གནས་སྐབས་རོགས་སྐྱོབ་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར།

མཐའ་ཚད་སྐྱོང་བ་དང་འཕྲལ་སྐྱོབ་ཉེན་སྐྱོབ་བྱེད་པའི་སྤྱི་ཚོགས་སྐྱོབ་རོགས་ཀྱི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོལ་བྱུང་རང་བཞིན་དང་། དགོས་གཏུགས་རང་བཞིན། གནས་སྐབས་རང་བཞིན་བཅས་ལྡན་པའི་གཞི་རྩའི་འཚོ་བའི་དཀའ་ངལ་བསལ་ནས་གནས་སྐབས་རོགས་སྐྱོབ་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། 《གནས་སྐབས་རོགས་སྐྱོབ་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོ》(རྒྱལ་སྤེལ[2014]ཨང་47)ཡི་ཡིག་ཆའི་དགོངས་དོན་གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ད་ལྟ་གཤམ་གསལ་བསམ་འཆར་འདོན་རྒྱུ་འདི་ལྟ་སྟེ།

གཅིག གནས་སྐབས་རོགས་སྐྱོབ་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་རྒྱུའི་དོན་སྙིང་གལ་ཆེན་ཤེས་རྟོགས་གང་ལེགས་བྱེད་དགོས།

གནས་སྐབས་རོགས་སྐྱོབ་ཞེས་པ་ནི་ཐོལ་བྱུང་དོན་རྐྱེན་འཕྲད་པ་དང་། བསམ་ཡུལ་ལས་འདས་པར་གནོད་འཚེ་བྱུང་བ། ནད་གཞི་ལྕི་རིགས་ཕོག་པའམ་ཡང་ན་དམིགས་བསལ་གྱི་རྒྱུ་རྐྱེན་བཅས་ལས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པར་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་གཞན་དག་གནས་སྐབས་ལག་བསྟར་མི་ཐུབ་པའམ་ཡང་ན་རོགས་སྐྱོབ་བྱས་རྗེས་གཞི་རྩའི་འཚོ་བར་སྔར་བཞིན་དཀའ་ངལ་ཆེན་པོ་ཡོད་པའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་ལ་བབ་བསྟུན་རང་བཞིན་དང་བར་བརྒལ་རང་བཞིན་གྱི་རོགས་སྐྱོབ་བྱེད་པར་ཟེར།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཚོགས་རོགས་སྐྱོབ་ལས་དོན་ལ་མཐོང་ཆེན་པོ་གནང་ཞིང་། ཉེ་བའི་ལོ་ཤས་རིང་། མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་སྣ་འཚོ་སྐྱོང་། གེགས་བར་བྱུང་བའི་མི་སྣར་རོགས་སྐྱོབ་སོགས་གཞི་རྩའི་འཚོ་བ་རོགས་སྐྱོབ་དང་དེ་བཞིན་སྨན་བཅོས་དང་། སློབ་གསོ། སྡོད་ཁང་། ལས་ཞུགས་སོགས་ཀྱི་ཆེད་དོན་རོགས་སྐྱོབ་ལམ་ལུགས་འདེགས་སྐྱོར་དུ་བྱས་པའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་རིམ་བཞིན་བཙུགས་པས་དཀའ་ངལ་འཕྲད་པའི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོབ་ནུས་ལྡན་བྱུང་ཡོད། ལྷག་པར་དུ་2011ལོ་ནས་བཟུང་རང་ལྗོངས་ཀྱིས་གནས་སྐབས་རོགས་སྐྱོབ་ལམ་ལུགས་བཙུགས་ཏེ་ཐོལ་བྱུང་རང་བཞིན་དང་། དགོས་གཏུགས་རང་བཞིན། གནས་སྐབས་རང་བཞིན་བཅས་ཀྱི་འཚོ་བར་དཀའ་ངལ་འཕྲད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅིང་། དེ“མཐའ་ཚད་སྐྱོང་རྒྱུ་དང་། འཕྲལ་སྐྱོབ་ཉེན་སྐྱོབ་བྱ་རྒྱུ། གྲིབ་ཆ་སེལ་རྒྱུ། ཞན་ཆ་གསབ་རྒྱུ། སྒྱུར་བཅོས་ལ་སྐུལ་རྒྱུ། བརྟན་ལྷིང་འགན་ལེན་བྱ་རྒྱུ”བཅས་ཀྱི་ངོས་ནས་བརྗོད་ན་དོན་དངོས་ཀྱི་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད་ལ་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པ་ཞིག་ཀྱང་རེད། ས་གནས(གྲོང་ཁྱེར)ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རོགས་སྐྱོབ་བྱེད་ཁོངས་ཐད“ཡོངས་ཁྱབ”ཡོང་བ་བྱེད་དགོས་པ་དང་། རེ་ཞུ་དང་བདག་སྤྲོད་བྱེད་སྐབས“སྒོ་འབྱེད་རང་བཞིན”ལ་སྣང་ཆེན་བྱེད་དགོས་པ། དཀའ་ངལ་ཡོད་མཁན་ཤེས་རྟོགས་བྱེད་སྐབས“རང་འགུལ་རང་བཞིན”མཚོན་པར་བྱེད་དགོས་པ། ཞིབ་བཤེར་གཏན་འབེབས་དང་ཞིབ་བཤེར་མཆན་འགོད་བྱེད་སྐབས“དུས་ཐོག་རང་བཞིན”ནན་བཤད་བྱེད་དགོས་པ། རོགས་སྐྱོབ་བྱེད་སྟངས་ཐད“སྣ་མང་རང་བཞིན”འབུར་དུ་ཐོན་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། གནས་སྐབས་རོགས་སྐྱོབ་ལམ་ལུགས་འཛུགས་རྒྱུའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ཤེས་རྟོགས་གང་ལེགས་བྱེད་པ་དང་ཆབས་ཅིག་བྱེད་ཐབས་ནུས་ལྡན་སྤྱད་ནས་གནས་སྐབས་རོགས་སྐྱོབ་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

གཉིས། དམིགས་ཚད་ལས་འགན་དང་གཞི་རྩའི་རྩ་དོན་ཁ་གསལ་བཟོ་དགོས།

(གཅིག) དམིགས་ཚད་ལས་འགན།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཀྱི་ཐོལ་བྱུང་རང་བཞིན་དང་། དགོས་གཏུགས་རང་བཞིན། གནས་སྐབས་རང་བཞིན་བཅས་ལྡན་པའི་གཞི་རྩའི་འཚོ་བའི་དཀའ་ངལ་སེལ་རྒྱུ་དམིགས་ཚད་དུ་བཟུང་སྟེ། གནས་སྐབས་རོགས་སྐྱོབ་ལམ་ལུགས་བརྒྱུད་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་དེའི་ནང་ཞུགས་རྒྱུའི་ལྕག་སྐུལ་བྱེད་པ། རོགས་སྐྱོབ་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་བདེ་འཇགས་དྲ་བ་དམ་ཚགས་སུ་གཏོང་བ་བཅས་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱེད་དགོས།

(གཉིས) གཞི་རྩའི་རྩ་དོན།

1.རོགས་སྐྱོབ་འོས་པ་རྣམས་ལ་རོགས་སྐྱོབ་གང་ཐུབ་ཅི་ཐུབ་བྱ་རྒྱུ་དེ་རོགས་སྐྱོབ་འོས་ཤིང་འཚམ་པ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་དགོས་པ་དང་།

2.སྲིད་གཞུང་གི་རོགས་སྐྱོབ་དེ་སྤྱི་ཚོགས་ཀྱི་རོགས་རེས་དང་ཁྱིམ་ཚང་གི་རང་སྐྱོབ་དང་ཟུང་འབྲེལ་བྱེད་དགོས་པ།

3.ལམ་ལུགས་འབྲེལ་མཐུད་བྱ་རྒྱུ་དེ་སྲིད་ཇུས་ཡོངས་བསྒྲགས་ཁ་གསལ་ཡོང་བ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་དགོས་པ།

4.ཡོངས་བསྒྲགས་དང་། དྲང་སྙོམས། དྲང་བདེན་བཅས་བྱ་རྒྱུ་དེ་དམངས་བདེ་དམངས་ཕན་དང་ཟུང་འབྲེལ་བྱེད་དགོས་པ་བཅས་སོ།

གསུམ། གནས་སྐབས་རོགས་སྐྱོབ་བྱེད་ཁོངས་དང་བྱ་ཡུལ།

(གཅིག) གནས་སྐབས་རོགས་སྐྱོབ་བྱེད་ཁོངས།

“རོགས་སྐྱོབ་འོས་པ་རྣམས་ལ་རོགས་སྐྱོབ་གང་ཐུབ་ཅི་ཐུབ་བྱེད་དགོས་པ། རོགས་སྐྱོབ་འོས་ཤིང་འཚམ་པ་བྱེད་དགོས་པའི”རྩ་དོན་གཞིར་བཟུང་ཐོལ་བྱུང་དོན་རྐྱེན་འཕྲད་པ་དང་། བསམ་ཡུལ་ལས་འདས་པའི་གནོད་འཚེ་བྱུང་བ། ནད་གཞི་ལྕི་རིགས་ཕོག་པའམ་ཡང་ན་དམིགས་བསལ་གྱི་རྒྱུ་རྐྱེན་བཅས་ལས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་པར་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་གཞན་དག་གནས་སྐབས་ལག་བསྟར་མི་ཐུབ་པའམ་ཡང་ན་རོགས་སྐྱོབ་བྱས་རྗེས་གཞི་རྩའི་འཚོ་བར་སྔར་བཞིན་དཀའ་ངལ་ཆེན་པོ་ཡོད་པའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་ལ་ཐེམ་ཐོ་གང་དུ་ཡོད་མིན་ལ་མི་ལྟ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབྱེ་བ་མི་འབྱེད་པར་དཀའ་ངལ་བྱུང་ཚུལ་གཞིར་བཟུང་གནས་སྐབས་རོགས་སྐྱོབ་བྱེད་ཁོངས་སུ་འཇུག་དགོས།

(གཉིས)གནས་སྐབས་རོགས་སྐྱོབ་བྱ་ཡུལ།

1.དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཞེས་པ་ནི་མེ་སྐྱོན་དང་འགྲིམ་འགྲུལ་དོན་རྐྱེན་ལ་སོགས་བྱུང་བ་དང་དེ་བཞིན་ནང་མིར་ཐོལ་བྱུང་རང་བཞིན་གྱི་ནད་གཞི་ལྕི་རིགས་ཕོག་པ་སོགས་ཀྱི་རྐྱེན་ནམ་ཡང་ན་འཚོ་བའི་འགྲོ་སོང་གློ་བུར་དུ་ཆེ་རུ་སོང་སྟེ་ཁྱིམ་ཚང་གི་ཐེག་ནུས་ལས་བརྒལ་བའི་དབང་གིས་གཞི་རྩའི་འཚོ་བར་གནས་སྐབས་དཀའ་ངལ་འཕྲད་པའི་མ་མཐའི་འཚོ་བ་འགན་ལེན་ཁྱིམ་ཚང་དང་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣ་སོགས་རོགས་སྐྱོབ་བྱ་ཡུལ་གྱི་ཁྱིམ་ཚང་ལ་ཟེར།

2.དཀའ་ངལ་ཡོད་པའི་ཁྱིམ་ཚང་དཀྱུས་མ། དཀའ་ངལ་ཡོད་པའི་ཁྱིམ་ཚང་དཀྱུས་མ་ཞེས་པ་ནི་མེ་སྐྱོན་དང་འགྲིམ་འགྲུལ་དོན་རྐྱེན་ལ་སོགས་བྱུང་བ་དང་དེ་བཞིན་ནང་མིར་ཐོལ་བྱུང་རང་བཞིན་གྱི་ནད་གཞི་ལྕི་རིགས་ཕོག་པ་སོགས་ཀྱི་རྐྱེན་ནམ་ཡང་ན་འཚོ་བའི་འགྲོ་སོང་གློ་བུར་དུ་ཆེ་རུ་སོང་སྟེ་ཁྱིམ་ཚང་གི་ཐེག་ནུས་ལས་བརྒལ་བའི་དབང་གིས་གཞི་རྩའི་འཚོ་བར་གནས་སྐབས་དཀའ་ངལ་འཕྲད་པའི་ཁྱིམ་ཚང་དཀྱུས་མར་ཟེར།

3.དཀའ་ངལ་ཡོད་པའི་མི་སྒེར། དཀའ་ངལ་ཡོད་པའི་མི་སྒེར་ཞེས་པ་ནི་མེ་སྐྱོན་བྱུང་བ་དང་། འགྲིམ་འགྲུལ་དོན་རྐྱེན་བྱུང་བ། ཐོལ་བྱུང་གི་ནད་གཞི་ལྕི་རིགས་ཕོག་པའམ་ཡང་ན་དམིགས་བསལ་གྱི་དཀའ་ངལ་གཞན་དག་བྱུང་ནས་གནས་སྐབས་ཁྱིམ་ཚང་གི་རྒྱབ་སྐྱོར་ཐོབ་ཐབས་བྲལ་བའི་དབང་གིས་གཞི་རྩའི་འཚོ་བར་དཀའ་ངལ་ཆེན་པོ་བྱུང་བའི་མི་སྒེར་ལ་ཟེར། མི་སྒེར་གྱི་དཀའ་ངལ་དེ་ཆགས་ས་བརྟེན་ས་མེད་པའི་ཡུལ་གྱར་སློང་མོ་བ་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་རིགས་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་གཏན་འབེབས་ལྟར་གནས་སྐབས་ཀྱི་སྡོད་གནས་མཁོ་འདོན་བྱ་རྒྱུ་དང་། གློ་བུར་དུ་ན་བ་སྨན་བཅོས་བྱ་རྒྱུ། གཞོགས་འདེགས་ཀྱིས་ཕྱིར་ལོག་གཏོང་རྒྱུ་སོགས་ཀྱི་རོགས་སྐྱོབ་བྱེད་དགོས།

རང་བྱུང་གནོད་འཚེ་དང་། རྐྱེན་ངན་བར་ཆད། སྤྱི་པའི་འཕྲོད་བསྟེན། སྤྱི་ཚོགས་བདེ་འཇགས་སོགས་ཐོལ་བྱུང་གི་སྤྱི་པའི་དོན་རྐྱེན་བྱུང་བའི་དབང་གིས་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་དང་གཞི་རྩའི་འཚོ་བའི་རོགས་སྐྱོབ་བྱེད་དགོས་བྱུང་བ་དང་དེ་བཞིན་ནད་གཞི་བབ་བསྟུན་རོགས་སྐྱོབ་བྱེད་ཁོངས་སུ་གཏོགས་པར་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།

བཞི། གནས་སྐབས་རོགས་སྐྱོབ་ཚད་གཞི།

ས་གནས་ཁག་གིས་རོགས་སྐྱོབ་བྱ་ཡུལ་གྱི་དཀའ་ངལ་གྱི་རིགས་དང་། ཚད་གཞི། དུས་ཚད་སོགས་ཀྱི་རྒྱུ་རྐྱེན་དང་དེང་སྐབས་ཀྱི་གཞི་རྩའི་འཚོ་བ་རྒྱུན་འཁྱོངས་བྱེད་པའི་དགོས་མཁོ་དངོས་ལ་གཞིགས་ཏེ་ལོ་འཁོར་འདིར་ཐོབ་ཟིན་པའི་སྤྱི་ཚོགས་རོགས་སྐྱོབ་གཞན་དག་དང་ཁ་གསབ་དང་གུན་གསབ་སྣ་ཚོགས་ལ་སྤྱི་འདོམས་བསམ་གཞིག་བྱས་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་མི་སྒེར་གྱི་རོགས་སྐྱོབ་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་གྱིས་རིགས་དབྱེ་ནས་རོགས་སྐྱོབ་བྱེད་དགོས།

(གཅིག) རོགས་སྐྱོབ་བྱ་ཡུལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་མི་སྒེར་ལ་མུ་མཐུད་རོགས་སྐྱོབ་བྱེད་པའི་དུས་ཚད་ནི། དཀའ་ངལ་ཡོད་པའི་ཁྱིམ་ཚང་དཀྱུས་མར་ཟླ་བ་གསུམ་གྱི་དུས་ཚད་གཞིར་བཟུང་གཏན་འཁེལ་བྱེད་དགོས་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཟླ་བ་དྲུག་གི་དུས་ཚད་གཞིར་བཟུང་གཏན་འཁེལ་བྱེད་དགོས་པ།

དུས་ཚད་རིང་ཤོས་ཟླ་བ་དྲུག་ལས་བརྒལ་མི་ཆོག དཀའ་ངལ་ཡོད་པའི་མི་སྒེར་གྱི་རོགས་སྐྱོབ་དུས་ཚད་དེ་རོགས་སྐྱོབ་སྡེ་ཚན་གྱིས་དེའི་དངོས་ཡོད་དཀའ་ངལ་ལ་གཞིགས་ནས་གཏན་འཁེལ་བྱེད་དགོས། དཀའ་ངལ་ཡོད་པའི་མི་སྒེར་གྱི་ལོའི་རོགས་སྐྱོབ་ཚད་གཞི་སྒོར་5000ལས་བརྒལ་མི་ཆོག་པ་དང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ལོའི་རོགས་སྐྱོབ་ཚད་གཞི་སྒོར་10000ལས་བརྒལ་མི་ཆོག

གནས་སྐབས་རོགས་སྐྱོབ་ཀྱི་ཚད་གཞི་དེ་ཁྲོམ་རའི་ཟོག་གོང་ལ་འགྱུར་བ་འགྲོ་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བ་དང་བསྟུན་ནས་ལོ་ལྟར་བབ་བསྟུན་ལེགས་སྒྲིག་བྱེད་དགོས།

(གཉིས) དཀའ་ངལ་ཡོད་པའི་ཁྱིམ་ཚང་རོགས་སྐྱོབ་དུས་ཚད་ལས་བརྒལ་ནའང་སྔར་བཞིན་དཀའ་ངལ་ཡོད་རིགས་ལ་ཁྱིམ་ཚང་གི་ཡོང་འབབ་དང་རྒྱུ་ནོར་གྱི་ཆ་རྐྱེན་ལ་ཚོད་སྐོར་ནན་ཏན་བྱས་ཏེ། མ་མཐའི་འཚོ་བ་འགན་ལེན་བྱེད་ཁོངས་ནང་འཇུག་མིན་གཏན་འཁེལ་བྱེད་དགོས།

(གསུམ) རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པའམ་ཡང་ན་མི་སྣ་ཤི་རྨས་བྱུང་ནའང་གཞི་རྩའི་འཚོ་བའི་ཆ་རྐྱེན་ངེས་ཅན་ལྡན་པའི་གནས་སྐབས་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་མི་སྒེར་ལ་སྤྲོད་ཐེངས་གཅིག་གི་རོགས་སྐྱོབ་བྱེད་དགོས།

ལྔ། དོ་དམ་གྱི་གོ་རིམ་ཚད་ལྡན་དུ་གཏོང་དགོས།

གནས་སྐབས་རོགས་སྐྱོབ་ལས་དོན་གྱི་གོ་རིམ་ནན་གྱིས་ཚད་ལྡན་དུ་གཏོང་དགོས་པ་མ་ཟད། རྙོག་དྲ་མེད་པ་བྱས་ནས་དམངས་བདེ་དམངས་ཕན་དང་འཕྲལ་སྐྱོབ་ཉེན་སྐྱོབ་ཀྱི་ནུས་པ་ཏན་ཏིག་ཐོན་པ་བྱེད་དགོས། ས་གནས་ཁག་གིས་ཡུལ་དེ་གའི་དོན་དངོས་གཞིར་བཟུང་གནས་སྐབས་རོགས་སྐྱོབ་ལམ་ལུགས་ཀྱི་ལག་བསྟར་ཞིབ་སྲོལ་གཏན་འབེབས་དང་འཐུས་སྒོ་ཚང་དུ་བཏང་སྟེ། རེ་ཞུ་དང་བདག་སྤྲོད་དང་། ཞིབ་བཤེར་གཏན་འབེབས་དང་ཞིབ་བཤེར་མཆན་འགོད། སྤྱི་བསྒྲགས། སྤྲོད་རིམ་བཅས་སྔར་བས་ཚད་ལྡན་དང་འཐུས་སྒོ་ཚང་དུ་གཏོང་དགོས། གཏན་ལ་ཕབ་ཟིན་པའི་ལག་བསྟར་ཞིབ་སྲོལ་དམངས་སྲིད་ཐིང་དང་ནོར་སྲིད་ཐིང་ལ་ཐོ་འགོད་བྱ་རྒྱུར་འབུལ་དགོས།

(གཅིག) རེ་ཞུ་དང་བདག་སྤྲོད།

1.རེ་ཞུ་གཞིར་བཟུང་བདག་སྤྲོད་བྱེད་དགོས། རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་ཚང་མས་རང་གནས་ཡུལ་གྱི་ཤང(གྲོང་རྡལ)མི་དམངས་སྲིད་གཞུང(སྲང་ལམ་དོན་གཅོད་ཁང)ལ་གནས་སྐབས་རོགས་སྐྱོབ་ཀྱི་རེ་འདུན་ཞུ་ཆོག རེ་འདུན་ཞུ་མཁན་གྱི་མངགས་བཅོལ་ལྟར་གྲོང་ཚོ(གྲོང་མི)ཨུ་ཡོན་ལྷན་ཁང་ངམ་ཡང་ན་ཚན་པ་དང་མི་སྒེར་གཞན་དག་གིས་ཚབ་བྱས་ནས་གནས་སྐབས་རོགས་སྐྱོབ་ཀྱི་རེ་འདུན་ཞུ་ཆོག

ས་གནས་དེ་གའི་ཐེམ་ཐོ་ཡོད་པ་དང་ས་གནས་དེ་གའི་ཐོབ་ཐང་ལག་ཁྱེར་ཡོད་རིགས་ས་གནས་དེ་གའི་ཤང(གྲོང་རྡལ)མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)གིས་བདག་སྤྲོད་བྱེད་དགོས། གོང་གི་གནས་ཚུལ་ཕུད་པའི་རིགས(ས་གནས་དེ་གའི་ཐེམ་ཐོ་མིན་པ་དང་ས་གནས་དེ་གའི་གནས་སྡོད་ལག་ཁྱེར་གཉེར་མེད་པ)ལ་ས་གནས་དེ་གའི་ཤང(གྲོང་རྡལ)མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)གིས་ཡུལ་དེའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་བཙུགས་པའི་རོགས་སྐྱོབ་དོ་དམ་སྒྲིག་གཞིར(རོགས་སྐྱོབ་དོ་དམ་ས་ཚིགས་དང་ན་སོ་དར་ལ་མ་བབས་མཁན་རོགས་སྐྱོབ་སྲུང་སྐྱོབ་ལྟེ་གནས་སོགས)རོགས་སྐྱོབ་གནང་རྒྱུའི་རེ་འདུན་ཞུ་རོགས་བྱེད་དགོས། ས་གནས་དེ་གའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རོགས་སྐྱོབ་དོ་དམ་སྒྲིག་གཞི་བཙུགས་མེད་ཚེ། ས་གནས་དེ་གའི་ཤང(གྲོང་རྡལ)མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)གིས་ཡུལ་དེའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་ལ་རོགས་སྐྱོབ་གནང་རྒྱུའི་རེ་འདུན་ཞུ་རོགས་བྱེད་དགོས།

གནས་སྐབས་རོགས་སྐྱོབ་ཀྱི་རེ་འདུན་ཞུ་སྐབས་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་ར་སྤྲོད་དཔྱད་ཡིག་འབུལ་དགོས་པ་དང་རྒྱུ་མཚན་ཁུངས་བཙན་མེད་ཚེ། ཤང(གྲོང་རྡལ)མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)གིས་བདག་སྤྲོད་མི་བྱེད་པ་བྱེད་མི་ཆོག གལ་སྲིད་ཛ་དྲག་གནས་ཚུལ་ཐོན་ནས་རེ་འདུན་ཞུ་བའི་དུས་བཀག་ནང་འབྲེལ་ཡོད་ར་སྤྲོད་དཔྱད་ཡིག་མཁོ་འདོན་བྱེད་མ་ཐུབ་ཚེ། ཤང(གྲོང་རྡལ)མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)གིས་སྔོན་ལ་བདག་སྤྲོད་བྱེད་དགོས།

2.རང་འགུལ་ངང་ཤེས་རྟོགས་དང་བདག་སྤྲོད་བྱེད་པ། ཤང(གྲོང་རྡལ)མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)དང་གྲོང་ཚོ(གྲོང་ལྷན)ཨུ་ལྷན་གྱིས་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཐོལ་བྱུང་དོན་རྐྱེན་དང་བསམ་ཡུལ་ལས་འདས་པའི་དོན་རྐྱེན་སོགས་དམིགས་བསལ་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་། ཁོང་དུ་ཆུད་པ། དཔྱད་ཞིབ་བཅས་བྱས་ཏེ། དཀའ་ངལ་ཡོད་པའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་ལ་རོགས་སྐྱོབ་རེ་འདུན་ཞུ་རོགས་བྱེད་དགོས། སྤྱི་བདེ་དང་གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་གྱིས་ཁྲིམས་འཛིན་བྱེད་སྐབས་དཀའ་གནས་སུ་གྱར་བའི་ན་སོ་དར་ལ་མ་བབས་མཁན་དང་སྨྱོ་ནད་ཕོག་མཁན་སོགས་དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའམ་ཡང་ན་དམངས་དོན་བྱ་སྤྱོད་སྤེལ་རྒྱུར་ཚོད་འཛིན་ཕོག་མཁན་དང་དེ་བཞིན་རང་འགུལ་ངང་རོགས་སྐྱོར་ཞུ་ནུས་ཤོར་བའི་སྲོག་ཉེན་ཡོད་པའི་ནད་པ་སོགས་ཤེས་རྟོགས་ཐུབ་ཚེ། རང་འགུལ་ངང་དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་ཁོང་ཚོ་དཀའ་གནས་ལས་སྐྱོབ་ཐབས་བྱེད་དགོས། ཤང(གྲོང་རྡལ)མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)ངམ་ཡང་ན་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་དང་རོགས་སྐྱོབ་དོ་དམ་སྒྲིག་གཞིས་འབྲེལ་ཡོད་སྡེ་ཚན་དང་། སྤྱི་ཚོགས་ཀྱི་རྩ་འཛུགས། སྤྱི་དམངས་མི་སྒེར་བཅས་ཀྱིས་སྙན་སེང་ཞུས་པའི་རོགས་སྐྱོབ་ཁུངས་སྣེ་ཤེས་རྟོགས་ཐུབ་པའམ་ཡང་ན་སྒྲིག་གཞིར་གནས་ཚུལ་སྙན་སེང་འབྱོར་རྗེས་རང་འགུལ་ངང་གནས་ཚུལ་ཞིབ་བསྡུར་བྱས་ཏེ། དེའི་ནང་ནས་རོགས་སྐྱོབ་ཀྱི་ཆ་རྐྱེན་འཛོམས་རིགས་ལ་རང་འགུལ་ངང་བདག་སྤྲོད་བྱེད་དགོས་པ་དང་འབྲེལ། ཁོང་ཚོར་རོགས་སྐྱོབ་རེ་འདུན་ཞུ་རོགས་བྱེད་དགོས།

(གཉིས) ཞིབ་བཤེར་གཏན་འབེབས་དང་ཞིབ་བཤེར་མཆན་འགོད།

སྤྱིར་བཏང་གི་གོ་རིམ། ཤང(གྲོང་རྡལ)མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)གིས་གྲོང་ཚོ(གྲོང་ལྷན)ཨུ་ལྷན་གྱི་རོགས་རམ་འོག་གནས་སྐབས་རོགས་སྐྱོབ་རེ་འདུན་ཞུ་མཁན་གྱི་ཁྱིམ་ཚང་དཔལ་འབྱོར་གནས་ཚུལ་དང་། མི་འབོར་གནས་ཚུལ། འཕྲད་པའི་དཀའ་ངལ་གྱི་རིགས་སོགས་ལ་རེ་རེ་བཞིན་བརྟག་དཔྱད་བྱས་ཏེ་གནས་ཚུལ་གཞིར་བཟུང་དམངས་གཙོའི་གྲོས་མོལ་སྒྲིག་འཛུགས་བྱེད་པ་དང་ཞིབ་བཤེར་བསམ་འཆར་འདོན་དགོས་པ་དང་འབྲེལ། རེ་འདུན་ཞུ་མཁན་སྡོད་ཡུལ་གྲོང་ཚོ(གྲོང་ལྷན)ཨུ་ལྷན་དུ་མིང་ཐོ་བཀོད་པའི་ཤོག་བྱང་སྦྱར་ནས་ཡོངས་བསྒྲགས་བྱས་རྗེས་རྫོང་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་ལ་ཞིབ་མཆན་འགོད་རྒྱུར་འབུལ་དགོས། རྫོང་རིམ་པའི་དམངས་སྲིད་སྡེ་ཚན་གྱི་ཞིབ་བཤེར་དང་ཞིབ་མཆན་འགོད་པའི་ལས་དོན་དེ་ལས་དུས་ཉིན་གྲངས་20ཡི་ནང་ཚུན་དུ་ལེགས་སྒྲུབ་བྱེད་དགོས། རོགས་སྐྱོབ་དངུལ་གྲངས་ཉུང་བའི་རིགས་ལ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་གྱིས་ཤང(གྲོང་རྡལ)མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)ལ་ཞིབ་མཆན་འགོད་རྒྱུར་མངགས་ཆོག་ཀྱང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་ལ་ཐོ་འགོད་དགོས། ས་གནས་དེ་གའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་མེད་ལ་ཐེམ་ཁུངས་ས་གནས་དེ་ནས་མིན་པའི་མི་སྣར་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་དང་རོགས་སྐྱོབ་དོ་དམ་སྒྲིག་གཞིས་འཚོ་བ་བརྟེན་ས་མེད་པའི་མི་སྣ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་བཤེར་བྱེད་པ་དང་རོགས་སྐྱོབ་བྱེད་དགོས།

ཛ་དྲག་གི་གོ་རིམ། གནས་སྐབས་རོགས་སྐྱོབ་དེ་རེ་འདུན་ཞུ་མཁན་ཁྱིམ་ཚང་གི་དཀའ་ངལ་དང་ཛ་དྲག་ཚད་གཞི་དང་རོགས་སྐྱོབ་དངུལ་གྲངས་གཞིར་བཟུང་རྗེས་སུ་ཞིབ་མཆན་འགོད་པ་དང་རིམ་དབྱེ་ཞིབ་མཆན་འགོད་ཆོག གནས་ཚུལ་ཛ་དྲག་པོ་དང་འཕྲལ་དུ་བྱ་སྤྱོད་སྤེལ་ནས་སེལ་མི་ཐུབ་པའི་གྱོང་གུན་ནམ་ཡང་ན་འགྱུར་ལྡོག་གཏོང་མི་ཐུབ་པའི་མཇུག་འབྲས་ཚབས་ཆེན་མི་ཐོན་པ་བྱེད་དགོས་པའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་གྱིས་གནས་ཚུལ་ཛ་དྲག་པའི་དབང་གིས་རེ་འདུན་ཞུ་དགོས་པའི་དུས་བཀག་ནང་འབྲེལ་ཡོད་ར་སྤྲོད་དཔྱད་ཡིག་མཁོ་འདོན་བྱེད་མི་ཐུབ་པ་ལ་ཞིབ་བཤེར་དང་ཞིབ་མཆན་འགོད་པའི་དུས་ཚོད་ཐུང་དུ་གཏོང་བ་དང་དགོས་ངེས་སྐབས་སུ་རྫོང་རིམ་པའི་དམངས་སྲིད་སྡེ་ཚན་ལ་ཐད་ཀར་རོགས་སྐྱོབ་ཞུ་ཆོག ཛ་དྲག་གནས་ཚུལ་མཇུག་སྒྲིལ་རྗེས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཞིབ་བཤེར་དང་ཞིབ་མཆན་འགོད་པའི་འགྲོ་ལུགས་ཆ་ཚང་གསབ་གཉེར་བྱེད་དགོས།

ས་ཁུལ་ཁག་གིས་དམངས་གཙོའི་གྲོས་མོལ་དང་མིང་ཐོ་བཀོད་པའི་ཤོག་བྱང་སྦྱར་ནས་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་རོགས་སྐྱོབ་བྱ་ཡུལ་དང་། རོགས་སྐྱོབ་ཚད་གཞི། རོགས་སྐྱོབ་དངུལ་གྲངས་སོགས་ཡོངས་བསྒྲགས་བྱས་ནས་རྒྱ་ཁྱབ་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། རོགས་སྐྱོབ་ཆ་རྐྱེན་འཛོམས་མེད་རིགས་ལ་དོ་དམ་ཞིབ་མཆན་འགོད་མཁན་ལས་ཁུངས་ཀྱིས་ཡིག་ཐོག་ནས་རེ་འདུན་ཞུ་མཁན་ལ་བརྡ་ཐོ་གཏོང་དགོས་པ་དང་འབྲེལ། རྒྱུ་མཚན་གསལ་པོ་བཏོན་ནས་གང་བྱུང་དུ་རོགས་སྐྱོབ་བྱེད་པ་དང་། གཉེན་ཉེ་གྲོགས་པོར་ལྟ་རྟོག་བྱེད་པ། མྱུར་སྒྲུབ་ཀྱི་རོགས་སྐྱོབ་བྱེད་པ། གོ་རིམ་ལ་བརྩི་སྲུང་མི་ཞུ་བར་རོགས་སྐྱོབ་བྱེད་པ་སོགས་གཏན་འགོག་བྱེད་དགོས། གནས་སྐབས་རོགས་སྐྱོབ་བྱ་ཡུལ་ལ་སྒུལ་རྣམ་དོ་དམ་བྱས་ཏེ་རོགས་སྐྱོབ་དུས་བཀག་ནང་དཔལ་འབྱོར་གནས་ཚུལ་ལེགས་སུ་ཕྱིན་པ་དང་གནས་སྐབས་རོགས་སྐྱོབ་བྱེད་པའི་ཆ་རྐྱེན་འཛོམས་མེད་པའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་ལ་འཕྲལ་དུ་རོགས་སྐྱོབ་བྱེད་མཚམས་འཇོག་དགོས།

(གསུམ)གནས་སྐབས་རོགས་སྐྱོབ་བྱེད་སྟངས།

གནས་སྐབས་རོགས་སྐྱོབ་བྱེད་སྐབས་གནས་སྐབས་རོགས་སྐྱོབ་མ་དངུལ་སྤྲོད་པ་དང་། རོགས་སྐྱོབ་དངོས་རྫས་སྤྲོད་པ། ངོ་སྤྲོད་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་གསུམ་སྤྱོད་ཀྱི་ཡོད།

1.གནས་སྐབས་རོགས་སྐྱོབ་་མ་དངུལ་སྤྲོད་པ། གནས་སྐབས་རོགས་སྐྱོབ་མ་དངུལ་སྤྲོད་སྐབས་རྩ་དོན་ཐོག་སྤྱི་ཚོགས་ཀྱི་སྒྲིག་གཞི་བརྒྱུད་སྤྲོད་ཀྱི་ཡོད། ནོར་སྲིད་ཀྱི་རྒྱལ་མཛོད་དོ་དམ་ལམ་ལུགས་གཞིར་བཟུང་དངུལ་ཁང་སོགས་ཚབ་བྱེད་དངུལ་རྩའི་སྒྲིག་གཞི་བརྒྱུད་རོགས་སྐྱོབ་ཁྱིམ་ཚང་ངམ་ཡང་ན་མི་སྒེར་གྱི་རྩིས་ཁྲའི་ནང་ཐད་ཀར་སྤྲོད་པ་དང་། དམངས་ཕན་མ་དངུལ་དང“གཱ་གཅིག་ཀུན་ཁྱབ”སོགས་ལ་བརྟེན་ནས་སྤྲོད་ཆོག

2.རོགས་སྐྱོབ་དངོས་རྫས་སྤྲོད་པ། གནས་སྐབས་རོགས་སྐྱོབ་ཀྱི་ཚད་གཞི་དང་རོགས་སྐྱོབ་བྱ་ཡུལ་གྱི་གཞི་རྩའི་འཚོ་བའི་དགོས་མཁོ་གཞིར་བཟུང་གྱོན་གོས་དང་། ཟས་རིགས། འཐུང་ཆུ་བཅས་སྤྲོད་པ་དང་གནས་སྐབས་སྡོད་གནས་སྤྲོད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་རོགས་སྐྱོབ་བྱེད་ཆོག ཛ་དྲག་གི་གནས་ཚུལ་ཐོན་སྐབས་དངོས་རྫས་སྤྲོད་པ་ཕུད་སྲིད་གཞུང་གི་ཉོ་སྒྲུབ་ལམ་ལུགས་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱེད་དགོས།

3.ངོ་སྤྲོད་ཞབས་ཞུ་མཁོ་འདོན་བྱེད་པ། གནས་སྐབས་རོགས་སྐྱོབ་དངུལ་སྤྲད་པ་དང་དངོས་རྫས་ཀྱི་རོགས་སྐྱོབ་བྱས་རྗེས་སྔར་བཞིན་དཀའ་ངལ་ཡོད་པའི་རོགས་སྐྱོབ་བྱ་ཡུལ་ལ་གཞན་ལ་ངོ་སྤྲོད་བྱེད་པའི་ཞབས་ཞུ་ཧུར་ཐག་བྱེད་དགོས། མ་མཐའི་འཚོ་བའི་འགན་ལེན་ནམ་ཡང་ན་སྨན་བཅོས་དང་། སློབ་གསོ། སྡོད་ཁང་། ལས་ཞུགས་སོགས་ཆེད་དོན་རོགས་སྐྱོབ་ཆ་རྐྱེན་དང་མཐུན་ཚེ་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་དུས་ཐོག་ཏུ་ངོ་སྤྲོད་བྱེད་པ་དང་འབྲེལ་རོགས་སྐྱོབ་གནང་རྒྱུའི་རེ་འདུན་ཞུ་དགོས། སྤྱི་ཕན་རང་བཞིན་གྱི་དགེ་སྒྲུབ་རྩ་འཛུགས་དང་སྤྱི་ཚོགས་ལས་ཀའི་ཞབས་ཞུའི་སྒྲིག་གཞི་སོགས་ཀྱིས་དགེ་སྒྲུབ་རྣམ་གྲངས་དང་། སྤྱི་ཚོགས་ཀྱི་ཞལ་འདེབས་རྒྱག་པ། ཆེད་ལས་ཞབས་ཞུ་བྱེད་པ། དང་བླངས་ཞབས་ཞུ་སོགས་ཀྱི་རྣམ་པའི་ཐོག་ནས་རོགས་རམ་བྱེད་དགོས་རིགས་ལ་རོགས་སྐྱོབ་ཀྱི་འདོད་བློ་ཡོད་པའི་འབྲེལ་ཡོད་སྤྱི་ཚོགས་ཚོགས་པ་དང་། སྤྱི་ཚོགས་རྩ་འཛུགས། སྤྱི་ཚོགས་ལས་ཀའི་ཞབས་ཞུ་སྒྲིག་གཞི་བཅས་ལ་དུས་ཐོག་ཏུ་ངོ་སྤྲོད་བྱེད་དགོས། ངོ་སྤྲོད་ཀྱི་ཞབས་ཞུ་བྱེད་སྐབས་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ས་ཁོངས་དེའི་ནང་གི་ལམ་ལུགས་ཁག་ངོ་སྤྲོད་ཡག་པོ་བྱེད་པ་དང་དུས་མཚུངས་ས་ཁོངས་སྒྲོལ་བའི་ངོ་སྤྲོད་ཞབས་ཞུ་ཡག་པོ་བྱས་ནས། ས་གནས་དེ་གའི་ཐེམ་ཁོངས་མིན་པའི་རོགས་སྐྱོབ་བྱ་ཡུལ་ལ་གནས་སྐབས་རོགས་སྐྱོབ་བྱས་རྗེས་སྔར་བཞིན་རོགས་སྐྱོབ་ཀྱི་དགོས་མཁོ་གཞན་དག་ཡོད་རིགས་ལ་རོགས་སྐྱོབ་སྲིད་ཇུས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རོགས་རམ་བྱེད་པ་དང་ཐེམ་ཐོ་གནས་ཡུལ་ལ་རེ་འདུན་ཞུ་རོགས་བྱེད་དགོས།

དྲུག མ་དངུལ་གྲབས་གསོག་དང་དོ་དམ།

(གཅིག) མ་དངུལ་ཡོང་ཁུངས།

1.ནོར་སྲིད་སྡེ་ཚན་གྱིས་བཀོད་སྒྲིག་བྱས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་ཁ་གསབ་མ་དངུལ།

2.དགེ་སྒྲུབ་ཞལ་འདེབས་དང་སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ།

3.གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་འཚོ་སྐྱོང་མ་དངུལ། གནས་སྐབས་རོགས་སྐྱོབ་མ་དངུལ་བཅས་ལོ་མཇུག་གི་ལྷག་འཕྲོ་སྤྱི་འདོམས་བྱས་ནས་སྤྱོད་ཆོག

(གཉིས) མ་དངུལ་དོ་དམ།

ཀྲུང་དབྱང་ནོར་སྲིད་ཀྱིས་རང་སྐྱོང་ལྗོངས་ནོར་སྲིད་ལ་སྤྲད་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་ཁ་གསབ་མ་དངུལ་འབྱོར་རྗེས། ནོར་སྲིད་ཐིང་གིས་དམངས་སྲིད་ཐིང་དང་མཉམ་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གྲངས་འབོར་དང་། ལས་རྗེས་གདེང་འཇོག་བྱས་འབྲས། དཀའ་ངལ་གྱི་ཚད་གཞི་སོགས་ལ་གཞིགས་ནས་ས་ཁུལ(གྲོང་ཁྱེར)ཁག་ལ་བགོས་རྒྱུ་དང་ཁ་གསབ་མ་དངུལ་དེ་གཙོ་བོ་དཀའ་ངལ་ཡོད་པའི་མང་ཚོགས་མང་བ་དང་། རོགས་སྐྱོབ་ལས་འགན་ལྕི་བ། ལས་ཀའི་ལས་རྗེས་ལེགས་པ་བཅས་ཀྱི་ས་ཁུལ་ལ་གཟིགས་སྐྱོང་བྱ་རྒྱུ་རེད། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་ནོར་སྲིད་ཀྱི་གཏོང་སྒོ་ལེགས་སུ་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་རོགས་སྐྱོབ་ཁ་གསབ་མ་དངུལ་ལོ་འཁོར་གྱི་སྔོན་རྩིས་ནང་འཇུག་དགོས། ལོ་འཁོར་གྱི་ཁ་གསབ་མ་དངུལ་འབྱོར་རྗེས་རོགས་སྐྱོབ་ལས་དོན་སྤེལ་རིང་མི་འདང་བའི་ཆ་ཤས་དེ་གནས་སྐབས་རོགས་སྐྱོབ་ལས་དོན་སྤེལ་མཁན་གྱི་ས་ཁུལ(གྲོང་ཁྱེར)ནོར་སྲིད་ཀྱིས་འགན་ཁུར་དགོས།

རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ལོ་རེའི་ཟླ་8ཚེས་20ཉིན་གོང་སྔོན་རྩིས་སྒྲིག་ཁོངས་ཀྱི་བླང་བྱ་གཞིར་བཟུང་། ལོ་གོང་མ་དང་འདི་ལོའི་གནས་སྐབས་རོགས་སྐྱོབ་བྱ་ཡུལ་གྱི་མི་གྲངས་དང་། ཚད་གཞི། མ་དངུལ་གཏོང་སྤྲོད་སོགས་ཀྱི་གནས་ཚུལ་དང་གནས་སྐབས་རོགས་སྐྱོབ་ཀྱི་གནས་ཚུལ་ཞིབ་ཕྲ(རོགས་སྐྱོབ་བྱ་ཡུལ་དང་། དཀའ་ངལ་གནས་ཚུལ། རོགས་སྐྱོབ་མ་དངུལ། རོགས་སྐྱོབ་དུས་ཚོད་སོགས་ཚུད་པ)ཕྱོགས་བསྡོམས་བྱས་ནས་ལོ་འཁོར་རྗེས་མའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་རོགས་སྐྱོབ་མ་དངུལ་དང་དགོས་མཁོ་ཚད་ལེན་ཞིབ་རྩིས་བྱས་ཏེ། རིམ་མཚུངས་ནོར་སྲིད་སྡེ་ཚན་ལ་སྙན་ཞུ་འབུལ་དགོས། རིམ་མཚུངས་ནོར་སྲིད་སྡེ་ཚན་གྱིས་ཞིབ་བཤེར་བྱས་རྗེས་རིམ་པ་བཞིན་གོང་རིམ་ནོར་སྲིད་དང་དམངས་སྲིད་སྡེ་ཚན་ལ་སྙན་ཞུ་འབུལ་དགོས།

བདུན། གནས་སྐབས་རོགས་སྐྱོབ་ཀྱི་འགན་འཁྲིའི་བྱེད་པོ་དང་ལས་ཀའི་ལམ་སྲོལ་འཛུགས་དགོས།

(གཅིག) བྱེད་པོའི་འགན་འཁྲི།

གནས་སྐབས་རོགས་སྐྱོབ་ལམ་ལུགས་ལག་བསྟར་བྱེད་སྐབས་རིམ་ཁག་སྲིད་གཞུང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་ནང་གི་གནས་སྐབས་རོགས་སྐྱོབ་ཀྱི་སྒྲིག་འཛུགས་ལག་བསྟར་དང་སྤྱི་འདོམས་ལས་དོན་གྱི་འགན་གཙོ་བོ་འཁུར་རྒྱུ་དང་། འཕྲོད་བསྟེན་འཆར་ལྡན་བུ་བཙའ་དང་། སློབ་གསོ། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ནོར་སྲིད་སོགས་སྡེ་ཚན་གྱིས་རང་རང་སོ་སོའི་འགན་འཁྲི་གཞིར་བཟུང་ཕན་ཚུན་མཐུན་སྦྱོར་བྱེད་པ་དང་རང་འགུལ་ངང་གཞོགས་འདེགས་བྱེད་དགོས།

(གཉིས) ལས་ཀའི་ལམ་སྲོལ།

1.“སྡེ་ཚན་གཅིག་གིས་བདག་སྤྲོད་བྱེད་པ་དང་ཐུན་མོང་ཐོག་སྒྲུབ་པའི”ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

ས་ཁུལ་ཁག་གིས་ད་ཡོད་ཀྱི་ཤང་གྲོང(ཁྲོམ་གཞུང)གི་དོན་གཅོད་ཚོམས་ཆེན་དང་། ཕྱོགས་བསྡུས་ཞབས་ཞུའི་སྐར་ཁུང་བེད་སྤྱོད་གང་ལེགས་བྱས་ཏེ། “སྡེ་ཚན་གཅིག་གིས་བདག་སྤྲོད་བྱེད་པ་དང་ཐུན་མོང་ཐོག་སྒྲུབ་པའི”རོགས་སྐྱོབ་སྐར་ཁུང་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། དཀའ་ངལ་ཡོད་པའི་མང་ཚོགས་ལ“རོགས་སྐྱོར་ཐབས་ལམ་ཡོད་པ་དང་དུས་ཐོག་ཏུ་རོགས་སྐྱོར་ཐོབ་པ”བྱེད་དགོས་པ་དང་། སྡེ་ཚན་ཁག་གི་འགན་ནུས་ལ་གཞིགས་ནས་བདག་སྤྲོད་དང་། ཁག་བགོས། གཞན་ལ་སྒྲུབ་རྒྱུར་སྤྲོད་པ་བཅས་ཀྱི་ལས་ཀའི་བརྒྱུད་རིམ་བཟོ་བ་དང་། སྒྲུབ་པའི་དུས་བཅད་དང་བླང་བྱ་ཁ་གསལ་འདོན་པ། མཇུག་འབྲས་ལ་རྗེས་འདེད་གཏོང་བ་བཅས་བྱས་ནས་འབྲེལ་ཡོད་གནས་ཚུལ་རོགས་སྐྱོར་བྱ་ཡུལ་ལ་དུས་ཐོག་ཏུ་ལན་སློག་དགོས་པ། དོན་དག་གལ་ཆེན་ཐད་སྤྱི་ཚོགས་རོགས་སྐྱོབ་མཉམ་འབྲེལ་གྲོས་ཚོགས་བརྒྱུད་ཐག་གཅོད་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོ་དགོས་པ། དཀའ་ཉེན་ཆེ་བའི་རོགས་སྐྱོབ་ཀྱི་ལྗང་མདོག་བགྲོད་ལམ་གཏོད་པ་དང་། རོགས་སྐྱོབ་ཐད་འབྲེལ་ཁ་པར་འཛུགས་པ། རོགས་སྐྱོབ་དང་སྙན་ཞུ་ཤར་གཏོང་ཐུབ་པ་བྱེད་པ་བཅས་ཀྱི་ཐོག་ནས་རོགས་སྐྱོབ་ལས་དོན་ལ་དངོས་ཕན་ཐོབ་པའི་འགན་ལེན་བྱེད་དགོས།

2.སྤྱི་ཚོགས་ཀྱི་རོགས་སྐྱོབ་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་དགོས།

རིམ་ཁག་སྲིད་གཞུང་གིས་སྤྱི་ཚོགས་རོགས་སྐྱོབ་དོ་དམ་སྡེ་ཚན་དབར་གྱི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་པ་དང་། ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ། སྤྱི་ཚོགས་ཀྱི་རོགས་སྐྱོབ་དོ་དམ་ཆ་འཕྲིན་མ་ལག་གང་མགྱོགས་སྐྲུན་པ་བཅས་ཀྱི་ཐོག་ནས་དམངས་སྲིད་དང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་དང་། སློབ་གསོ། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཚན་དབར་ཆ་འཕྲིན་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ་དང་། སྡེ་ཚན་ལས་བརྒལ་བ་དང་། རིམ་པ་མང་བ། ཆ་འཕྲིན་མཉམ་སྤྱོད་བཅས་ཀྱི་རོགས་སྐྱོབ་རེ་ཞུ་བྱེད་མཁན་གྲོང་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་གྱི་ཆ་འཕྲིན་ཞིབ་བསྡུར་ལས་སྟེགས་ཁྲིམས་ལྟར་གང་མགྱོགས་སྐྲུན་པ་དང་། རོགས་སྐྱོབ་རེ་ཞུའི་ཁྱིམ་ཚང་གི་ཡོང་འབབ་དང་རྒྱུ་ནོར་ཞིབ་བཤེར་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས། རོགས་སྐྱོབ་བྱ་ཡུལ་གཏན་འཁེལ་བྱེད་པའི་ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན་ཆེ་རུ་གཏོང་དགོས་པ། རོགས་སྐྱོབ་བྱ་ཡུལ་གྱི་དགོས་མཁོ་དང་སྤྱི་ཕན་དགེ་སྒྲུབ་རྩ་འཛུགས་དང་སྤྱི་ཚོགས་རོགས་སྐྱོབ་ཞབས་ཞུའི་སྒྲིག་གཞིའི་དབར་གྱི་རོགས་སྐྱོབ་ཐོན་ཁུངས་ཀྱི་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་། སྲིད་གཞུང་གི་རོགས་སྐྱོབ་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་གཉིས་ཕན་ཚུན་ཟུང་འབྲེལ་དམ་ཟབ་ཐུབ་པ་བྱས་ཏེ། གནས་ཚུལ་ལ་དམིགས་ནས་རོགས་སྐྱོབ་དང་། ཚང་མར་གཙོ་གནད་རེ་ཡོད་པ། ཕན་ཚུན་ཁ་གསབ་བཅས་བྱེད་དགོས།

3.སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པའི་ལམ་སྲོལ་འཛུགས་དགོས།

མང་ཚོགས་ཀྱི་ཚོགས་པ་དང་། སྤྱི་ཚོགས་རྩ་འཛུགས། ལྷག་པར་དུ་སྤྱི་ཕན་དགེ་སྒྲུབ་རྩ་འཛུགས་དང་ཁེ་ལས་དང་བྱ་གཞག་ཚན་པ་སོགས་སྤྱི་ཚོགས་སྟོབས་ཤུགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་། བྱེད་ཐབས་སྟབས་བསྟུན། རྣམ་པ་འདྲ་མིན་སྣ་ཚོགས་བཅས་ཀྱི་ཁྱད་ཆོས་འདོན་སྤེལ་བྱེད་པ་དང་། མངགས་བཅོལ་དང་། འགན་གཙང། ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་བརྒྱུད། སྤྱི་ཚོགས་སྟོབས་ཤུགས་ཀྱི་ཉོ་སྒྲུབ་ཐད་ཞབས་འདེགས་ཞུས་ནས་གནས་སྐབས་རོགས་སྐྱོབ་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་ཚོགས་རོགས་སྐྱོབ་ནང་ཞུགས་ཚེ། འབྲེལ་ཡོད་གཏན་འབེབས་ལྟར་ནོར་སྲིད་ཁ་གསབ་དང་། ཁྲལ་བསྡུའི་གཟིགས་སྐྱོང་། གྲོན་དངུལ་ཆག་ཡང་གཏོང་བ་སོགས་ཀྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་པ་དང་། ཤུགས་རྐྱེན་ནུས་པ་ལྡན་པའི་དགེ་སྒྲུབ་རྩ་འཛུགས་དང་ཁེ་ལས་ལ་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྤྱི་ཕན་ཐེབས་རྩ་འཛུགས་པ་དང་ཐབས་ལམ་མང་པོ་དང་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་སྤྱི་ཚོགས་རོགས་སྐྱོབ་ནང་ཞུགས་རྒྱུར་སྐུལ་སློང་དང་ཁྲིད་སྟོན་བྱེད་དགོས།

བརྒྱད། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གནས་སྐབས་རོགས་སྐྱོབ་ལམ་ལུགས་བདེ་བླག་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས།

(གཅིག) རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། སྲིད་གཞུང་གིས་འགོ་ཁྲིད་བྱེད་པ་དང་། དམངས་སྲིད་སྡེ་ཚན་གྱིས་སྣེ་ཁྲིད་བྱེད་པ། འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་ཞུགས་པ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། ལས་དོན་ཁྲོད་འཕྲད་པའི་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་པ་དང་། རིམ་ཁག་དམངས་སྲིད་དང་ནོར་སྲིད་སྡེ་ཚན་གྱིས་གནས་སྐབས་རོགས་སྐྱོབ་ལམ་ལུགས་དེ་སྤྱི་ཚོགས་རོགས་སྐྱོབ་མ་ལག་ནང་འཇུག་པ་དང་རོགས་སྐྱོབ་ལམ་ལུགས་གཞན་དག་ཁག་དབར་གྱི་འབྲེལ་མཐུད་དང་ལེ་ལག་ཚང་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་སོ་སོར་གཙོ་གནད་རེ་ཡོད་པ་དང་། འབྲེལ་མཐུད་དམ་ཟབ་ཐུབ་པ། དགེ་མཚན་ལྡན་པའི་མཉམ་འགུལ་བཅས་ཀྱི་འཁོར་སྐྱོད་ལམ་སྲོལ་ཞིག་ཆགས་པ་བྱེད་དགོས་པ། དམངས་སྲིད་སྡེ་ཚན་གྱིས་ལས་སྒོའི་གཙོ་གཉེར་སྡེ་ཚན་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་སྲིད་ཇུས་ཞིབ་འཇུག་གཏན་འབེབས་དང་། ལག་བསྟར་སྒྲིག་འཛུགས། རྒྱུན་གཏན་གྱི་དོ་དམ་སོགས་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས། ཆ་རྐྱེན་དང་འཚམ་པའི་དཀའ་ངལ་ཡོད་པའི་མང་ཚོགས་རོགས་སྐྱོབ་ཁྱབ་ཁོངས་ནང་ཧུར་ཐག་འཇུག་དགོས་པ། ནོར་སྲིད་སྡེ་ཚན་གྱིས་འགན་ནུས་ཏན་ཏིག་སྒྲུབ་པ་དང་། ཕྱོགས་མང་པོའི་ཐད་ནས་མ་དངུལ་གྲབས་གསོག་བྱེད་པ། གཏོང་ཆ་རྒྱུན་ཆད་མེད་པར་མང་དུ་གཏོང་བ་བཅས་ཀྱི་ཐོག་ནས་གནས་སྐབས་རོགས་སྐྱོབ་ལམ་ལུགས་བདེ་བླག་ངང་ལག་བསྟར་བྱ་རྒྱུའི་འགན་ལེན་བྱེད་དགོས་པ། འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་རང་འཁུར་དང་གཞོགས་འདེགས་ཧུར་ཐག་བྱས་ནས། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།

(གཉིས) ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རྫོང(ཆུས)དང་ཤང(གྲོང་རྡལ)མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁང) གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གནས་སྐབས་རོགས་སྐྱོབ་ལམ་ལུགས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། དོ་དམ་སྒྲིག་གཞི་དང་དེའི་མི་ཤུགས་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བསྡུ་སྒྲིལ་བྱས་ནས། ལས་ཀར་དོ་དམ་བྱེད་མཁན་ཡོད་པ་དང་འགན་འཁྲི་འཁུར་མཁན་ཡོད་པའི་འགན་ལེན་བྱེད་དགོས་པ་དང་། གྲོང་ཚོ(གྲོང་མི)ཨུ་ལྷན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དཀའ་གནད་གྲལ་བཤེར་དང་། དྲིལ་བསྒྲགས་ཁྲིད་སྟོན། ཡོངས་བསྒྲགས་ལྟ་སྐུལ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་དགོས་པ། འགྲོ་གྲོན་འགན་སྲུང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཏེ་གནས་སྐབས་རོགས་སྐྱོབ་ལ་མཁོ་བའི་ལས་ཀའི་འགྲོ་གྲོན་དེ་རིམ་ཁག་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་དགོས་པ། མི་སྣ་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གནས་སྐབས་རོགས་སྐྱོབ་ཀྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

(གསུམ) ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་གནས་སྐབས་རོགས་སྐྱོབ་ལམ་ལུགས་དོན་འཁྱོལ་བྱས་ཚུལ་དེ་ལྟ་བཤེར་དང་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་གཙོ་གནད་ནང་དོན་ལ་བརྩིས་ཏེ་དུས་བཀག་ལྟར་ཆེད་དོན་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱེད་པ་དང་། རིམ་ཁག་དམངས་སྲིད་དང་ནོར་སྲིད་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གནས་སྐབས་རོགས་སྐྱོབ་ལས་དོན་དུས་བཀག་ལྟར་སྤེལ་རྒྱུར་ལྟ་སྐུལ་དང་ཞིབ་བཤེར་བྱེད་དགོས་པ་དང་། ནོར་སྲིད་དང་། རྩིས་བཤེར། ལྟ་ཞིབ་སྡེ་ཚན་བཅས་ཀྱིས་གནས་སྐབས་རོགས་སྐྱོབ་མ་དངུལ་དོ་དམ་དང་བེད་སྤྱོད་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཧམ་བཟུང་དང་། སྒེར་སྤྱོད། གཡོ་ལེན་སོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་སྣང་ཚུལ་མ་ཐོན་སྔོན་འགོག་བྱེད་དགོས་པ། གནས་སྐབས་རོགས་སྐྱོབ་ལག་བསྟར་བྱས་ཚུལ་དུས་བཀག་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་པ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་དང་སྨྱན་སྦྱོར་གྱིས་ཤེས་རྟོགས་ཐུབ་པ་དང་ཐེར་འདོན་བྱས་པའི་གནད་དོན་རིགས་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་འབྲེལ་ཐག་གཅོད་བྱས་འབྲས་ཡོངས་བསྒྲགས་ཀྱང་བྱེད་དགོས་པ། གནས་སྐབས་རོགས་སྐྱོབ་ཀྱི་འགན་འཁྲི་བདའ་འདེད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་སྲིད་འཛིན་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་འགན་འཁྲི་དོན་འཁྱོལ་མ་བྱས་པ་དང་། ཕན་ཚུན་འགན་དཀྲི་བ། ཐག་གཅོད་དུས་ཐོག་མ་བྱས་པ་སོགས་ཀྱིས་རྐྱེན་པས་མཇུག་འབྲས་ཚབས་ཆེན་བཟོས་པའི་ཚན་པ་དང་མི་སྒེར་ལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས།

(བཞི) སྲིད་ཇུས་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས། རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར་དང་དུས་དེབ། དྲ་རྒྱ་སོགས་སྨྱན་སྦྱོར་བརྒྱུད། གནས་སྐབས་རོགས་སྐྱོབ་ཀྱི་ནུས་པའི་ངེས་གནས་དང་ལམ་ལུགས་ཁྱད་ཆོས་ཕྱོགས་མང་པོའི་སྒོ་ནས་དྲིལ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་གནས་སྐབས་རོགས་སྐྱོབ་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུར་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས། དེ་དང་ཆབས་ཅིག་དྲིལ་བསྒྲགས་ཡིག་སྒྲོམ་དང་དྲིལ་བསྒྲགས་ལག་དེབ་སོགས་ཐབས་ལམ་དང་རྣམ་པ་སྤྱད་དེ་དྲིལ་བསྒྲགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་གནས་སྐབས་རོགས་སྐྱོབ་སྲིད་ཇུས་མི་ཚང་མས་ཤེས་པ་བྱེད་དགོས།

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།2017ལོའི་ཟླ2ཚེས28ཉིན།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།