁུར་རྒྱུ། འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་གཞིར་བཟུང་ཡུལ་སྐོར་ལས་རིགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

དོན་ཚན་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུལ་སྐོར་ལས་རིགས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བའམ་ཡང་ན་ཡུལ་སྐོར་ལ་བརྟེན་ནས་འབྲེལ་ཡོད་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་ཁྲིད་བྱེད་པའི་ནང་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

ལེའུ་གཉིས་པ། ཡུལ་སྐོར་བ།

དོན་ཚན་བཅུ་གཅིག་པ། ཡུལ་སྐོར་བར་གཤམ་གསལ་ཁེ་དབང་སྤྱོད་རྒྱུ་ཡོད་པ་སྟེ།

(གཅིག)ཡུལ་སྐོར་བས་ཁ་ཆད་ལྟར་ཡུལ་སྐོར་གཉེར་སྐྱོང་པར་ཡུལ་སྐོར་ཐོན་རྫས་མཁོ་འདོན་དང་ཞབས་ཞུ་སྒྲུབ་དགོས་པའི་རེ་བ་འདོན་དབང་ཡོད་པ་དང་། ཡུལ་སྐོར་གན་རྒྱའི་ནང་ཁ་ཆད་བྱས་པ་ཕུད་པའི་ཡུལ་སྐོར་གྱི་ཞབས་ཞུའི་རྣམ་གྲངས་གཞན་དག་དང་ལེན་མི་བྱེད་པའི་དབང་ཆ་ཡོད་པ་དང་། (གཉིས)ཡུལ་སྐོར་གཉེར་སྐྱོང་པས་ཡུལ་སྐོར་བར་ཡུལ་སྐོར་གྱི་ཞབས་ཞུ་སྒྲུབ་སྐབས་རང་ཉིད་ཀྱི་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་རེ་བ་འདོན་དབང་ཡོད།

(གསུམ)མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་འཕྲད་པའི་སྐབས་ཡུལ་སྐོར་བས་རང་གནས་སའི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་སོགས་སྡེ་ཚན་ལ་རོགས་སྐྱོབ་དང་སྲུང་སྐྱོབ་བྱེད་རོགས་ཞུ་དབང་ཡོད།

(བཞི)མི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་ཕོག་ཚེ་ཁྲིམས་བཞིན་སྐྱིན་ཚབ་ཐོབ་དབང་ཡོད།

(ལྔ)མི་གཤིས་ལ་རྒྱ་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་བཅས་ལ་ངེས་པར་དུ་བརྩི་འཇོག་ཐོབ་དགོས།

(དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་དབང་ཆ་གཞན་དག་བཅས་སོ། 

དོན་ཚན་བཅུ་གཉིས་པ། ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་ཡུལ་སྐོར་གཉེར་སྐྱོང་པས་གནོད་འཚེ་གཏོང་བའམ་ཡང་ན་ཕྱོགས་གཉིས་དབར་རྩོད་གཞི་ཐོན་ཚེ་གཤམ་གསལ་ཐབས་ལམ་བརྒྱུད་དེ་ཐག་གཅོད་བྱེད་ཆོག་པ་སྟེ།

(གཅིག)རང་སོ་སོས་གྲོས་མོལ་བྱེད་པ་དང་།

(གཉིས)ཡུལ་སྐོར་དང་བཟོ་ཚོང་སོགས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཞུ་སྦྱོར་བྱེད་པ།

(གསུམ)འཛད་སྤྱོད་པའི་མཐུན་ཚོགས་ལ་འདུམ་འགྲིག་ཡོང་རེ་ཞུ་བ།

(བཞི)ཡུལ་སྐོར་གན་རྒྱའི་ནང་ཁ་ཆད་བྱས་པའི་འདུམ་གཅོད་སྐོར་གྱི་དོན་ཚན་ཡོད་པའམ་ཡང་ན་རྩོད་གཞི་ཐོན་རྗེས་རང་མོས་ཐོག་འདུམ་གཅོད་བྱེད་རྒྱུའི་གྲོས་མོལ་བྱུང་བར་འདུམ་གཅོད་ལས་ཁུངས་ལ་འདུམ་གཅོད་ཡོང་རེ་ཞུ་བ།

(ལྔ)མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱེད་པ་བཅས་སོ།

དོན་ཚན་བཅུ་གསུམ་པ། ཡུལ་སྐོར་བས་ངེས་པར་དུ་གཤམ་གྱི་འོས་འགན་ཁག་སྒྲུབ་དགོས་པ་སྟེ།

(གཅིག)སྤྱི་ཚོགས་ཀྱི་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་ལ་བརྩི་སྲུང་ཞུས་ཏེ་ཡ་རབས་ལྡན་པའི་ངང་ཡུལ་སྐོར་བྱེད་དགོས་པ་དང་།

(གཉིས)ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་དང་། རིག་གནས་སྲོལ་རྒྱུན། ཆོས་ལུགས་དད་མོས་བཅས་ལ་བརྩི་འཇོག་བྱེད་དགོས་པ།

(གསུམ)ཡུལ་སྐོར་ཐོན་ཁུངས་དང་། ལོ་རྒྱུས་དང་རིག་གནས་ཤུལ་བཞག འབྱུང་ཁམས་ཁོར་ཡུག་བཅས་ལ་རང་འགུལ་ངང་སྲུང་སྐྱོབ་བྱེད་དགོས་པ།

(བཞི)ཡུལ་སྐོར་ཐད་ཀྱི་སྤྱི་པའི་སྒྲིག་ལམ་ལ་བརྩི་སྲུང་དང་ཡུལ་སྐོར་ཐད་ཀྱི་སྒྲིག་བཀོད་ལ་གཅེས་སྤྲས་བྱེད་དགོས་པ།

(ལྔ)གློ་བུར་དུ་ཚབས་ཆེའི་དོན་རྐྱེན་ཐོན་པའི་རྐྱེན་གྱིས་ཡུལ་སྐོར་བྱེད་སྒོ་གནས་སྐབས་ཤིག་རིང་བཀག་པའི་བྱ་ཐབས་དང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་། ལས་ཁུངས་སམ་ཡང་ན་ཡུལ་སྐོར་གཉེར་སྐྱོང་པས་སྤྱད་པའི་བདེ་འཇགས་ཀྱི་འགོག་ཟོན་དང་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་རིགས་ལ་ངེས་པར་དུ་གཞོགས་འདེགས་བྱེད་དགོས་པ།

(དྲུག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འོས་འགན་གཞན་དག་བཅས་སོ།

ལེའུ་གསུམ་པ། འཆར་འགོད་དང་སྐུལ་འདེད།

དོན་ཚན་བཅུ་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་འགོད་གཞིར་བཟུང་། ཡུལ་སྐོར་གོང་འཕེལ་གཏོང་བའི་འཆར་འགོད་བཟོ་རྒྱུ་སྒྲིག་འཛུགས་བྱས་ཏེ་རང་སོ་སོའི་སྲིད་འཛིན་ས་ཁོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ། ཡུལ་སྐོར་ཁྲོམ་ར་གསར་སྤེལ་བྱེད་རྒྱུ། ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་སྤྱིའི་བཀོད་སྒྲིག་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་འཆར་འགོད་གཞིར་བཟུང་ནས་རིགས་འདྲ་མིན་གྱི་ཡུལ་སྐོར་ལས་རིགས་ཀྱི་ཆེད་དོན་འཆར་འགོད་དང་ལས་རྣམ་གསར་པའི་ཡུལ་སྐོར་གྱི་འཆར་འགོད་བཟོས་ན་འགྲིག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ས་གནས(གྲོང་ཁྱེར)བརྒལ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་། A4རིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་གྱི་འཆར་འགོད་བཟོ་བའི་སྒྲིག་འཛུགས་བྱེད་འགན་འཁུར་རྒྱུ་དང་། ས་གནས(གྲོང་ཁྱེར)ཁག་གིས་ས་གནས(གྲོང་ཁྱེར)ཀྱི་ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་སྤྱིའི་འཆར་འགོད་བཟོ་རྒྱུ་སྒྲིག་འཛུགས་བྱེད་པར་མཛུབ་ཁྲིད་བྱེད་རྒྱུ།

དོན་ཚན་བཅོ་ལྔ་པ། ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཟོ་བར་ངེས་པར་དུ་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་དགོས་པ་དང་། ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་འཆར་འགོད། རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཆར་འགོད། ཁོར་ཡུག་སྲུང་སྐྱོབ་ཀྱི་འཆར་འགོད། འགྲིམ་འགྲུལ་འཛུགས་སྐྲུན་གྱི་འཆར་འགོད། རིག་དངོས་སྲུང་སྐྱོབ་ཀྱི་འཆར་འགོད། འགག་སྒོའི་འཆར་འགོད། དེ་བཞིན་རང་བྱུང་ཐོན་ཁུངས་དང་རིག་སྐྲུན་ཐོན་ཁུངས་གཞན་དག་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་འཆར་འགོད་བཅས་བྱེད་རྒྱུ་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་འཆར་འགོད་གཞན་དག་བཟོ་བར་ངེས་པར་དུ་ཡུལ་སྐོར་བྱེད་ནུས་གཅིག་གྱུར་འཆར་འགོད་ཀྱིས་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་གང་ཐུབ་བྱེད་དགོས།

དོན་ཚན་བཅུ་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་འཛམ་གླིང་གི་རིག་གནས་ཤུལ་དངོས་དང་། འཛམ་གླིང་གི་རང་བྱུང་ཤུལ་དངོས། འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་དངོས། རྒྱལ་ཁབ་ཀྱི་སྤྱི་གླིང་། རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་། རྒྱལ་ཁབ་ཀྱི་ས་གཤིས་སྤྱི་གླིང་། རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་། རྒྱལ་ཁབ་ཀྱི་གཤེར་སའི་སྤྱི་གླིང་། རྒྱལ་ཁབ་ཀྱི་Aརིམ་གནས་ལྗོངས་ཁུལ(གནས) རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར། གྲགས་ཅན་གྲོང་རྡལ། གྲགས་ཅན་གྲོང་ཚོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི། རིག་དངོས་སྲུང་སྐྱོབ་ཚན་པ་དང་སྲོལ་རྒྱུན་གྲོང་སྡེ་སོགས་ཡུལ་སྐོར་ཐོན་ཁུངས་ཀྱི་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་དགོས།

དོན་ཚན་བཅུ་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་གཞིར་བཟུང་ཁྱད་ལྡན་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་དགོས་པ་དང་། ཁྱད་ལྡན་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱས་ཏེ་འབྲེལ་ཡོད་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ཟབ་མོའི་ཐོག་ནས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ་ཡུལ་སྐོར་ཐོན་རྫས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས།

དོན་ཚན་བཅོ་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཉེ་འཁོར་ཞིང་ཆེན(རང་སྐྱོང་ལྗོངས)དང་ཡུལ་སྐོར་ཐད་ཕན་ཚུན་གཞོགས་སྐྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། མཐའ་མཚམས་དང་ཐག་རིང་ས་ཁུལ་དང་། དེ་བཞིན་ལྗོངས་ནང་ཁུལ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱེད་དགོས། གཞན་ཡང་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་དབར་དང་ཡུལ་སྐོར་སྤེལ་རེས་དང་མཉམ་ལས་བྱེད་རྒྱུར་སྐུལ་སྤེལ་གང་ལེགས་གཏོང་དགོས།

དོན་ཚན་བཅུ་དགུ་པ། ཆ་རྐྱེན་ཡོད་པའི་ཁེ་ལས་དང་མི་སྒེར་ནས་ཡུལ་སྐོར་ཐད་མ་འཇོག་དང་། གསར་སྤེལ། འཛུགས་སྐྲུན། གཉེར་སྐྱོང་བཅས་བྱེད་རྒྱུར་སྐུལ་མ་གཏོང་དགོས། 

ཡུལ་སྐོར་གནས་ལྗོངས་ཁུལ(གནས)དང་། ཡུལ་སྐོར་གསོལ་མགྲོན་ཁང(མགྲོན་ཁང) ཡུལ་སྐོར་འགྲུལ་སྐྱེལ། ཡུལ་སྐོར་ཚོང་ཟོག་བཅས་གསར་སྤེལ་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་བྱེད་པ་དང་དེ་བཞིན་མི་རིགས་ཀྱི་རིག་གནས་ཡུལ་སྐོར་དང་། སྤྲོ་འཆམ་ཡུལ་སྐོར། ཆེད་དམིགས་ཡུལ་སྐོར་བཅས་གཉེར་མཁན་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་དེ་མཚུངས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད། 

དོན་ཚན་ཉི་ཤུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་གསར་སྤེལ་བྱེད་རྒྱུར་ཁྲིད་སྟོན་དང་རོགས་སྐྱོར་བྱེད་དགོས་པ་དང་། ཡུལ་སྐོར་ཚོང་ཟོག་གི་ཐོན་སྐྱེད་དང་བཟོ་སྣོན་རྟེན་གཞི་བཙུགས་ནས་དེ་རིགས་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། བྲིན་ཚོང་སོགས་བྱེད་པའི་ཕྱོགས་བསྡུས་ཚང་སྒྲིག་གི་ཡུལ་སྐོར་ཚོང་ཟོག་ཁྲོམ་རའི་མ་ལག་ཅིག་ཆགས་པ་བྱེད་དགོས།

དོན་ཚན་ཉེར་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་དངུལ་བུན་སྐྱེད་སྦྱར་དང་། མ་དངུལ་བྱ་དགར་སྒྱུར་བ་སོགས་ཀྱི་གཟིགས་སྐྱོང་བྱ་ཐབས་སྤྱད་དེ་ཞིང་འབྲོག་མང་ཚོགས་ཀྱིས་རྣམ་པ་འདྲ་མིན་ཐོག་ནས་ཡུལ་སྐོར་ལས་རིགས་ནང་ཞུགས་རྒྱུར་སྐུལ་ལྕག་གཏོང་དགོས་པ་དང་། ཞིང་འབྲོག་མང་ཚོགས་ཀྱིས་སྤྲོ་འཆམ་དང་། དམངས་སྲོལ། སྤྲོ་གསེང་སོགས་ས་ཁུལ་དེ་གའི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་གསར་སྤེལ་བྱེད་རྒྱུར་རོགས་སྐྱོར་བྱེད་དགོས། འབྱུང་ཁམས་ཀྱི་ལེགས་ཆ་འདོན་སྤེལ་དང་གྲོང་གསེབ་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་བྱས་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ཚད་ལྡན་ཅན་དུ་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་དགོས།

དོན་ཚན་ཉེར་གཉིས་པ། རྫོང(ཆུད)དང་ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ངེས་པར་དུ་གྲོང་གསེབ་ཀྱི་ཡུལ་སྐོར་དེ་རྣམ་གསར་གྲོང་གསེབ་འཛུགས་སྐྲུན་དང་། དེང་རབས་ཞིང་ལས། དབུལ་སྐྱོར་གསར་སྤེལ། དེ་བཞིན་གྲོང་ཁྱེར་གྲོང་གསེབ་གཞི་གཅིག་ཅན་དུ་གོང་འཕེལ་གཏོང་རྒྱུ་བཅས་ཀྱི་སྤྱི་ཡོངས་ཁྱབ་བཀོད་ནང་བཅུག་སྟེ་གྲོང་གསེབ་ཀྱི་ཡུལ་སྐོར་འགྲོ་ལམ་དང་། འཁོར་རིགས་འཇོག་ས། འཕྲིན་གཏོང་དྲ་རྒྱ། ཆུ་མཁོ་འདོན(ཆུ་འགྲོ) སྔོ་ལྗང་ཅན་བཅས་དང་། དེ་བཞིན་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་གཞན་དག་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། འགྲིམ་འགྲུལ་དང་གཟིགས་སྐོར་མཚོན་རྟགས་འཐུས་ཚང་དུ་བཏང་སྟེ་གྲོང་གསེབ་ཀྱི་ཡུལ་སྐོར་ཐད་ལ་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

རྫོང(ཆུད)དང་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་དང་དེ་བཞིན་གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་གྲོང་གསེབ་ཡུལ་སྐོར་གྱི་སྤྱི་པའི་གསང་སྤྱོད་དང་། གད་སྙིགས་བསྡུ་རུབ་བླུག་སྣོད། གད་སྙིགས་གཅིག་སྡུད་གཙང་སེལ་བཟོ་སའི་ཁོར་ཡུག་འཕྲོད་བསྟེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ཁོར་ཡུག་དང་འཕྲོད་བསྟེན་ལེགས་སུ་གཏོང་དགོས། 

དོན་ཚན་ཉེར་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྗོངས་ཡོངས་ཁྱོན་གྱི་ཡུལ་སྐོར་གྱི་མཚན་སྙན་ཁྱབ་གདལ་གཏོང་བའི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྒྲིག་འཛུགས་བྱེད་རྒྱུ་དང་། ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ་དང་ཡུལ་སྐོར་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་ཆེ་གྲས་རིགས་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞང་ཀང་། ཨའོ་མོན། ཐའེ་ཝེན་བཅས་ས་ཁུལ་དང་རྒྱལ་སྤྱིའི་དབར་ཡུལ་སྐོར་སྤེལ་རེས་མཉམ་ལས་བྱེད་རྒྱུ།

ས་གནས(གྲོང་ཁྱེར)དང་རྫོང་(ཆུད)མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ཡུལ་སྐོར་ཐོན་ཁུངས་དང་ཟུང་འབྲེལ་བྱས་ནས་ཡུལ་སྐོར་གྱི་ཚོང་གཉེར་བྱེད་སྟངས་གསར་གཏོད་བྱེད་རྒྱུ་དང་། ཡུལ་སྐོར་གྱི་མཚན་སྙན་ཁྱབ་གདལ་གཏོང་རྒྱུ་སྒྲིག་འཛུགས་བྱེད་རྒྱུ། འབྲེལ་ཡོད་སྡེ་ཚན་གཞན་དག་གིས་ངེས་པར་དུ་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་ལ་གཞོགས་སྐྱོར་བྱས་ནས་ས་གནས་དེ་གའི་ཡུལ་སྐོར་གྱི་མཚན་སྙན་ཁྱབ་གདལ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས།

དོན་ཚན་ཉེར་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཡུལ་སྐོར་ཐོན་ཁུངས་ཀྱི་ཆ་འཕྲིན་ཐོ་མཛོད་བཟོ་རྒྱུ་དང་ཡུལ་སྐོར་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་པའི་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱས་ཐོག སྤྱི་པའི་འགྲིམ་འགྲུལ་ལྟེ་གནས་དང་། ཡུལ་སྐོར་འདུ་འགྲེམས་བྱེད་གནས། Aརིམ་ཡུལ་སྐོར་གནས་ལྗོངས་ཁུལ(གནས) འཁོར་ཁྲིད་ཡུལ་སྐོར་རྟེན་གཞི་སོགས་སུ་སྤྱི་ཕན་རང་བཞིན་གྱི་ཡུལ་སྐོར་འདྲི་རྩད་ཞབས་ཞུ་ལྟེ་གནས་བཙུགས་ནས་འབྲེལ་ཡོད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་འགྲེམས་བསྒྲགས་བྱེད་དགོས།

དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་Aརིམ་ཡུལ་སྐོར་གནས་ལྗོངས་ཁུལ(གནས)དུ་ཚོང་ཟོག་ཉོ་སྒྲུབ་དང་། འཕྲིན་གཏོང་། སྦྲག་ལས། དངུལ་གཏོང་སྤྲོད། གསོ་རླུང་མཁོ་འདོན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སྒྲིག་བཀོད་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་Aརིམ་ཡུལ་སྐོར་གནས་ལྗོངས་ཁུལ(གནས)ཕུད་པའི་ཡུལ་སྐོར་གནས་ལྗོངས་ཁུལ(གནས)དུ་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་དགོས།

དོན་ཚན་ཉེར་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུལ་སྐོར་གོང་འཕེལ་གྱི་འཆར་འགོད་གཞིར་བཟུང་། ཡུལ་སྐོར་གནས་ལྗོངས་ཁུལ(གནས)གྱི་འགྲིམ་འགྲུལ་རྒྱ་ལམ་དང་། འཁོར་རིགས་འཇོག་ས། ལྗོངས་གཟིགས་སྒང་སོགས་ཡུལ་སྐོར་གྱི་ཞབས་ཞུའི་ཚང་སྒྲིག་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་གཅིག་གྱུར་འཆར་འགོད་བྱེད་དགོས། གྲོང་ཁྱེར་གྱི་རྒྱ་ལམ་དང་། སྤྱི་པའི་འགྲིམ་འགྲུལ་ལྟེ་གནས། དེ་བཞིན་ཡུལ་སྐོར་འགྲོ་ལམ་བཅས་སུ་ཚད་ལྡན་ཅན་གྱི་ཡུལ་སྐོར་འགྲིམ་འགྲུལ་མཚོན་རྟགས་དང་གནས་ལྗོངས་ཁུལ(གནས)གྱི་ལམ་སྟོན་གསལ་རྟགས་འཛུགས་དགོས།

དོན་ཚན་ཉེར་བདུན་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ལྕགས་ལམ་དང་མཁའ་འགྲུལ་སོགས་སྐྱེལ་འདྲེན་སྡེ་ཚན་གྱི་ལས་དོན་ལ་མཐུན་སྦྱོར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྐྱེལ་འདྲེན་བྱེད་ནུས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་རྒྱུ་ཕན་ཚུན་འཚམ་མཐུན་ཐུབ་པ་བྱེད་དགོས། ལྕགས་ལམ་དང་། དམངས་སྤྱོད་མཁའ་འགྲུལ། གཞུང་ལམ་སོགས་སྐྱེལ་འདྲེན་སྡེ་ཚན་གྱིས་ངེས་པར་དུ་རང་སྐྱོང་ལྗོངས་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་ཕྱོགས་ཀྱི་དགོས་མཁོར་གཞིགས་ནས་སྐྱེལ་འདྲེན་བྱེད་ནུས་དང་ཞབས་ཞུའི་དྲ་ཚུགས་བཀོད་སྒྲིག་ལུགས་མཐུན་བྱས་ཐོག ཡུལ་སྐོར་གཉེར་སྐྱོང་པ་དང་ཡུལ་སྐོར་བར་སྟབས་བདེ་ལ་མྱུར་བ་དང་། སྤུས་ཀ་ལེགས་པའི་ཞབས་ཞུ་སྒྲུབ་དགོས།

དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུལ་སྐོར་གྱི་མི་རྒྱུན་ཐོན་ཁུངས་གསར་སྤེལ་གྱི་འཆར་འགོད་བཟོ་རྒྱུ་དང་གཟིགས་སྐྱོང་སྲིད་ཇུས་བཟོས་ནས་ཡུལ་སྐོར་ཐད་ཀྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་དང་སྐོང་འགུགས་བྱས་ཏེ་ཡུལ་སྐོར་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་འགྲོ་ཐུབ་པ་བྱེད་དགོས།

ལེའུ་བཞི་པ། སྲུང་སྐྱོབ་དང་གསར་སྤེལ།

རང་སྐྱོང་ལྗོངས་ནས་ཡུལ་སྐོར་ཆེད་ལས་ཀྱི་སློབ་ཐོན་སློབ་མས་ཡུལ་སྐོར་གྱི་ལས་ཀ་བྱེད་རྒྱུར་སྐུལ་མ་གཏོང་རྒྱུ། ཡུལ་སྐོར་ཁེ་ལས་ཀྱིས་ངེས་པར་དུ་ཡུལ་སྐོར་ཆེད་ལས་ཀྱི་ཤེས་ལྡན་པ་བསྡུ་འགུགས་ཧུར་ཐག་བྱེད་དགོས།

དོན་ཚན་ཉེར་དགུ་པ། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་པར་ངེས་པར་དུ་ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་འཚམ་མཐུན་ཡོང་བ་བྱས་ཏེ་སྲུང་སྐྱོབ་སྔོན་དུ་བྱེད་པ་དང་སྲུང་སྐྱོབ་དང་གསར་སྤེལ་གལ་ཆེ་མཉམ་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་དང་། རྒྱུན་སྲིང་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བྱེད་པར་ངེས་པར་དུ་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་བཟོ་དགོས་པ་མ་ཟད། ཁྲིམས་བཞིན་ཁོར་ཡུག་ལ་གནོད་གཞི་ཇི་ཡོང་ཞིབ་དཔྱད་ཀྱང་བྱེད་དགོས།

དོན་ཚན་སུམ་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཡུལ་སྐོར་ཐོན་ཁུངས་ལ་ཡོངས་བཤེར་དང་། ཐོ་འགོད། ཚོད་སྐོར་བཅས་བྱེད་དགོས། ཡུལ་སྐོར་ཐོན་ཁུངས་ཀྱི་ཡིག་ཚགས་བཟོས་ནས་ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོབ་དང་གསར་སྤེལ་བྱེད་རྒྱུར་མཛུབ་ཁྲིད་བྱེད་དགོས།

སྲིད་འཛིན་ས་ཁོངས་ལས་བརྒལ་བའི་ཡུལ་སྐོར་གྱི་ཐོན་ཁུངས་གསར་སྤེལ་བྱེད་པར་དེའི་ཐུན་མོང་གི་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ནས་མཐུན་སྦྱོར་བྱེད་རྒྱུ།

དོན་ཚན་སོ་གཅིག་པ། རང་བྱུང་ཐོན་ཁུངས་གཙོ་བོར་བྱས་པའི་ཡུལ་སྐོར་གནས་ལྗོངས་ཁུལ(གནས)

གསར་སྤེལ་གཉེར་སྐྱོང་བྱེད་དགོས་ཚེ་ངེས་པར་དུ་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དེའི་རང་བྱུང་གི་རྣམ་པ་རང་སོར་གནས་ཐུབ་པ་དང་རང་བྱུང་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་གཏོང་ཐུབ་རྒྱུ་འགན་སྲུང་བྱེད་དགོས།

རིག་སྐྲུན་ཐོན་ཁུངས་གཙོ་བོར་བྱས་པའི་ཡུལ་སྐོར་གནས་ལྗོངས་ཁུལ(གནས)གསར་སྤེལ་གཉེར་སྐྱོང་བྱེད་དགོས་ཚེ་ངེས་པར་དུ་དེའི་ས་གནས་ཀྱི་ཁྱད་ཆོས་དང་ལོ་རྒྱུས་རིག་གནས་ཀྱི་རྣམ་པ་རང་སོར་གནས་ཐུབ་པ་བྱེད་དགོས།

གཙོ་གནད་ཡུལ་སྐོར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་གསར་པ་འཆར་འགོད་དང་ཁུལ་རྙིང་པ་བསྒྱུར་བཀོད་བྱེད་སྐབས་དེའི་ཨར་སྐྲུན་གྱི་གཞི་ཁྱོན་དང་རྣམ་པ་དེ་ངེས་པར་དུ་ས་གནས་དེ་གའི་ཁྱད་ཆོས་དང་། ལོ་རྒྱུས་ཀྱི་ཉམས་འགྱུར། དེ་བཞིན་མཐའ་འཁོར་གྱི་ཡུལ་ལྗོངས་བཅས་དང་ཕན་ཚུན་ཆ་མཚུངས་པོ་ཡོང་བ་བྱེད་དགོས།

དོན་ཚན་སོ་གཉིས་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་གལ་ཆེའི་ལོ་རྒྱུས་དང་། རིག་གནས། འབྱུང་ཁམས་བཅས་ཀྱི་རིན་ཐང་ལྡན་པའི་ཡུལ་སྐོར་གྱི་གནས་ལྗོངས་ཁུལ(གནས)ལ་ཚན་རིག་དང་མཐུན་པའི་དོ་དམ་བྱས་ཏེ་ཡུལ་སྐོར་བའི་གྲངས་ཚད་ལ་ཚོད་འཛིན་བྱེད་དགོས་པ་དང་འབྲེལ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།

ཡུལ་སྐོར་གཉེར་སྐྱོང་པས་ངེས་པར་དུ་ཡུལ་སྐོར་གནས་ལྗོངས་ཁུལ(གནས)གྱི་ཁོར་ཡུག་གི་བབ་ལ་གཞིགས་ཏེ་ཡུལ་སྐོར་བའི་གྲངས་ཚད་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པ་དང་། གཙོ་གནད་གནས་ལྗོངས་ཁུལ་གྱི་ཉིན་རེའི་ཡུལ་སྐོར་བའི་ཚད་གཞི་དེ་གསལ་བསྒྲགས་བྱེད་དགོས།

དོན་ཚན་སོ་གསུམ་པ། ཚན་པ་གང་ཞིག་དང་མི་སུ་འདྲ་ཞིག་ཡིན་རུང་ཚང་མར་ཡུལ་སྐོར་ཐོན་ཁུངས་དང་སྒྲིག་བཀོད་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་པ་དང་། ཡུལ་སྐོར་གནས་ལྗོངས་ཁུལ(གནས)གྱི་འཆར་འགོད་ཁྱབ་ཁོངས་ནང་དུ་གཏེར་ཁ་འདོན་པ་དང་། བྱེ་མ་སྔོག་པ། ས་ལེན་པ། ཤིང་གཅོད་པ། བཙོག་དངོས་བཤངས་འབུད་བྱེད་པ་སོགས་ཡུལ་སྐོར་ཁོར་ཡུག་ལ་གནོད་སྐྱོན་གཏོང་བ་དང་། ཡུལ་སྐོར་ཐོན་ཁུངས་དང་སྤྱི་པའི་སྒྲིག་བཀོད་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་རིགས་སྤེལ་མི་ཆོག

ལེའུ་ལྔ་པ། གཉེར་སྐྱོང་དང་ཚད་ལྡན།

དོན་ཚན་སོ་བཞི་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཟུར་དུ་གཏན་འབེབས་བྱས་ཡོད་པ་ཕུད། གཞུང་ཁོངས་ཡུལ་སྐོར་ཐོན་ཁུངས་ཀྱི་བདག་དབང་དང་གཉེར་སྐྱོང་དབང་ཆ་ལོགས་སུ་དབྱེ་ཆོག རིག་གནས་ཤུལ་དངོས་དང་རིག་དངོས་སྲུང་སྐྱོབ་ཚན་པས་འགན་གཙང་གཉེར་སྐྱོང་བྱེད་པ་དང་ནང་བཤུག་གཏོང་བའི་རིགས་བྱེད་མི་ཆོག གཞུང་ཁོངས་ཡུལ་སྐོར་ཐོན་ཁུངས་ཀྱི་གཉེར་སྐྱོང་དབང་ཆ་ཚོང་བཤུག་དང་ནང་བཤུག་གཏོང་དགོས་ཚེ་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་ལ་ཆོག་མཆན་ཞུས་རྗེས་ཡོངས་བསྒྲགས་དང་། འདྲ་མཉམ། དྲང་གཞག་བཅས་ཀྱི་རྩ་དོན་གཞིར་བཟུང་། ཧབ་འཚོང་སྐུལ་བ་དང་འོས་སྐུལ་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་བྱེད་དགོས།

དོན་ཚན་སོ་ལྔ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་གཞུང་ཁོངས་ཡུལ་སྐོར་ཐོན་ཁུངས་ཀྱི་གཉེར་སྐྱོང་དབང་ཆ་ཐོབ་པའི་གཉེར་སྐྱོང་པས་ངེས་པར་དུ་གཞུང་ཁོངས་ཡུལ་སྐོར་ཐོན་ཁུངས་ཡོད་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་ཡིག་ཐོག་གི་གན་རྒྱ་འཇོག་དགོས་པ་མ་ཟད། མ་འཇོག་གི་གཞི་ཁྱོན་དང་། མ་འཇོག་གི་དུས་ཚད། འཛུགས་སྐྲུན་གྱི་ཚད་གཞི། གསར་སྤེལ་གྱི་མྱུར་ཚད། གཉེར་སྐྱོང་གི་དུས་ཚད། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་ཐབས་སོགས་ཀྱི་གཙོ་བོའི་ནང་དོན་ཁ་གསལ་འགོད་དགོས།

དོན་ཚན་སོ་དྲུག་པ། གཞུང་ཁོངས་ཡུལ་སྐོར་ཐོན་ཁུངས་ཀྱི་གཉེར་སྐྱོང་དབང་ཆ་ཐོབ་པའི་གཉེར་སྐྱོང་པས་ངེས་པར་དུ་འཆར་འགོད་དང་གན་རྒྱར་གཞིགས་ཏེ་གསར་སྤེལ་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་བྱས་ཏེ་གཞུང་ཁོངས་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཐང་འགན་ལེན་དང་གནས་ཐང་འཕར་ཐུབ་པ་བྱེད་དགོས་པ་ལས། རྒྱལ་ཁབ་དང་མཉམ་སྡེབ་བམ་ཡང་ན་མི་སྒེར་གྱི་ཁེ་ཕན་ལ་གནོད་འཚེ་གཏོང་མི་ཆོག

གཞུང་ཁོངས་ཡུལ་སྐོར་ཐོན་ཁུངས་ཀྱི་གཉེར་སྐྱོང་དབང་ཆ་རག་མཁན་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཀྱི་ཡོད་པས། ཚན་པ་གང་ཞིག་དང་མི་སུ་འདྲ་ཞིག་ཡིན་རུང་དེའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག

དོན་ཚན་སོ་བདུན་པ། ཚན་པ་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་གཞུང་ལམ་རྒྱུད་དུ་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིགས་འཚོང་ས་འཛུགས་མི་ཆོག

འཁོར་འཁྲིད་སྒར་ས་དང་། ཁང་འཁོར་སྒར་ས། མཐོངས་ཡངས་སྒར་ས་བཅས་ངེས་པར་དུ་འཆར་འགོད་བྱེད་པའི་ས་ཁོངས་སུ་རྒྱག་པའམ་འཛུགས་དགོས།

དོན་ཚན་སོ་བརྒྱད་པ། ཁྲིམས་ཚན་དང་། རྩ་འཛུགས་གཞན་དག་དང་མི་སྒེར་གྱིས་བོགས་མ་གཏོང་ལེན་དང་། འགན་གཙང་སྤྲོད་པ། འགྲན་རྩོད་ཀྱིས་ཉོ་སྒྲུབ་བྱེད་པ། དེ་བཞིན་ཁྲིམས་གཏན་འཁེལ་བའི་རྣམ་པ་གཞན་དག་བཅས་ཀྱི་ཐོག་ནས་གཞུང་ཁོངས་ཡུལ་སྐོར་ཐོན་ཁུངས་ཀྱི་གཉེར་སྐྱོང་དབང་ཆ་ཁྲིམས་བཞིན་ཐོབ་པ་བྱེད་དགོས། གཞུང་ཁོངས་ཡུལ་སྐོར་ཐོན་ཁུངས་ཀྱི་གཉེར་སྐྱོང་དབང་ཆ་ཐོབ་པའི་ཁྲིམས་ཚན་དང་། རྩ་འཛུགས་གཞན་དག མི་སྒེར་བཅས་ཀྱིས་ངེས་པར་དུ་འབྲེལ་ཡོད་འགྲོ་ལུགས་གཉེར་དགོས།

དོན་ཚན་སོ་དགུ་པ། ཡུལ་སྐོར་ཐོན་ཁུངས་ཀྱི་གཉེར་སྐྱོང་དབང་ཆ་ཐོབ་པའི་ཁྲིམས་ཚན་དང་། རྩ་འཛུགས་གཞན་དག མི་སྒེར་བཅས་ལ་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་ནས་ལྟ་སྐུལ་དོ་དམ་བྱེད་རྒྱུ།

དོན་ཚན་བཞི་བཅུ་པ། ཡུལ་སྐོར་ལས་གཉེར་ཁང་འཛུགས་དགོས་ཚེ། ངེས་པར་དུ་ཁྲིམས་བཞིན་བཟོ་ཚོང་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་དགོས་པ་མ་ཟད། ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་ཡང་ཐོབ་པ་བྱེད་དགོས།

ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཡུལ་སྐོར་ལས་གཉེར་ཁང་ལ་དཔྱད་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ནས་དཔྱད་ཞིབ་ཀྱི་རིམ་དཔྱད་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

དོན་ཚན་ཞེ་གཅིག་པ། ཡུལ་སྐོར་གཉེར་སྐྱོང་པས་ངེས་པར་དུ་ཞབས་ཞུའི་རྣམ་གྲངས་དང་གླ་རིན་བསྡུ་བའི་ཚད་གཞི་གསལ་བསྒྲགས་བྱེད་དགོས་ཤིང་། ཡུལ་སྐོར་ཞབས་ཞུའི་ཆ་འཕྲིན་ཇི་མ་ཇི་བཞིན་དང་གནད་ལ་འཕིགས་པའི་མཁོ་འདོན་བྱེད་དགོས་པ་དང་། གན་རྒྱའི་ནང་ཁ་ཆད་བྱས་པ་དང་ཐོབ་པའི་འབྲེལ་ཡོད་སྤུས་ཚད་དང་རིམ་པ་ལྟར་ཞབས་ཞུ་སྒྲུབ་དགོས།

ཡུལ་སྐོར་གཉེར་སྐྱོང་པས་ངེས་པར་དུ་ཚོང་སྒྱུར་བྱེད་པའི་ཚོང་ཟོག་ལ་གོང་ཚད་གསལ་པོ་འབྲི་དགོས་ཁར། ཚོང་ཟོག་གི་མིང་དང་། ཐོན་ཡུལ། ཚད་གཞི། རིམ་པ། དེ་བཞིན་རིན་གོང་རྩིས་གཞི་སོགས་གསལ་པོ་འགོད་དགོས།

དོན་ཚན་ཞེ་གཉིས་པ། ཡུལ་སྐོར་གཉེར་སྐྱོང་པས་ཉེན་ཆེའི་ཆེད་དམིགས་ཡུལ་སྐོར་རྣམ་གྲངས་གཉེར་སྐྱོང་བྱེད་སྐབས། ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཉེར་སྐྱོང་ཆོག་འཐུས་ཐོབ་པ་བྱེད་དགོས།

དོན་ཚན་ཞེ་གསུམ་པ། ཡུལ་སྐོར་ལས་གཉེར་ཁང་གིས་ཚོགས་པ་གཞན་སྒྱུར་རམ་ཡང་ན་ཚོགས་པ་གཞན་སྒྱུར་གྱི་མངག་བཅོལ་བྱེད་དགོས་ཚེ་ཞབས་ཞུའི་ནང་དོན་དང་ཚད་གཞི་དེ་སྔར་གྱི་གན་རྒྱའི་ནང་ཁ་ཆད་བྱས་པའི་ནང་དོན་དང་ཚད་གཞི་ལས་དམའ་མི་རུང་། ཚོགས་པ་ཟླ་སྒྲིལ་གཏོང་དགོས་ཚེ་སྤྲོ་གསེང་ལྟ་སྐོར་བྱེད་ཡུལ་མི་འདྲ་བ་དང་ཞབས་ཞུའི་ཚད་གཞི་མི་འདྲ་བའི་ཡུལ་སྐོར་བ་ཚོགས་པ་གཅིག་ཏུ་ཟླ་སྒྲིལ་བཏང་ནས་སྣེ་ལེན་ཞུ་མི་ཆོག

དོན་ཚན་ཞེ་བཞི་པ། ཡུལ་སྐོར་ལས་གཉེར་ཁང་གིས་ངེས་པར་དུ་ཡུལ་སྐོར་ལས་གཉེར་ཁང་གི་འགན་འཁྲིའི་འགན་བཅོལ་གྱི་འགྲོ་ལུགས་གཉེར་དགོས། ཡུལ་སྐོར་ལས་གཉེར་ཁང་གིས་ངེས་པར་དུ་རང་གིས་སྣེ་ལེན་ཞུ་རྒྱུའི་ཡུལ་སྐོར་བ་དང་ཡིག་ཐོག་ནས་ཡུལ་སྐོར་གན་རྒྱ་བཞག་སྟེ་ཕྱོགས་གཉིས་ཀའི་ཁེ་དབང་དང་འོས་འགན་ཁ་གསལ་བཟོ་དགོས།

ཡུལ་སྐོར་གན་རྒྱའི་ཚད་ལྡན་མ་དེབ་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་ནས་བཟོ་རྒྱུ།

དོན་ཚན་ཞེ་ལྔ་པ། ཡུལ་སྐོར་གཉེར་སྐྱོང་པས་ངེས་པར་དུ་འབྲེལ་ཡོད་ཀྱི་གཏན་འབེབས་གཞིར་བཟུང་། བདེ་འཇགས་དོ་དམ་གྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་། ཆེད་མངགས་ཀྱི་བདེ་འཇགས་དོ་དམ་པ་བསྐོ་བ། བདེ་འཇགས་ཀྱི་སྒྲིག་ཆས་དང་སྒྲིག་བཀོད་སྒྲིག་སྦྱོར་བྱེད་པ་བཅས་བྱས་ཏེ་སྒྲིག་ཆས་དང་སྒྲིག་བཀོད་རྒྱུན་ལྡན་ལྟར་འཁོར་སྐྱོད་དང་བེད་སྤྱོད་ཐུབ་པ་བྱེད་དགོས་ཤིང་། ཡུལ་སྐོར་གཉེར་སྐྱོང་པས་ངེས་པར་དུ་ཡུལ་སྐོར་གྱི་གློ་བུར་དོན་རྐྱེན་ལ་འཕྲལ་སྡོམ་ཐག་གཅོད་དང་རོགས་སྐྱོབ་བྱེད་པའི་སྔོན་ཇུས་བཟོ་བ་དང་སྦྲགས་དུས་བཀག་ཐོག་ནང་སྦྱོང་བྱེད་དུ་འཇུག་དགོས།

དོན་ཚན་ཞེ་དྲུག་པ། ཡུལ་སྐོར་གཉེར་སྐྱོང་པས་ངེས་པར་དུ་སྣེ་ལེན་ཞུ་བའི་ཡུལ་སྐོར་བར་ས་མཐོའི་ཡུལ་སྐོར་བདེ་འཇགས་ཐད་ཀྱི་ཤེས་བྱ་ཤོད་དགོས་པ་དང་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་རོགས་བྱེད་དགོས།

དོན་ཚན་ཞེ་བདུན་པ། ཡུལ་སྐོར་གཉེར་སྐྱོང་པས་ཡུལ་སྐོར་བྱེད་སྒོ་སྤེལ་བའི་ཁྲོད་ཡུལ་སྐོར་བའི་མི་ལུས་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁའི་གནས་ཚུལ་ཡོང་བཟོ་ཡོད་རིགས་ངེས་པར་དུ་སྔོན་ཚུད་ནས་ཡུལ་སྐོར་བར་ཤོད་དགོས། 

ཡུལ་སྐོར་གྱི་བདེ་འཇགས་ལས་འཛོལ་ཐོན་ཚེ་ཡུལ་སྐོར་གཉེར་སྐྱོང་པ་དང་ལས་ཀ་བྱེད་མཁན་གྱིས་ངེས་པར་དུ་བྱ་ཐབས་སྤེལ་ཏེ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པ་མ་ཟད། རང་གནས་སའི་མི་དམངས་སྲིད་གཞུང་དང་དེའི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཞུ་དགོས།

དོན་ཚན་ཞེ་བརྒྱད་པ། ཡུལ་སྐོར་གཉེར་སྐྱོང་པ་དང་དེའི་ལས་ཀ་བྱེད་མཁན་ལ་གཤམ་གསལ་གྱི་བྱེད་སྤྱོད་ཡོད་མི་ཆོག་པ་སྟེ།

(གཅིག)མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་འགལ་བའི་རིགས།

(གཉིས)ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་དང་། རིག་གནས་སྲོལ་རྒྱུན། ཆོས་ལུགས་དད་མོས་བཅས་ལ་གནོད་འཚེ་གཏོང་བའི་རིགས།

(གསུམ)ཡུལ་སྐོར་བར་འཇམ་ཁྲིད་དང་། མགོ་སྐོར། བཙན་ཤེད་བཅས་བྱས་ཏེ་ཚོང་ཟོག་ཉོ་རུ་འཇུག་པའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་དུ་འཇུག་པའི་རིགས།

(བཞི)ཡུལ་སྐོར་བའི་ས་ནས་གན་རྒྱའི་ནང་ཁ་ཆད་བྱས་པ་ཕུད་པའི་གླ་རིན་ལེན་པའི་རིགས། (ལྔ)ཡུལ་སྐོར་ཐད་ཀྱི་ཆ་འཕྲིན་རྫུན་མ་བཟོ་བ་དང་། འགྲེམས་བསྒྲགས་བྱེད་པ། དེ་བཞིན་ཞབས་ཞུ་སྒྲུབ་ཁོངས་དང་། ནང་དོན། ཚད་གཞི་སོགས་དྲིལ་བསྒྲགས་རྫུས་མ་བྱེད་པའི་རིགས།

(དྲུག)ཡུལ་སྐོར་གྱི་གན་རྒྱ་རང་འཚམ་གྱིས་འགྱུར་བ་གཏོང་བ་དང་། ཡུལ་སྐོར་རྣམ་གྲངས་གསབ་སྣོན་དང་ཉུང་དུ་གཏོང་བའམ་ཡང་ན་ཞབས་ཞུ་སྒྲུབ་མཚམས་འཇོག་པའི་རིགས།

(བདུན)སྤུས་ཚད་དང་རིན་གོང་ག་མི་མཚུངས་པའི་ཞབས་ཞུ་སྒྲུབ་པའི་རིགས།

(བརྒྱད)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱེད་སྤྱོད་གཞན་དག་ཡོད་རིགས་བཅས་སོ།

དོན་ཚན་ཞེ་དགུ་པ། ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་དང་། ཡུལ་སྐོར་སྣེ་ཤན་ལས་རིགས་རྩ་འཛུགས། ཡུལ་སྐོར་ལས་གཉེར་ཁང་བཅས་ཀྱིས《ཡུལ་སྐོར་སྣེ་ཤན་པའི་དོ་དམ་སྲོལ་ཡིག》གཞིར་བཟུང་ཡུལ་སྐོར་སྣེ་ཤན་པར་དོ་དམ་བྱེད་དགོས་པ་དང་། ཡུལ་སྐོར་སྣེ་ཤན་པར་དཔྱད་ཞིབ་དོ་དམ་བྱེད་པའི་བྱ་ཐབས་དང་རིམ་པར་ཞིབ་དཔྱད་གཏན་འཁེལ་བྱེད་པའི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། ཡུལ་སྐོར་སྣེ་ཤན་ལས་རིགས་རྩ་འཛུགས་དང་ཡུལ་སྐོར་ལས་གཉེར་ཁང་གིས་མངག་གཏོང་བྱས་པའི་ཡུལ་སྐོར་སྣེ་ཤན་པའི་ལས་རིགས་ཀྱི་བྱེད་སྤྱོད་ལ་འགན་འཁུར་རྒྱུ།

ཡུལ་སྐོར་སྣེ་ཤན་པས་སྣེ་ཤན་བྱེད་སྐབས། ངེས་པར་དུ་ཡུལ་སྐོར་སྣེ་ཤན་ལས་རིགས་རྩ་འཛུགས་སམ་ཡང་ན་ཡུལ་སྐོར་ལས་གཉེར་ཁང་གིས་མངག་གཏོང་བྱེད་དགོས་པ་ལས། ཡུལ་སྐོར་སྣེ་ཤན་པས་རང་འཚམ་གྱིས་ཡུལ་སྐོར་སྣེ་ཤན་གྱི་ལས་སྒོ་སྒྲུབ་འགན་འཁུར་མི་ཆོག་པ་དང་ཡུལ་སྐོར་སྣེ་ཤན་གྱི་བྱེད་སྒོ་སྤེལ་མི་ཆོག ཡུལ་སྐོར་སྣེ་ཤན་པ་ལས་གནས་ཐོག་ཞུགས་སྐབས། ངེས་པར་དུ་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་འདོགས་དགོས་པ་དང་། མངག་གཏོང་བྱེད་མཁན་ཡུལ་སྐོར་ལས་གཉེར་ཁང་གི་ཚོགས་པའི་འགྲོ་སྐྱོད་ལམ་ཐག་གི་གསལ་ཐོ་ཁྱེར་དགོས། གནས་སྐབས་གདན་ཞུས་བྱས་པའི་ཡུལ་སྐོར་སྣེ་ཤན་པས་ངེས་པར་དུ་མངག་གཏོང་ཡིག་བྱང་ཁྱེར་དགོས།

དོན་ཚན་ལྔ་བཅུ་པ། Aརིམ་གནས་ལྗོངས་ཁུལ(གནས)ལ་ངེས་པར་དུ་ཆེད་མངགས་གནས་བཤད་རྒྱག་མཁན་བཀོད་སྒྲིག་བྱས་ཏེ་ཡུལ་སྐོར་བར་གནས་བཤད་ཀྱི་ཞབས་ཞུ་སྒྲུབ་དགོས། ས་གནས(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཆེད་མངགས་གནས་བཤད་རྒྱག་མཁན་ལ་སྦྱོང་བརྡར་སྤྲས་རྗེས། གནས་ལྗོངས་ཁུལ(གནས)དེ་གའི་ནང་གནས་བཤད་རྒྱག་ཆོག

དོན་ཚན་ང་གཅིག་པ། ཡུལ་སྐོར་སྣེ་ཤན་པ་དང་ཆེད་མངགས་གནས་བཤད་རྒྱག་མཁན་གྱིས་གནས་བཤད་རྒྱག་སྐབས་ངེས་པར་དུ་ལོ་རྒྱུས་དང་དོན་དངོས་ལ་བརྩི་སྲུང་ཞུས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ངེས་པར་དུ་ལས་རིགས་ཀྱི་ཀུན་སྤྱོད་ལ་བརྩི་སྲུང་ཞུས་ཏེ་སྤྱོད་ཚུལ་ཡ་རབས་ལྡན་པ་དང་སྐད་ཆ་ཚད་ལྡན་བཤད་དགོས།

དོན་ཚན་ང་གཉིས་པ། ཡུལ་སྐོར་ལས་གཉེར་ཁང་གིས་ངེས་པར་དུ་རང་གིས་གདན་ཞུ་བྱས་པའི་ཡུལ་སྐོར་སྣེ་ཤན་པ་དང་ཁྲིམས་བཞིན་ངལ་རྩོལ་གན་རྒྱ་བཞག་སྟེ་ངལ་རྩོལ་གྱི་ཐོབ་ཆ་སྤྲོད་པ་དང་སྤྱི་ཚོགས་འགན་བཅོལ་གྱི་གླ་རིན་འཇལ་དགོས། ཡུལ་སྐོར་ལས་གཉེར་ཁང་གིས་ཡུལ་སྐོར་སྣེ་ཤན་པར་མངག་བཅོལ་བྱས་ཏེ་གནས་སྐབས་རིང་ཚོགས་པ་འཁྲིད་དུ་འཇུག་སྐབས་ངེས་པར་དུ་ཡུལ་སྐོར་སྣེ་ཤན་པར་ད་ཐེངས་ཚོགས་འཁྲིད་ལས་འགན་བསྒྲུབས་པའི་སྣེ་ཤན་པའི་ཞབས་ཞུའི་གྲོན་དངུལ་གྲངས་ཚང་གཏོང་སྤྲོད་བྱེད་དགོས།

ཡུལ་སྐོར་ལས་གཉེར་ཁང་གིས་སྣེ་ཤན་པའི་འོས་ཐོབ་རག་མེད་པའི་མི་སྣ་གདན་ཞུས་བཀོལ་སྤྱོད་ཀྱིས་ཡུལ་སྐོར་བྱེད་སྒོ་སྤེལ་དུ་འཇུག་མི་ཆོག

དོན་ཚན་ང་གསུམ་པ། ཡུལ་སྐོར་ལས་གཉེར་ཁང་དང་ཡུལ་སྐོར་བས་ངེས་པར་དུ་རྒྱ་ལམ་སྐྱེལ་འདྲེན་གྱི་གཉེར་སྐྱོང་འཁྲོལ་འཛིན་ཡོད་པའི་འཁོར་རིགས་གླས་དགོས་པ་མ་ཟད། དེ་དང་ཡིག་ཐོག་གི་གན་རྒྱ་འཇོག་དགོས། གན་རྒྱའི་ནང་ངེས་པར་དུ་སྐྱེལ་འདྲེན་ཐད་ཀྱི་བདེ་འཇགས་དང་། སྐྱེལ་འདྲེན་གྱི་ཡོ་བྱད། སྐྱེལ་འདྲེན་གྱི་འགྲོ་ལམ། སྐྱེལ་འདྲེན་གྱི་དུས་ཚོད། སྐྱེལ་འདྲེན་གྱི་གླ་རིན། དེ་བཞིན་གན་དོན་ལས་འགལ་བའི་འགན་འཁྲི་སོགས་ཀྱི་ནང་དོན་གཏན་འབེབས་ཁ་གསལ་བཟོ་དགོས།

དོན་ཚན་ང་བཞི་པ། ཡུལ་སྐོར་གསོལ་མགྲོན་ཁང་(མགྲོན་ཁང་)དང་། ཁྱིམ་ཚང་འགྲུལ་ཁང་། ཡུལ་སྐོར་གནས་ལྗོངས་ཁུལ(གནས)བཅས་ཀྱིས་ངེས་པར་དུ་གཏན་འབེབས་བྱས་པའི་ཞབས་ཞུའི་ཚད་གཞི་གཞིར་བཟུང་ཞབས་ཞུ་སྒྲུབ་དགོས། དེ་མཚུངས་རིམ་པའི་ཞིབ་དཔྱད་གཏན་འཁེལ་བྱས་མེད་པའི་རིགས་ལ་སྐར་རིམ་གྱི་རིམ་པ་དང་Aརིམ་གྱི་མཚོན་རྟགས་སྤྱོད་མི་ཆོག

དོན་ཚན་ང་ལྔ་པ། ཡུལ་སྐོར་ལས་གཉེར་ཁང་གི་མཐུན་ཚོགས་དང་། ཡུལ་སྐོར་གསོལ་མགྲོན་ཁང་གི་མཐུན་ཚོགས། ཡུལ་སྐོར་འཁོར་གྲུའི་མཐུན་ཚོགས། ཡུལ་སྐོར་སྣེ་ཤན་པའི་མཐུན་ཚོགས་སོགས་ཡུལ་སྐོར་ལས་རིགས་མཐུན་ཚོགས་ཀྱིས་ངེས་པར་དུ་ལས་རིགས་ཀྱི་རང་གཅུན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ལས་རིགས་ཀྱི་བྱེད་སྤྱོད་ཚད་ལྡན་བཟོ་རྒྱུ་དང་། ལས་རིགས་ཀྱི་རིན་གོང་དམའ་ཤོས་བཟོ་བའི་བྱ་ཐབས་སྤྱད་ཐོག ལས་གཉེར་པས་རིན་གོང་ཐོབ་རྩོད་ཚད་མེད་བྱས་ཏེ་ཁྲོམ་རའི་སྒྲིག་ལམ་དཀྲུག་རིགས་སྔོན་འགོག་བྱེད་དགོས། ཡུལ་སྐོར་ལས་རིགས་མཐུན་ཚོགས་ཀྱིས་ངེས་པར་དུ་ལས་རིགས་ཀྱི་ཡིད་རྟོན་འཕེར་ཐུབ་པ་བྱེད་རྒྱུ་དང་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་ལས་རིགས་ཀྱི་ཡིད་རྟོན་ཡིག་ཚགས་བཟོ་དགོས། ཡུལ་སྐོར་ཐོན་རྫས་དང་ཞབས་ཞུའི་སྤུས་ཚད་ཀྱི་བློ་འདྲིའི་ཞབས་ཞུ་བསྒྲུབས་ནས་འབྲེལ་ཡོད་ལས་སྒོའི་སྦྱོང་བརྡར་སྤྲོས་རྒྱུ་སྒྲིག་འཛུགས་བྱེད་དགོས། སྲིད་གཞུང་གིས་ལས་རིགས་ཀྱི་སྒྲིག་ལམ་ཚད་ལྡན་བཟོ་བར་གཞོགས་སྐྱོར་བྱས་ཏེ་ཁྲོམ་རའི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།

ལེའུ་དྲུག་པ། ཞབས་ཞུ་དང་དོ་དམ།

དོན་ཚན་ང་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུལ་སྐོར་ཐོན་ལས་ཀྱི་ཕྱོགས་བསྡུས་དོ་དམ་ལམ་སྲོལ་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་ཕྱོགས་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་དགོས་པ་དང་། ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་ཕྱོགས་ཀྱི་སྲིད་ཇུས་བྱ་ཐབས་ལ་ཞིབ་འཇུག་བྱེད་དགོས་པ། ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་བའི་ཁྲོད་ཀྱི་གལ་ཆེའི་གནད་དོན་རིགས་ལ་མཛུབ་ཁྲིད་དང་མཐུན་སྦྱོར། དེ་བཞིན་ཐག་གཅོད་བཅས་བྱེད་དགོས།

ས་གནས(གྲོང་ཁྱེར)དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་རྒྱུའི་དགོས་མཁོར་གཞིགས་ནས་ཡུལ་སྐོར་ལས་ཀའི་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ་མཛུབ་ཁྲིད་དང་། མཐུན་སྦྱོར། ཞབས་ཞུ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

དོན་ཚན་ང་བདུན་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཏོགས་ཁོངས་དོ་དམ་གྱི་རྩ་དོན་གཞིར་བཟུང་། སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཡུལ་སྐོར་བདེ་འཇགས་ཀྱི་ལས་ཀའི་འགན་འཁུར་རྒྱུ་དང་། ཡུལ་སྐོར་ཐད་ཀྱི་གློ་བུར་དོན་རྐྱེན་ཐོན་རིགས་ལ་འཕྲལ་སྡོམ་རོགས་སྐྱོབ་བྱེད་པའི་མ་ལག་དང་ཡུལ་སྐོར་ཉེན་ཟོན་གྱི་བརྡ་གཏོང་ལམ་སྲོལ་འཛུགས་དགོས་ཁར། ཡུལ་སྐོར་ཐད་ཀྱི་གློ་བུར་དོན་རྐྱེན་ཐོན་རིགས་ལ་འཕྲལ་སྡོམ་བྱེད་པའི་སྔོན་ཇུས་བཟོ་རྒྱུ་དང་རང་འདོད་ཡུལ་སྐོར་གྱི་དོ་དམ་ཚད་ལྡན་བཟོས་ནས་གློ་བུར་དོན་རྐྱེན་ཐོན་རིགས་ལ་འཕྲལ་སྡོམ་རོགས་སྐྱོབ་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས།

དོན་ཚན་ང་བརྒྱད་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྗོངས་ཡོངས་སུ་གཅིག་གྱུར་ཡིན་པའི་ཡུལ་སྐོར་གཉེར་སྐྱོང་པའི་འགན་འཁྲིའི་འགན་བཅོལ་སོགས་ཉེན་ཟོན་འགན་བཅོལ་རིགས་ཚུད་པའི་ས་མཐོའི་ཡུལ་སྐོར་སྡེབ་སྒྲིག་འགན་བཅོལ་མ་ལག་བཙུགས་ཏེ་ལྗོངས་ཡོངས་སུ་ཡུལ་སྐོར་སྡེབ་སྒྲིག་འགན་བཅོལ་ལས་དོན་སྤེལ་རྒྱུར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས། ཡུལ་སྐོར་ལས་གཉེར་ཁང་དང་། ཡུལ་སྐོར་གྱི་ཞག་སྡོད་ཁེ་ལས། ཡུལ་སྐོར་རླངས་འཁོར(གྲུ་གཟིངས)སོགས་ཁེ་ལས་ཀྱིས་ངེས་པར་དུ་ཁྲིམས་ལྟར་བབ་མཚུངས་ཀྱི་འགན་འཁྲིའི་འགན་བཅོལ་ནང་ཞུགས་རྗེས་བོད་ལྗོངས་ས་མཐོའི་ཡུལ་སྐོར་སྡེབ་སྒྲིག་འགན་བཅོལ་གྱི་གཅིག་གྱུར་འགན་བཅོལ་དང་གཅིག་གྱུར་གྲབས་གསོག་ནང་ཞུགས་དགོས།

དོན་ཚན་ང་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཡུལ་སྐོར་ལས་རིགས་དང་ཡུལ་སྐོར་གྱི་ལས་ཀ་བྱེད་མཁན་ལ་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཡུལ་སྐོར་ལས་རིགས་དང་ཡུལ་སྐོར་གྱི་ལས་ཀ་བྱེད་མཁན་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། ཡུལ་སྐོར་འགྲུལ་སྐྱེལ་དང་། ཡུལ་སྐོར་གནས་ལྗོངས་ཁུལ(གནས) ཚོང་ཟོག་ཉོ་སྒྲུབ་བྱེད་ས། བཟའ་བཏུང་། ཞག་སྡོད། རོལ་རྩེད་བྱེད་གནས་སོགས་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་གཉེར་སྐྱོང་བྱེད་སྒོ་སྤེལ་བར་ངེས་པར་དུ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་དང་། སྤྱི་བདེ། འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་ཚོང་། སྤུས་ཚད་ལྟ་སྐུལ། རིན་གོང་སོགས་སྡེ་ཚན་གྱི་ལྟ་སྐུལ་དང་། དོ་དམ། མཛུབ་ཁྲིད་བཅས་དང་ལེན་ཞུ་དགོས།

དོན་ཚན་དྲུག་ཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རྒྱལ་ཁབ་བམ་ཡང་ན་ལས་རིགས་ཀྱི་འཛུགས་སྐྲུན་དང་ཞབས་ཞུའི་ཚད་གཞི་ལག་བསྟར་བྱེད་དགོས། རྒྱལ་ཁབ་ཀྱི་ཚད་གཞིའམ་ཡང་ན་ལས་རིགས་ཀྱི་ཚད་གཞི་མེད་ཚེ་ངེས་པར་དུ་སྤུས་ཚད་ལག་རྩལ་ལྟ་སྐུལ་སོགས་སྡེ་ཚན་དང་མཉམ་དུ་འབྲེལ་ཡོད་ས་གནས་ཀྱི་ཚད་གཞི་བཟོ་དགོས། ཡུལ་སྐོར་ལས་རིགས་མཐུན་ཚོགས་དང་ཡུལ་སྐོར་གཉེར་སྐྱོང་པས་རྒྱལ་ཁབ་དང་། ལས་རིགས། ས་གནས་བཅས་ལས་ཡག་པའི་འཛུགས་སྐྲུན་དང་ཞབས་ཞུའི་ཚད་གཞི་བཟོ་རྒྱུར་སྐུལ་ལྕག་གཏོང་དགོས།

དོན་ཚན་རེ་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱིས་ཡུལ་སྐོར་བར་ཡུལ་སྐོར་གྱི་འབྲེལ་ཡོད་འགྲུལ་བཞུད་ཀྱི་འགྲོ་ལུགས་གཉེར་སྐབས་གླ་རིན་གང་ཡང་ལེན་མི་ཆོག

དོན་ཚན་རེ་གཉིས་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་དང་། དེ་བཞིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ངེས་པར་དུ་ཡུལ་སྐོར་ལས་རིགས་ཀྱི་རྩལ་ནུས་དང་ལས་ཀ་བྱེད་མཁན་ལ་སྦྱོང་བརྡར་སྤྲོས་རྒྱུའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཡུལ་སྐོར་སྦྱོང་བརྡར་བྱེད་གཞི་སྒྲིལ་བཅོས་བྱས་ནས་ཞིང་འབྲོག་པ་རྣམས་ཡུལ་སྐོར་གཉེར་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་དང་ཁོང་ཚོར་སྦྱོང་བརྡར་སྤྲོས་དགོས།

དོན་ཚན་རེ་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆེད་དམིགས་ཀྱི་ཡུལ་སྐོར་ཁྲིམས་སྒྱུར་དང་ཞུ་སྦྱོར་བདག་སྤྲོད་བྱེད་མཁན་ལས་ཁུངས་འཛུགས་དགོས་པ་མ་ཟད། སྤྱི་ཚོགས་ཐོག་ལའང་ཡོངས་བསྒྲགས་བྱེད་དགོས། ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་སྤྱི་བདེ་དང་། འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་ཚོང་། སྤུས་ཚད་ལྟ་སྐུལ། རིན་གོང་། བཟའ་བཅའ་སྨན་རྫས་ལྟ་སྐུལ་སོགས་སྡེ་ཚན་དང་མཉམ་དུ་གཅིག་གྱུར་གྱི་ཡུལ་སྐོར་ཞུ་སྦྱོར་ལས་སྟེགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

དོན་ཚན་རེ་བཞི་པ། ཡུལ་སྐོར་གནས་ལྗོངས་ཁུལ(གནས)དང་། ཡུལ་སྐོར་གསོལ་མགྲོན་ཁང་(མགྲོན་ཁང་) ཡུལ་སྐོར་འཁོར་རིགས(གྲུ་གཟིངས) ཡུལ་སྐོར་ཚོང་ཟོག་ཉོ་སྒྲུབ་སོགས་ཡུལ་སྐོར་བྱེད་གནས་ལ་ངེས་པར་དུ་ཞུ་སྦྱོར་གྱི་ཁ་པར་ཨང་གྲངས་གསལ་འགོད་བྱེད་དགོས་པ་དང་ཐེར་འདོན་ཡིག་སྒམ་འཛུགས་དགོས།

དོན་ཚན་རེ་ལྔ་པ། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་སམ་ཡང་ན་རིག་སྐྲུན་ཐོན་ཁུངས་ལ་བརྟེན་ནས་མ་འཇོག་བྱས་ཏེ་བསྐྲུན་པའི་ཡུལ་སྐོར་གནས་ལྗོངས་ཁུལ(གནས)གྱི་སྤ་སེའི་རིན་གོང་དེ་སྲིད་གཞུང་ནས་གཏན་འཁེལ་བྱེད་རྒྱུའམ་ཡང་ན་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་བྱེད་རྒྱུ། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་སམ་ཡང་ན་རིག་སྐྲུན་ཐོན་ཁུངས་ལ་མ་བརྟེན་པར་ཚོང་ལས་རང་བཞིན་གྱི་མ་འཇོག་ལ་བརྟེན་ནས་བསྐྲུན་པའི་མི་བཟོས་གནས་ལྗོངས་ཀྱི་སྤ་སེའི་རིན་གོང་དེ་ཁྲོམ་རར་བརྟེན་ནས་སྙོམས་སྒྲིག་བྱེད་པའི་རིན་གོང་ལག་བསྟར་བྱེད་རྒྱུ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་དོ་དམ་བྱེད་པའི་སྤྱི་ཕན་རང་བཞིན་གྱི་གྲོང་ཁྱེར་གྱི་སྤྱི་གླིང་དང་། སྤྱི་པའི་རྟེན་རྫས་ཁང་། དྲན་གསོ་ཁང་། དེ་བཞིན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་བཅས་ངེས་པར་དུ་སྤྱི་ཚོགས་ཐོག་ལ་རིན་དོད་མེད་པར་སྒོ་མོ་འབྱེད་དགོས།

དོན་ཚན་རེ་དྲུག་པ། སྤྱི་པའི་ཐོན་ཁུངས་བེད་སྤྱད་ནས་འཛུགས་སྐྲུན་བྱས་པའི་རྒྱལ་ཁབ་ཀྱི་A4རིམ་པ(A4ཚུད)ཡན་གྱི་ཡུལ་སྐོར་གནས་ལྗོངས་ཁུལ(གནས)དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་ནས་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་བྱེད་རྒྱུ། A3རིམ་པ(A3ཚུད)མན་གྱི་ཡུལ་སྐོར་གནས་ལྗོངས་ཁུལ(གནས)དེ་གནས་ལྗོངས་ཁུལ(གནས)རང་གནས་སའི་ས་གནས(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་ནས་སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་བྱེད་རྒྱུ། ཡུལ་སྐོར་གནས་ལྗོངས་ཁུལ(གནས)ལ་གཏན་འཁེལ་བྱས་པའི་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་རིག་དངོས་སྲུང་སྐྱོབ་ཚན་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྲིད་གཞུང་ནས་གཏན་འཁེལ་བྱས་པའི་རིན་གོང་ལག་བསྟར་བྱེད་དགོས། ས་གནས(གྲོང་ཁྱེར)རིམ་པ་མན་གྱི་རིག་དངོས་གནས་ལྗོངས་ཁུལ(གནས)གྱི་སྤ་སེའི་རིན་གོང་དེ་རང་གནས་སའི་ས་གནས(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྲིད་གཞུང་ནས་གཏན་འཁེལ་བྱས་པའི་རིན་གོང་ལག་བསྟར་བྱེད་རྒྱུ།

དོན་ཚན་རེ་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་གནས་ལྗོངས་ཁུལ(གནས)གྱི་སྤ་སེའི་རིན་གོང་གཏན་འཁེལ་བྱེད་པའམ་ཡང་ན་བཟོ་སྐྱོར་བྱེད་སྐབས་ངེས་པར་དུ་ཡུལ་སྐོར་གནས་ལྗོངས་ཁུལ(གནས)གྱི་རིགས་དང་། རིམ་པ། ཁུལ་ཁོངས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡོམས་བྱས་ཏེ་གཟུ་ཉན་ཚོགས་འདུ་ཚོགས་དགོས་པ་མ་ཟད། ཟླ་བ་དྲུག་གི་སྔོན་ནས་སྤྱི་ཚོགས་ཐོག་ལ་ཁྱབ་བསྒྲགས་བྱེད་དགོས།

དོན་ཚན་རེ་བརྒྱད་པ། ཡུལ་སྐོར་གནས་ལྗོངས་ཁུལ(གནས)ནང་གི་ཡུལ་སྐོར་རྣམ་གྲངས་ཀྱི་རིན་གོང་དེ་ངེས་པར་དུ་གཉེར་སྐྱོང་པས་རང་གནས་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས། རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་ཚེ་ཡུལ་སྐོར་གཉེར་སྐྱོང་པས་ཡུལ་སྐོར་གནས་ལྗོངས་ཁུལ(གནས)གྱི་སྤ་སེ་དང་དེའི་ནང་གི་ཡུལ་སྐོར་རྣམ་གྲངས་ཀྱི་རིན་གོང་རང་འཚམ་གྱིས་གཏན་འཁེལ་བྱེད་པའམ་ཡང་ན་བཟོ་སྐྱོར་བྱེད་མི་ཆོག ཡུལ་སྐོར་གནས་ལྗོངས་ཁུལ(གནས)གྱི་གཉེར་སྐྱོང་དབང་ཆ་ཐོབ་པའི་གཉེར་སྐྱོང་པས་ངེས་པར་དུ་ཚད་གཞི་ལྟར་ལྗོངས་གཟིགས་སྒང་དང་། འཁོར་རིགས་འཇོག་ས། སྤྱི་པའི་གསང་སྤྱོད་དང་གད་སྙིགས་བསྡུ་རུབ་བླུག་སྣོད་སོགས་ཞོར་གཏོགས་སྒྲིག་བཀོད་སྐྲུན་དགོས། ཡུལ་སྐོར་གནས་ལྗོངས་ཁུལ(གནས)ནང་གི་སྤྱི་པའི་གསང་སྤྱོད་དང་འཁོར་རིགས་འཇོག་སར་གླ་རིན་ལེན་མི་ཆོག

དོན་ཚན་རེ་དགུ་པ། ཡུལ་སྐོར་གནས་ལྗོངས་ཁུལ(གནས)གྱི་སྤ་སེའི་རིན་གོང་དང་དེའི་ནང་གི་ཡུལ་སྐོར་རྣམ་གྲངས་ཀྱི་རིན་གོང་རྣམས་ངེས་པར་དུ་གསལ་པོ་འགོད་དགོས། ཡུལ་སྐོར་གནས་ལྗོངས་ཁུལ(གནས)དུ་ཡུལ་སྐོར་ཞན་དུས་དང་བཟང་དུས་ཀྱི་རིན་གོང་ལག་བསྟར་བྱེད་ཆོག A4རིམ་པ་ཡན་གྱི་གནས་ལྗོངས་ཁུལ་གྱི་སྤ་སེ་དེ་དྲ་རྒྱའི་ཐོག་རང་མིང་བཀོད་དེ་སྔོན་ཚུད་ནས་འཚོང་བའི་ལམ་ལུགས་ཁྱབ་སྤེལ་གཏོང་རྒྱུ།

དོན་ཚན་བདུན་ཅུ་པ། ཡུལ་སྐོར་གནས་ལྗོངས་ཁུལ(གནས)གྱིས་ངེས་པར་དུ་དངོས་ཞབས་དམག་མི་དང་། རྒན་རྒོན། དབང་པོ་སྐྱོན་ཅན། སློབ་ཕྲུག་སོགས་དམིགས་བསལ་མི་སྣར་སྤ་སེའི་རིན་གོང་ཆག་ཡང་དང་རྩ་ཆག་གཏོང་དགོས། རང་སྐྱོང་ལྗོངས་ཀྱིས་སྤ་སེའི་རིན་གོང་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་གཏན་འབེབས་ལོགས་སུ་ཡོད་ན་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་དགོས། རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་སྤ་སེའི་རིན་གོང་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་གཟིགས་སྐྱོང་སྲིད་ཇུས་གཅིག་གྱུར་ཐོག་གཏན་འབེབས་བྱས་ཡོད་པ་ཕུད། ཡུལ་སྐོར་གནས་ལྗོངས་ཁུལ(གནས)གྱིས་ཡུལ་སྐོར་ལས་གཉེར་ཁང་སོགས་ལ་ཚོགས་པའི་སྤ་སེ་ཉོ་སྒྲུབ་བྱེད་རྒྱུའི་རིན་གོང་ཐད་གཟིགས་སྐྱོང་བྱེད་ཚད་20%ནས་བརྒལ་མི་ཆོག

དོན་ཚན་དོན་གཅིག་པ། A4རིམ་པ་ཡན་གྱི་ཡུལ་སྐོར་གནས་ལྗོངས་ཁུལ་ལ་ངེས་པར་དུ་གནས་ལྗོངས་ཁུལ་གྱི་དོ་དམ་སྡེ་ཚན་འཛུགས་དགོས་པ་དང་། དོ་དམ་སྡེ་ཚན་གྱི་འགན་འཁྲི་དེ་ས་གནས(གྲོང་ཁྱེར)ཡན་གྱི་མི་དམངས་སྲིད་གཞུང་ནས་གཏན་འཁེལ་བྱེད་དགོས།

ལེའུ་བདུན་པ། ལྟ་སྐུལ་ཞིབ་བཤེར།

དོན་ཚན་དོན་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་ཕྱོགས་ཀྱི་སྲིད་ཇུས་དང་འཆར་འགོད་དོན་འཁྱོལ་བྱས་ཚུལ་དང་། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱས་ཚུལ། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཟོས་ཚུལ། སྤྱི་པའི་ཞབས་ཞུ་བསྒྲུབས་ཚུལ་དང་དེ་བཞིན་ཡུལ་སྐོར་གྱི་བདེ་འཇགས་འགན་སྲུང་བྱས་ཚུལ། ཞིང་འབྲོག་པ་རྣམས་ཡུལ་སྐོར་གྱི་གཉེར་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཚུལ་སོགས་ཐད་ལ་དུས་བཀག་གམ་ཡང་ན་དུས་ངེས་མེད་ཀྱི་ཐོག་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས།

དོན་ཚན་དོན་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ལྟ་སྐུལ་ཞིབ་བཤེར་བྱེད་མཁན་མི་གཉིས་ཡན་དགོས་པ་མ་ཟད། ཁྲིམས་སྒྱུར་གྱི་ལག་ཁྱེར་ཡང་སྟོན་དགོས། མི་གཉིས་མན་ནམ་ཡང་ན་ཁྲིམས་མཐུན་གྱི་ལག་ཁྱེར་མ་བསྟན་ཚེ་ཞིབ་བཤེར་བྱ་ཡུལ་ཚན་པ་དང་མི་སྒེར་གྱིས་དང་ལེན་མི་བྱེད་པའི་དབང་ཆ་ཡོད། ལྟ་སྐུལ་ཞིབ་བཤེར་བྱེད་མཁན་གྱིས་ལྟ་སྐུལ་ཞིབ་བཤེར་བྱེད་རིམ་ནང་ཞིབ་བཤེར་བྱ་ཡུལ་ཚན་པའི་ཚོང་ལས་ཀྱི་གསང་བ་དང་མི་སྒེར་གྱི་ཆ་འཕྲིན་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་ཁྲིམས་ལྟར་གསང་བ་སྲུང་དགོས།ཁྲིམས་སྒྱུར་མི་སྣས་ངེས་པར་དུ་དྲང་གཞག་དང་ཡ་རབས་ཀྱི་སྒོ་ནས་ཁྲིམས་སྒྱུར་བྱེད་དགོས་པ་ལས་ཡུལ་སྐོར་གཉེར་སྐྱོང་པའི་རྒྱུན་ལྡན་གྱི་གཉེར་སྐྱོང་བྱེད་སྒོར་འགོག་རྐྱེན་བཟོ་མི་ཆོག

དོན་ཚན་དོན་བཞི་པ། ཞིབ་བཤེར་བྱ་ཡུལ་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱི་ཁྲིམས་སྒྱུར་ཞིབ་བཤེར་ལས་དོན་ལ་གཞོགས་འདེགས་བྱེད་དགོས་པ་དང་། གནས་ཚུལ་ཇི་མ་ཇི་བཞིན་གསལ་བཤད་བྱེད་དགོས་པ་མ་ཟད། ཡིག་ཆ་དང་དཔྱད་ཡིག་མཁོ་འདོན་བྱེད་དགོས་པ་ལས་དང་ལེན་མི་བྱེད་པ་དང་། བཀག་འགོག་དང་སྦས་གསང་བྱེད་མི་ཆོག

དོན་ཚན་དོན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུལ་སྐོར་ཐད་ཀྱི་ཁྲིམས་འགལ་བྱེད་སྤྱོད་རིགས་ཞིབ་བཤེར་ཐག་གཅོད་བྱེད་པའི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་དགོས་པ་དང་། སྡེ་ཚན་དང་ས་གནས་བརྒལ་ཏེ་མཉམ་འབྲེལ་ཐོག་ཞིབ་བཤེར་ཐག་གཅོད་བྱེད་དགོས་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་རིགས་ལ་སྒྲུབ་སྐུལ་བྱེད་དགོས། ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་གཞིར་བཟུང་དུས་ཐོག་ཏུ་སྤྱི་ཚོགས་ཐོག་ལྟ་སྐུལ་ཞིབ་བཤེར་བྱས་ཚུལ་ཁྱབ་བསྒྲགས་བྱེད་དགོས།

དོན་ཚན་དོན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣར་གཤམ་གསལ་གྱི་བྱེད་སྤྱོད་རིགས་ཡོད་མི་ཆོག་པ་སྟེ།

(གཅིག)གོ་གནས་ལ་བརྟེན་ནས་ཁེ་ཕན་དོན་གཉེར་བྱེད་པ་དང་།

(གཉིས)རང་འཚམ་གྱིས་གླ་རིན་བསྡུ་བ།

(གསུམ)མི་གཞན་གྱིས་ཁྲིམས་འགལ་བྱེད་སྤྱོད་ཐེར་འདོན་བྱས་པར་བདག་སྤྲོད་དང་གཉེར་སྒྲུབ་མི་བྱེད་པ་དང་། ནར་འགྱངས་དང་རང་འགན་གཞན་དཀྲི་བྱེད་པ།

(བཞི)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་བྱེད་སྤྱོད་གཞན་བཅས་སོ།

དོན་ཚན་དོན་བདུན་པ། ཡུལ་སྐོར་ཁྲིམས་སྒྱུར་མི་སྣའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཚན་པ་དང་མི་སྒེར་གང་རུང་གིས་ཐེར་འདོན་དང་ཁྲིམས་སྦྱོར་བྱེད་ཆོག་པ་དང་། ཐེར་འདོན་དང་ཁྲིམས་སྦྱོར་བྱས་པ་ལག་འབྱོར་བྱུང་བའི་ལས་ཁུངས་ཀྱིས་ངེས་པར་དུ་འཕྲལ་མར་ཐག་གཅོད་བྱེད་དགོས།

དོན་ཚན་དོན་བརྒྱད་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་དང་། སྤྱི་བདེ། བཟོ་ཚོང་། འགྲིམ་འགྲུལ་སྐྱེལ་འདྲེན། སྤུས་ཚད་ལྟ་སྐུལ། རིན་གོང་སོགས་སྡེ་ཚན་གྱིས་ངེས་པར་དུ་ཡུལ་སྐོར་ཐད་ཀྱི་ཐེར་འདོན་གོང་ཞུ་དང་ཞུ་སྦྱོར་བྱས་པ་ལག་འབྱོར་བྱུང་རྗེས། བདག་སྤྲོད་བྱེད་འགན་འཁུར་མཁན་ཨང་དང་པོས་ལས་ཀའི་ཉིན་གྲངས་གསུམ་གྱི་ནང་ཚུན་དུ་དེ་དོན་བདག་སྤྲོད་བྱེད་དགོས་མིན་གཏན་འཁེལ་བྱེད་དགོས། བདག་སྤྲོད་བྱེད་དགོས་རིགས་ཐེར་འདོན་གོང་ཞུ་དང་ཞུ་སྦྱོར་བྱེད་མཁན་ལ་དུས་ཐོག་ཏུ་བརྡ་ལན་གཏོང་དགོས་པ་དང་། ཐེར་འདོན་གོང་ཞུ་དང་ཞུ་སྦྱོར་བྱས་པའི་ནང་དོན་དེ་སྡེ་ཚན་དེ་གའི་འགན་འཁྲིའི་ཁྱབ་ཁོངས་སུ་མ་གཏོགས་ཚེ་ངེས་པར་དུ་འཕྲལ་མར་ཡིག་ཐོག་བརྡ་ལན་གཏོང་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་རྩད་ཞིབ་ཐག་གཅོད་བྱེད་རྒྱུར་རྩིས་སྤྲོད་དགོས།

ལེའུ་བརྒྱད་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་དོན་དགུ་པ། སྲོལ་ཡིག་འདིའི་དོན་ཚན་སོ་བདུན་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་འགྲིམ་འགྲུལ་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཁྲིམས་འགལ་གྱི་བྱེད་སྤྱོད་མཚམས་འཇོག་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆའི་ལྡབ་གསུམ་མན་གྱི་དངུལ་ཆད་འགེལ་ཆོག ཁྲིམས་འགལ་གྱི་ཐོབ་ཆ་མེད་ན་སྒོར་ཁྲི་གཉིས་མན་གྱི་དངུལ་ཆད་འགེལ་ཆོག ཐད་ཀའི་འགན་འཁུར་མཁན་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་བརྒྱད་ཅུ་པ། སྲོལ་ཡིག་འདིའི་དོན་ཚན་ཞེ་གསུམ་པའི་གཏན་འབེབས་ལས་འགལ་ཚེ་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་མ་ཟད། སྒོར་ཉིས་སྟོང་ཡན་ནས་སྒོར་ཁྲི་གཉིས་མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་གྱ་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་ཞེ་ལྔ་པའི་གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་ལྟ་སྐུལ་ཀྱི་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།

དོན་ཚན་གྱ་གཉིས་པ། ཡུལ་སྐོར་གཉེར་སྐྱོང་པ་དང་དེའི་ལས་བྱས་སྲོལ་ཡིག་འདིའི་དོན་ཚན་ཞེ་བརྒྱད་པའི་ནང་གསེས(དང་པོ)དང་(གཉིས་པའི)གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཐ་ཚིག་སྒྲོག་རྒྱུ་མ་ཟད། ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ། གནས་ཚུལ་ཚབས་ཆེའི་རིགས་ལ་དེ་གའི་ཡུལ་སྐོར་གཉེར་སྐྱོང་འཁྲོལ་འཛིན་ནམ་ཡང་ན་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་དང་སྣེ་ཁྲིད་པའི་ལག་ཁྱེར་མེད་པ་བཟོ་རྒྱུ།

ཡུལ་སྐོར་གཉེར་སྐྱོང་པས་སྲོལ་ཡིག་འདིའི་དོན་ཚན་ཞེ་བརྒྱད་པའི་ནང་གསེས(གསུམ་པ)དང་། (བཞི་པ)(ལྔ་པ)(དྲུག་པ)བཅས་ཀྱི་གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་སྐོར་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།

ཡུལ་སྐོར་གྱི་ལས་ཀ་བྱེད་མཁན་གྱིས་སྲོལ་ཡིག་འདིའི་དོན་ཚན་ཞེ་བརྒྱད་པའི་ནང་གསེས(གསུམ་པའི)གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་མ་ཟད། སྒོར་ཆིག་སྟོང་ཡན་ནས་སྒོར་ཁྲི་གཉིས་མན་གྱི་དངུལ་ཆད་འགེལ་རྒྱུ། ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ཚེ་གཞུང་བཞེས་གཏོང་རྒྱུ། གནས་ཚུལ་ཚབས་ཆེའི་རིགས་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་མེད་པ་བཟོ་རྒྱུ་མ་ཟད། སྤྱི་བསྒྲགས་ཀྱང་སྤེལ་རྒྱུ།

ཡུལ་སྐོར་གྱི་ལས་ཀ་བྱེད་མཁན་གྱིས་སྲོལ་ཡིག་འདིའི་དོན་ཚན་ཞེ་བརྒྱད་པའི་ནང་གསེས(བཞི་པའི)གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཕྱིར་སློག་བྱེད་དགོས་པའི་བཀའ་གཏོང་རྒྱུ་མ་ཟད། སྒོར་ཆིག་སྟོང་ཡན་ནས་སྒོར་ཁྲི་གཅིག་མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེའི་རིགས་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་གནས་སྐབས་བཀག་ཉར་རམ་ཡང་ན་མེད་པ་བཟོ་རྒྱུ། ཡུལ་སྐོར་གྱི་ལས་ཀ་བྱེད་མཁན་གྱིས་སྲོལ་ཡིག་འདིའི་དོན་ཚན་ཞེ་བརྒྱད་པའི་ནང་གསེས(དྲུག་པའི)གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་མ་ཟད། གནས་སྐབས་རིང་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་ཟླ་གསུམ་ནས་དྲུག་བར་བཀག་ཉར་བྱེད་རྒྱུ། གནས་ཚུལ་ཚབས་ཆེའི་རིགས་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་མེད་པ་བཟོ་རྒྱུ་མ་ཟད། སྤྱི་བསྒྲགས་ཀྱང་སྤེལ་རྒྱུ།

དོན་ཚན་གྱ་གསུམ་པ། ཡུལ་སྐོར་སྣེ་ཤན་པས་སྲོལ་ཡིག་འདིའི་དོན་ཚན་ཞེ་དགུ་པའི་ནང་གསེས་གསུམ་པའི་གཏན་འབེབས་ལས་འགལ་ནས་ལྐོག་ཏུ་ལས་སྒོ་སྒྲུབ་འགན་བླངས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་མ་ཟད། སྒོར་ཆིག་སྟོང་ཡན་ནས་སྒོར་ཁྲི་གཅིག་མན་གྱི་དངུལ་ཆད་འགེལ་ཁར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་གནས་སྐབས་བཀག་ཉར་རམ་ཡང་ན་མེད་པ་བཟོ་རྒྱུ། ཡུལ་སྐོར་སྣེ་ཤན་པས་ཡུལ་སྐོར་སྣེ་ཤན་བྱེད་རིང་ཡུལ་སྐོར་སྣེ་ཤན་གྱི་ལག་ཁྱེར་མ་བཏགས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ། ཡོ་བསྲང་གཏན་ནས་མ་བྱས་ཚེ་སྒོར་500མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་གྱ་བཞི་པ། ཡུལ་སྐོར་ལས་གཉེར་ཁང་གིས་སྲོལ་ཡིག་འདིའི་དོན་ཚན་ང་གཉིས་པའི་ནང་གསེས་གཉིས་པ་དང་གསུམ་པའི་གཏན་འབེབས་ལས་འགལ་ཚེ་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་མ་ཟད། སྒོར་ལྔ་སྟོང་ཡན་ནས་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེའི་རིགས་ལ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་འཇུག་རྒྱུའམ་ཡང་ན་ཡུལ་སྐོར་ལས་གཉེར་ཁང་གི་ལས་སྒོའི་གཉེར་སྐྱོང་འཁྲོལ་འཛིན་མེད་པ་བཟོ་རྒྱུ་མ་ཟད། ཐད་ཀའི་འགན་འཁུར་མཁན་གྱི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་གཞན་དག་ལ་སྒོར་ཉིས་སྟོང་ཡན་ནས་སྒོར་ཁྲི་གཉིས་མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་གྱ་ལྔ་པ། ཡུལ་སྐོར་ལས་གཉེར་ཁང་གིས་སྲོལ་ཡིག་འདིའི་དོན་ཚན་ང་གསུམ་པའི་གཏན་འབེབས་ལས་འགལ་ནས་རྒྱ་ལམ་སྐྱེལ་འདྲེན་གྱི་ལག་ཁྱེར་མེད་པའི་འཁོར་རིགས་གླས་ཏེ་ཡུལ་སྐོར་འགྲུལ་སྐྱེལ་བྱས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། འཁོར་རིགས་ཐེངས་རེ་གླས་པར་སྒོར་ཁྲི་གཅིག་གི་དངུལ་ཆད་འགེལ་རྒྱུ། གནས་ཚུལ་ཚབས་ཆེའི་རིགས་ལ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་བཀའ་གཏོང་རྒྱུ་མ་ཟད། ཁྲིམས་འགལ་གྱི་ལས་གཉེར་སྐྱེལ་འདྲེན་བྱེད་མཁན་འཁོར་རིགས་དེ་རང་གནས་སའི་རྒྱ་ལམ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ལ་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུར་རྩིས་སྤྲོད་བྱེད་དགོས།

དོན་ཚན་གྱ་དྲུག་པ། སྲོལ་ཡིག་འདིའི་དོན་ཚན་ང་བཞི་པའི་གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དེར་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་མ་ཟད། སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་གྱ་བདུན་པ། སྲོལ་ཡིག་འདིའི་དོན་ཚན་ང་བརྒྱད་པའི་གཏན་འབེབས་ལས་འགལ་ནས་བོད་ལྗོངས་ས་མཐོའི་ཡུལ་སྐོར་སྡེབ་སྒྲིག་འགན་བཅོལ་གྱི་གཅིག་གྱུར་འགན་བཅོལ་དང་གཅིག་གྱུར་གྲབས་གསོག་ནང་མ་ཞུགས་ཚེ་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡོང་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་མ་ཟད། སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་འགེལ་རྒྱུ། ཡོ་བསྲང་གཏན་ནས་མ་བྱས་ཚེ་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་སྡེ་ཚན་གྱིས་འབྲེལ་ཡོད་ཀྱི་ལས་སྒོའི་གཉེར་སྐྱོང་འཁྲོལ་འཛིན་མེད་པ་བཟོ་རྒྱུ།

དོན་ཚན་གྱ་བརྒྱད་པ། སྲོལ་ཡིག་འདིའི་དོན་ཚན་རེ་བརྒྱད་པའི་ནང་གསེས་བཞི་པའི་གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་མ་ཟད། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆའི་ལྡབ་གསུམ་མན་གྱི་དངུལ་ཆད་འགེལ་རྒྱུ།

དོན་ཚན་གྱ་དགུ་པ། སྲོལ་ཡིག་འདིའི་དོན་ཚན་རེ་དགུ་པའི་གཏན་འབེབས་ལས་འགལ་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིན་གོང་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དུས་བཀག་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་གཏོང་རྒྱུ་དང་། ཁྲིམས་འགལ་ལས་བྱུང་བའི་ཐོབ་ཆ་རྣམས་གཞུང་བཞེས་གཏོང་རྒྱུ་མ་ཟད། སྒོར་ལྔ་སྟོང་མན་གྱི་དངུལ་ཆད་འགེལ་ཆོག

དོན་ཚན་དགུ་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡུལ་སྐོར་གཙོ་འགན་འཁུར་མཁན་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣས་རང་འགན་ཟོལ་འཇོག་བྱེད་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ཀྱི་རིགས་ལ་གཙོ་འགན་འཁུར་མཁན་སྡེ་ཚན་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་རྒྱུ།

དོན་ཚན་གོ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་གཞན་དག་ཡོད་རིགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་ཆད་པ་གཅོད་རྒྱུ་དང་དངུལ་ཆད་འགེལ་རྒྱུའི་གཏན་འབེབས་ཡོད་ཚེ་གཏན་འབེབས་དེ་བཞིན་ཆད་པ་གཅོད་རྒྱུ་དང་དངུལ་ཆད་འགེལ་རྒྱུ།

སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཉེས་གསོག་གི་དོགས་པ་ཡོད་ཚེ་ཁྲིམས་འཛིན་ལས་ཁུངས་ནས་ཐག་གཅོད་བྱེད་རྒྱུར་རྩིས་སྤྲོད་རྒྱུ།

ལེའུ་དགུ་པ། ཞར་བྱུང་།

དོན་ཚན་གོ་གཉིས་པ། སྲོལ་ཡིག་འདི་2017ལོའི་ཟླ་2ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ། 2010ལོའི་ཟླ་9ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པའི་ཐོག་གྲོས་འཆམ་བྱུང་བའི《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་སྲོལ་ཡིག》དེ་དུས་གཅིག་ཏུ་རྩིས་མེད་གཏོང་རྒྱུ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།