ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་ལས་མི་སྤྱོད་མཁན་ཁྲིམས་འགལ་གྱི་ཚན་པར་ཉེས་ཆད་སྒོར་ཁྲི་གཉིས་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཁྲིམས་ལུགས་ཚགས་པར།     སྤེལ་དུས། : 2016-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་ གཞིའི་ གནས་ ཚུལ།

2016ལོའི་ཟླ3ཚེས19ཉིན། རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ངལ་རྩོལ་ལྟ་ཞིབ་ཅུས་ལ་ཡིག་ཐོག་ཐེར་འདོན་འབྱོར་ནས། རོལ་རྩེད་ཚད་ཡོད་ཀུང་སི་ཞིག་གིས་ཁྲིམས་འགལ་ངང་བྱིས་པ་ལས་མི་སྤྱོད་པའི་སྐོར་བཀོད་དེ། ངལ་རྩོལ་འགན་སྲུང་ལྟ་ཞིབ་སྒྲིག་གཞིས་ཁྲིམས་བཞིན་ཞིབ་བཤེར་ཐག་གཅོད་བྱ་རྒྱུའི་རེ་བ་ཞུས།

ཐེར་འདོན་འབྱོར་རྗེས། ངལ་རྩོལ་འགན་སྲུང་ལྟ་ཞིབ་སྒྲིག་གཞིས་འཕྲལ་དུ་གྱོད་དོན་ཐོ་འགོད་བྱས་པ་དང་སྦྲགས། ལས་དོན་པ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་དང་དཔང་རྟགས་བླངས་པ་རེད། ལས་ཡུལ་དངོས་སུ་བརྟག་དཔྱད་བྱེད་པ་དང་འབྲེལ་ཡོད་འགན་འཁུར་བ་དང་དོ་བདག་ལ་འདྲི་རྩད་བྱས་པ་མ་ཟད། ཀུང་སི་དེས་ལས་མིའི་མིང་ཐོ་དང་། གླ་ཕོགས་རེའུ་མིག ལས་ཐོ། ལས་ཞུགས་ཐོ་འགོད། ལས་བྲལ་ཐོ་འགོད་རེའུ་མིག་སོགས་དཔྱད་གཞི་བཤེར་བྱས་པ་བརྒྱུད། ཚན་པ་དེས་ཁྲིམས་འགལ་ངང་བྱིས་པ་ལས་མི་སྤྱོད་པའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱུང་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། ཀུང་སི་དེས2016ལོའི་ཟླ1ཚེས31ཉིན་ལྗོངས་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་དུ་ཐོ་བཀོད་ནས་བཙུགས་པ་དང་གཙོ་བོ་རོལ་རྩེད་ཀྱི་ལས་སྒོ་གཉེར་གྱི་ཡོད་པ་རེད། 2012ལོའི་ཟླ6པར། ཀུང་སི་དེས་ཐབ་ལས་ཙག་ཙིག་བྱེད་མཁན་ཧྥན་ཆེ་གེ་མོ་ལས་མིར་བསྡུས་པ་དང་། ཞིབ་བཤེར་བྱེད་སྐབས་ཁོ་པ་ལོ16ལ་སླེབས་མེད་པ་རེད།

ཐག་གཅོད་བྱས་འབྲས།

2016ལོའི་ཟླ4ཚེས1ཉིན། ངལ་རྩོལ་འགན་སྲུང་ལྟ་ཞིབ་སྡེ་ཚན་གྱིས་ཀུང་སི་དེས་ཁྲིམས་འགལ་ངང་བྱིས་པ་ཧྥན་ཆེ་གེ་མོ་ལས་མིར་ཉར་བའི་བྱེད་སྤྱོད་དེ་ཁྲིམས་འགལ་ཡིན་པ་ངོས་འཛིན་གཏན་འཁེལ་བྱས་པ་དང་འབྲེལ། ཀུང་སི་དེར《འགན་དཀྲིས་ཡོ་བསྲང་གི་གཏན་འབེབས》སྤྲད་དེ་ཁྲིམས་ལྟར་ཧྥན་ཆེ་གེ་མོ་སོ་སོའི་སྡོད་གནས་སུ་བསྐྱལ་ནས་ཁོ་པའི་ཕ་མར་རྩིས་སྤྲོད་དགོས་པའི་བཀའ་ཕབ་པ་དང་ཆབས་ཅིག ཀུང་སི་དེར་སྒོར20000ཡི་སྲིད་འཛིན་ཆད་པ་བཅད་པ་རེད།

བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ངལ་རྩོལ་ལྟ་ཞིབ་ཅུས་ཀྱིས། གྱོད་གཞི་དེ་ནི་ཁྲིམས་འགལ་ངང་བྱིས་པ་ལས་མི་སྤྱོད་པའི་དཔེ་མཚོན་གྱོད་གཞི་ཞིག་ཡིན། ལོ་ཆུང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ཞིག་ཡིན་ལ། བྱིས་པ་ལས་མི་སྤྱོད་པའི་བྱེད་སྤྱོད་ནི་ངལ་རྩོལ་འགན་སྲུང་སྡེ་ཚན་གྱིས་ནམ་ཡང་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པའི་གཙོ་གནད་ཞིག་ཀྱང་ཡིན་པ་སྟེ། དང་ཐོག མི་སྤྱོད་ཚན་པ་དེས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལས་འགལ་ཞིང་། 《ངལ་རྩོལ་བཅའ་ཁྲིམས》ཀྱི་དོན་ཚན་བཅོ་ལྔ་པའི་ནང་མི་སྤྱོད་ཚན་པས་ལོ16ལ་མ་སླེབས་པའི་ན་སོ་དར་ལ་མ་བབས་པའི་མི་བསྡུ་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་དང་། 《བྱིས་པ་ལས་མི་སྤྱོད་མི་ཆོག་པའི་གཏན་འབེབས》ཀྱི་དོན་ཚན་གཉིས་པའི་ནང་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་བྱ་གཞག་ཚན་པ། ཁེ་ལས་མིན་པའི་དམངས་གཉེར་ཚན་པའམ་སྒེར་གཉེར་བཟོ་ཚོང་དུད་ཚང་ཚང་མས་ལོ16ལ་མ་སླེབས་པའི་ན་སོ་དར་ལ་མ་བབས་པའི་ལས་མི་བསྡུ་མི་ཆོག་པའི་གཏན་འབེབས་བྱས་ཡོད། དོན་ཚན་བཞི་པའི་ནང་མི་སྤྱོད་ཚན་པས་ལས་མི་བསྡུ་སྐབས། ངེས་པར་དུ་ཐོབ་ཐང་ལག་ཁྱེར་ལ་ཞིབ་བཤེར་བྱས་ཏེ། ལོ16ལ་མ་སླེབས་པའི་ན་སོ་དར་ལ་མ་བབས་པའི་ལས་མི་གཅིག་ཀྱང་བསྡུ་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་བཅས་རེད།

གཉིས་ནས། མི་སྤྱོད་ཚན་པས་ཁྲིམས་འགལ་ངང་བྱིས་པ་ལས་མི་སྤྱོད་པར་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པ་སྟེ། 《ངལ་རྩོལ་བཅའ་ཁྲིམས》གྱི་དོན་ཚན་གོ་བཞི་པའི་ནང་། མི་སྤྱོད་ཚན་པས་ཁྲིམས་འགལ་ངང་ལོ16མ་སླེབས་པའི་ན་ཚོད་དར་ལ་མ་བབས་པའི་ལས་མི་སྤྱོད་ཚེ། ངལ་རྩོལ་སྲིད་འཛིན་སྡེ་ཚན་གྱིས་འགན་དཀྲིས་ཡོ་བསྲང་བྱེད་རྒྱུའི་བཀའ་ཕབ་རྒྱུ་དང་འབྲེལ་དངུལ་ཆད་ཀྱང་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེན་རིགས་ལ། བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ལས་གཉེར་ལག་ཁྱེར་ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་དང་། 《བྱིས་པ་ལས་མི་སྤྱོད་མི་ཆོག་པའི་གཏན་འབེབས》ཀྱི་དོན་ཚན་དྲུག་པའི་ནང་། བྱིས་པ་ལས་མི་བསྡུ་སྤྱོད་བྱེད་མཁན་མི་སྤྱོད་ཚན་པའི་རིགས་ལ། ངལ་རྩོལ་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་བྱིས་པ་ལས་མི་གཅིག་བསྡུ་སྤྱོད་བྱས་ན་ཟླ་རེར་དངུལ་ཆད་སྒོར5000རེ་གཅོད་རྒྱུའི་ཚད་གཞི་ལྟར་ཆད་པ་གཅོད་རྒྱུ་དང་། ངལ་རྩོལ་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་མི་སྤྱོད་ཚན་པར་བྱིས་པ་ལས་མི་དག་དུས་བཅད་ལྟར་ཁོང་ཚོའི་དེ་སྔའི་སྡོད་སར་བསྐྱལ་ནས་སོ་སོའི་ཕ་མ་དང་ཡང་ན་ལྟ་སྐྱོང་བར་རྩིས་སྤྲོད་དགོས་པ་མ་ཟད། ལམ་བར་གྱི་འགྲིམ་འགྲུལ་དང་ཟ་སྡོད་ཐད་ཀྱི་འགྲོ་གྲོན་ཚང་མ་མི་སྤྱོད་ཚན་པས་སྤྲོད་དགོས་པའི་བཀའ་ཕབ་དགོས་ཞེས་འཁོད་ཡོད། དེར་བརྟེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཚན་གྱིས་ཁྲིམས་ལྟར་ཚན་པ་དེར་ཧྥན་ཆེ་གེ་མོ་དེ་སྔའི་སྡོད་སར་བསྐྱལ་ནས་ཁོང་གི་ཕ་མར་རྩིས་སྤྲོད་དགོས་པའི་བཀའ་ཕབ་པ་མ་ཟད། ད་དུང་སྲིད་འཛིན་ཆད་པ་སྒོར20000བཅད་པ་རེད། དེར་བརྟེན་གོང་གི་དབྱེ་ཞིབ་བྱས་པ་བརྒྱུད་མི་སྤྱོད་ཚན་པས་བྱིས་པ་ལས་མི་སྤྱོད་མི་ཆོག་པའི“གློག་ཆེན”དེར་ནམ་ཡང་རེག་མི་ཉན་ཏེ། གལ་སྲིད་རེག་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།