ཀྲུང་གོ་བོད་ཀྱི་དྲ་བ།

མཚན་གུང་དུ་ཕྱིར་ཡང་ཡང་འགྲོ་མཁན་གཞོན་ནུ་མ་འགའ།

ཡོང་ཁུངས། : བོད་ལྗོངས་ཁྲིམས་ལུགས་ཚགས་པར།     སྤེལ་དུས། : 2016-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཉེན་རྟོག་པ་ལགས། སྐུ་ཁམས་བཟང་། ང་ཚོའི་འདི་གར་དགོང་ལྟར་ཆ་རྒྱུས་མེད་པའི་གཞོན་ནུ་མ་འགའ་འགྲོ་སྐྱོད་བྱེད་ཀྱི་འདུག་པས། ཁྱེད་རྣམ་པས་བརྟག་དཔྱད་ཅིག་གནང་རོགས་གནང”

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཉང་བྲན་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བྲག་རི་ཁུག་གྲོང་ཚོའི་རླངས་འཁོར་ཉམས་གསོ་ཁང་ག་གེ་མོ་ཞིག་གི་ཉེ་འགྲམ་དུ་རྒྱུན་གཏན་གྱི་སྐོར་གཡེང་བྱེད་པའི་སྐབས་གློ་བུར་དུ་གྲོང་མི་ཞིག་གི་ཐེར་འདོན་གོང་ཞུ་དེ་ལྟར་འབྱོར།

A རང་དབང་མེད་པར་ཨར་ཁང་དུ་ཆང་འཐུང་རོགས་བྱེད་དགོས་བྱུང་བ།

ཆ་འཕྲིན་འབོར་ཆེན་འཚོལ་བསྡུ་བྱས་རྗེས། མི་དམངས་ཉེན་རྟོག་པས་ཞིབ་བཤེར་དང་དངོས་སྡོད་ཞིབ་འཇུག་གི་ལས་དོན་སྤེལ་འགོ་བརྩམས། ཉིན་མཚན་འགའ་ལྐོག་ཏུ་ལྟ་ཞིབ་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཤེས་རྟོགས་བྱུང་བ་སྟེ། “མཚན་གུང་དུ‘འགྲོ་སྐྱོད’བྱེད་མཁན་གྱི་ཆ་རྒྱུས་མེད་པའི་གཞོན་ནུ་མ་དེ་དག་ནི་དོན་དངོས་ཐོག་ལོ་ཆུང་བུ་མོ་ལྔ་ཡིན་པ་རེད། ཁོང་ཚོ་རྟག་ཏུ་ཕྱི་དྲོའི་ཆུ་ཚོད་བཞི་པའི་གཡས་གཡོན་དུ་བཟའ་ཚོ་གཉིས་དང་མཉམ་དུ་གནས་སྡོད་བྱ་ཡུལ་གྱི་བོགས་གཏོང་ཁང་པ་ཞིག་ནས་ཐོན་ཏེ་རླངས་འཁོར་ལ་བསྡད་དེ་ཆུ་མིག་ལམ་གྱི་ཨར་ཁང་ཞིག་ཏུ་འགྲོ་གི་ཡོད། དེ་རྗེས་ཉིན་གཉིས་པའི་དགོང་མོའི་ཆུ་ཚོད་བཞི་པ་ལྔ་པ་ཙམ་ལ་ཨར་ཁང་ནས་བོགས་གཏོང་ཁང་པར་ལོག་གི་ཡོད། དེ་མིན་གྱི་དུས་ཚོད་དུ་སྤྱིར་ན་ཕྱིར་དོན་གྱི་མེད་པ”དེ་རེད།

ཁུངས་སྣེ་ཁོང་དུ་ཆུད་རྗེས་མི་དམངས་ཉེན་རྟོག་པས་གཞོན་ནུ་མ་དེ་དག་ལ་དོགས་པ་ཆེན་པོ་བྱས། དེས་ན། མི་དམངས་ཉེན་རྟོག་པས་སྐུ་མགྲོན་ཡིན་ཁུལ་བྱས་ཏེ་གཞོན་ནུ་མ་དེ་དག་ལ་རྗེས་འདེད་གཏོང་རྒྱུའི་ཐག་བཅད། མི་དམངས་ཉེན་རྟོག་པ་ཨར་ཁང་དུ་འབྱོར་རྗེས་གཞོན་ནུ་མ་དེ་དག་ཚང་མ་དོན་དངོས་ཐོག་ཨ་རག་འཐུང་རོགས་བྱེད་མཁན་ཡིན་པ་ཤེས། གློག་འོད་གསལ་ལ་མི་གསལ་གྱི་ཨར་ཁང་ནང་བག་མེད་རྒྱས་སྤྲོས་པ་ཚོ་མཚན་དགུང་དུ་རབ་དགའི་རྩེད་མོར་རོལ་མོད། འོན་ཀྱང་ག་བྱེད་འདི་བྱེད་མེད་པའི་གནས་སུ་གྱར་པའི་གཞོན་ནུ་མ་དག་མི་འདོད་བཞིན་དུ་རང་སོ་སོའི་ཕོར་པའི་ནང་གི་སྦི་རག་འཐུང་བཞིན་མགྲོན་པོར་སྦི་རག་མི་དྲངས་དཀའ་མེད་དུ་གྱུར། རང་དབང་མེད་པར་ལུས་པོ་དེ་གར་ཆགས་རྐྱེན་ཕོར་པའི་ནང་གི་སྦི་རག་འཐུང་རྒྱུ་ལས་མ་འདས།

བརྟག་དཔྱད་བྱེད་མཚམས་འདིར་སླེབས་སྐབས། མི་དམངས་ཉེན་རྟོག་པས་དོན་དག་ཅུང་གསལ་རྟོགས་ཐུབ་པ་དང་གང་མགྱོགས་དེ་མཚུངས་ཀྱི་བྱ་སྤྱོད་སྤེལ་བའི་ཁར་དོན་དག་དེ་གྱོད་ཁོངས་སུ་བཅུག་ནས་མྱུལ་ཞིབ་བྱ་རྩིས་བྱས། འོན་ཀྱང་སྐབས་དེར་བརྟག་ཞིབ་བྱ་རྒྱུར་འགོག་རྐྱེན་ཞིག་འཕྲད།

དོགས་ཟོན་མ་བྱས་པའམ་ཡང་ན་རྒྱུ་རྐྱེན་གཞན་དག་དབང་གིས་དུས་དེ་ནས་བཟུང་། གཞོན་ནུ་མ་ལྔ་པོ་བོགས་གཏོང་ཁང་པར་ཕྱིར་ལོག་བྱེད་པའམ་ཡང་ན་ཨར་ཁང་དུ་འགྲོ་བའི་སྐབས་སུ་རླངས་འཁོར་ཞིག་གིས་མི་དམངས་ཉེན་རྟོག་པའི་ལྟ་ཞིབ་མཐོང་ལམ་བཀག མི་དམངས་ཉེན་རྟོག་པས་སླར་ཡང་རྗེས་འདེད་གཏོང་རྩིས་བྱེད་སྐབས་རླངས་འཁོར་དེས་རྐང་བཙུགས་ནས་གཡོལ་ཐབས་བྱས།

B“གླ་ཕོགས་སྒོར1300”ཡི་རྒྱབ་ཀྱི“ལྐོག་གྲོས”

ཉིན་འགའ་ཤས་བརྟག་དཔྱད་བྱེད་མཚམས་བཞག དེས་ན་གཞོན་ནུ་མ་ལྔ་པོས་རྒྱུན་གཏན་དང་མི་འདྲ་བའི་གནས་ཚུལ་མེད་པར་བསམས་ནས་ལྷོད་ལ་བབས་པའི་སྐབས་སུ་མི་དམངས་ཉེན་རྟོག་པས་སླར་ཡང་བྱ་སྤྱོད་སྤེལ་རྒྱུའི་ཐག་བཅད། འོན་ཀྱང་གཞོན་ནུ་མ་དེ་དག་གིས་ཨར་ཁང་དུ་འགྲོ་བ་ཕུད་ཕྱི་ལ་གཏན་ནས་དོན་གྱི་མེད།

གལ་སྲིད་ས་ཆ་གཞན་ལ་འགྲོ་སྐབས་མི་གཞན་མཉམ་དུ་ཡོད་པས་མི་དམངས་ཉེན་རྟོག་པར་གཞོན་ནུ་མ་དེ་དག་དང་ཉེ་བཅར་བྱེད་པའི་གོ་སྐབས་གཏན་ནས་མ་བྱུང་། ག་བྱེད་འདི་བྱེད་མེད་པའི་སྐབས་སུ་མི་དམངས་ཉེན་རྟོག་པས་སླར་ཡང་སྐུ་མགྲོན་ཡིན་ཁུལ་བྱས་ནས་ཨར་ཁང་དུ་ཕྱིན་ཏེ་དཔང་རྟགས་རག་ཐབས་བྱས། གཞོན་ནུ་མ་དེ་དག་གིས་སྐུ་མགྲོན་དང་མཉམ་དུ་ཨར་ཁང་ནས་ཐོན་སྐབས་མི་དམངས་ཉེན་རྟོག་པར་རྗེས་འདེད་གཏོང་བའི་གོ་སྐབས་ཤིག་ཐོབ།

མགྲོན་པོར་རྗེས་འདེད་བཏང་བ་བརྒྱུད། གཞོན་ནུ་མ་དེ་དག་ལ་ཆང་འཐུང་རོགས་བྱེད་པའི་བྱ་སྤྱོད་ལྡན་པ་མ་ཟད། ད་དུང་སྨད་འཚོང་གི་བྱ་སྤྱོད་ཀྱང་ལྡན་པ་ཤེས་རྟོགས་བྱུང་།

དེས་ན་མི་དམངས་ཉེན་རྟོག་པ་ཚོས་གཞོན་ནུ་མ་དེ་དག་འཛིན་བཟུང་བྱ་རྒྱུའི་ཐག་བཅད། ཟླ3ཚེས30ཉིན་གྱི་ཆུ་ཚོད16ཡོལ་ཙམ་ལ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཉང་བྲན་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གཞོན་ནུ་མ་ལྔ་པོ་དང་བཟའ་ཚོ་དེ་གཉིས་འཛིན་བཟུང་བྱས།

ཁོང་ཚོ་འཛིན་བཟུང་བྱས་རྗེས་གྱོད་གཞི་རྩད་གཅོད་རགས་ཙམ་བྱུང་བ་དང་འདྲི་རྩད་ཞིབ་ཕྲ་བྱས་པ་བརྒྱུད་གཞོན་ནུ་མ་ལྔ་པོ་ནི་ཨར་ཁང་དེས་གདན་ཞུ་བྱས་པའི་ཞབས་ཞུ་མ་ཡིན་པ་ཤེས་རྟོགས་བྱུང་། ལོ་ཤས་གོང་སྨུག་ཆེ་གེ་མོ་དང་བློ་ཆེ་གེ་མོ་བཟའ་ཚོས་ཨར་ཁང་གི་ཞབས་ཞུ་མ་བསྡུ་བའི་མིང་ཐོག་ནས་ཟླ་རེར་གླ་ཆ་སྒོར1300ཡི་སྟེང་ད་དུང་གླ་སྣོན་ཡང་སྤྲོད་རྒྱུ་བྱས་ཏེ་དབྱང་ཆེ་གེ་མོ་གདན་ཞུ་བྱས་པ་མ་ཟད། ད་དུང་དབྱང་ཆེ་གེ་མོ་དང་གྲོས་མཐུན་ཡང་བཞག་ཡོད། གྲོས་མཐུན་ནང་རང་མཚམས་ཀྱིས་ཕྱི་ལ་འགྲོ་མི་ཆོག་པའམ་ཡང་ན་དེ་ནས་ཁ་བྲལ་མི་ཆོག་པའི་གཏན་འབེབས་བཟོས་པ་དང་འབྲེལ་ཁོ་མོའི་རྒྱུན་གཏན་གྱི་གྱོན་གོས་དང་འཚོ་བའི་མཁོ་ཆས་སྤྱིར་ཚང་མ་སྦྱིན་བདག་གིས་མཁོ་སྤྲོད་བྱ་རྒྱུ་དང་དབྱང་ཆེ་གེ་མོ་ལས་གནས་དེ་ནས་བྲལ་འདོད་བྱུང་ཚེ་གླ་ཆ་ཚང་མ་རྩིས་རྒྱག་རྒྱུའི་ཁ་ཆད་ཀྱང་བྱས། དེ་རྗེས་ཁོང་ཚོས་གོང་གི་ཆ་རྐྱེན་དེ་དག་ལ་བརྟེན་ནས་ཡེ་ཆེ་གེ་མོ་དང་། བསྟན་ཆེ་གེ་མོ། ཕུར་ཆེ་གེ་མོ། དབྱང་ཆེ་གེ་མོ་བཅས་མི་བཞི་གདན་ཞུ་བྱས།

C བཙན་ཤེད་ཀྱིས་ལོ8ཙམ་སྨད་འཚོང་དུ་བཅུག་པ།

གདན་ཞུའི་ཆ་རྐྱེན་འདི་ལྟ་བུ་ཡིན་པ་ཤེས་རྟོགས་བྱུང་རྗེས་མི་དམངས་ཉེན་རྟོག་པའི་སེམས་ནང་གནས་ཚུལ་དེ་གང་འདྲ་ཡིན་པ་རགས་ཙམ་ཤེས། དེ་ཕལ་ཆེར་མི་ལུས་རང་དབང་ལ་ཚོད་འཛིན་ཕོག་པ་དང་འབྲེལ་བཙན་ཤེད་ཀྱིས་སྨད་འཚོང་དུའང་བཅུག་པའི་གྱོད་གཞི་ཞིག་ཡིན་པའི་དོགས་གཞི་ཆེན་པོ་སྐྱེས། ཞུ་སྦྱོར་ཕྱི་མས་ངོས་ལེན་ཞུས་པ་བརྒྱུད་བཟའ་ཚོ་དེ་གཉིས་དང་གྲོས་མཐུན་བཞག་རྗེས་གཞོན་ནུ་མ5པོའི་མི་ལུས་རང་དབང་ལ་ཚོད་འཛིན་ཕོག་པ་དང་བཙན་ཤེད་ཀྱིས་སྨད་འཚོང་འཚོ་བ་རིམ་བཞིན་སྐྱེལ་འགོ་བརྩམས་པ་རྩད་གཅོད་ཐུབ། སྨད་འཚོང་གི་དུས་ཚོད་རིང་ཤོས་ལོ་8དང་ཐུང་ཤོས་ལའང་ལོ2ཡན་ཟིན་ཡོད།

དུས་ཡུན་ལོ8བཙན་ཤེད་ཀྱིས་སྨད་འཚོང་དུ་བཅུག་རིང་ཁོང་ཚོའི་མི་ལུས་རང་དབང་ཤོར་བ་མ་ཟད། ད་དུང་མཚར་སྡུག་ལྡན་པའི་ལང་ཚོ་ཡང་ཤོར་ཡོད། བཙན་ཤེད་ཀྱིས་སྨད་འཚོང་དུ་བཅུག་པའི་ལོ་ཁ་ཤས་ནང་ཁོང་ཚོར་གླ་ཆ་རྣམས་རག་ཡོད་དམ། ཁོང་ཚོས་བཤད་པར་གཞིགས་ན། སྨུག་ཆེ་གེ་མོ་དང་བློ་ཆེ་གེ་མོས་ཁོང་ཚོར་གྱོན་གོས་དང་། མཛེས་རྫས། རྒྱུན་སྤྱོད་མཁོ་ཆས་བཅས་ཕྲན་བུ་ཉོས་ནས་སྤྲད་པ་ལས་ལོ་དེ་དག་རིང་གླ་ཆ་སྒོར་ཟུར་གཅིག་ཀྱང་རག་མེད།

མིག་སྔར། ཉེས་གསོག་དོགས་ཅན་སྨུག་ཆེ་གེ་མོ་དང་བློ་ཆེ་གེ་མོས་རང་ཉིད་ཀྱིས་བསགས་པའི་ནག་ཉེས་ཚང་མ་ངོས་ལེན་ཞུས་ཡོད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱིས་གྱོད་དོན་དང་འབྲེལ་བ་ཡོད་པའི་མི་སྣ་ཚང་མ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་རྩིས་སྤྲད་པ་དང་སྦྲགས་འབྲེལ་ཡོད་གནས་ཚུལ་སྔར་བས་བརྟག་ཞིབ་གཏིང་ཟབ་བྱེད་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།