ཀྲུང་གོ་བོད་ཀྱི་དྲ་བ།

འཁོར་ལམ་བསྒྱུར་པས་རྩོད་གཞི་ཐོན། ཁོང་ཁྲོའི་དབང་གིས་བཙོན་དུ་ཚུད།

ཡོང་ཁུངས། : མཚོ་སྔོན་སྲིད་གཞུང་དྲ་བ།     སྤེལ་དུས། : 2016-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་གཞིའི་གནས་ཚུལ།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་སྦྱོར་ཕྱི་མ་བྱམས་ཆེ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་པའི་སྐྱོན་འདོན་ཞུ་གཏུག་བྱས་ནས། 2016ལོའི་ཟླ3ཚེས11ཉིན་ཁྲིམས་ཁང་ལ་གཞུང་གཏུག་བརྒྱབ་པ་རེད། ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས་ཁྲིམས་ལྟར་སྟབས་བདེའི་གོ་རིམ་སྤྱད་དེ་འགན་འཁྲི་གཅིག་འཛིན་གྱི་འདྲི་གཅོད་བྱས་ནས། ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ཏེ་འདྲི་ཞིབ་བྱས་པ་དང་གྱོད་གཞི་དེ་མིག་སྔར་འདྲི་ཞིབ་བྱེད་མཇུག་འགྲིལ་བ་རེད།

གཞུང་གཏུག་ལས་ཁུངས་ཀྱིས་ཉེས་བགྲང་ཞུ་གཏུག་བྱས་དོན། 2015ལོའི་ཟླ6ཚེས19ཉིན་གྱི་ཆུ་ཚོད23ཡོལ་ཙམ་ལ་ཞུ་སྦྱོར་ཕྱི་མ་བྱམས་ཆེ་གེ་མོ་དང་གནོད་འཚེ་ཕོག་མཁན་དབྱིན་ཆེ་གེ་མོའི་དབར། ལྷ་ས་གྲོང་ཁྱེར་གྱི་ཚོང་དོན་ཁང་ཞིག་གི་སྒོ་འགྲམ་དུ་རླངས་འཁོར་ལམ་བསྒྱུར་བྱེད་པའི་གནད་དོན་ཐད་རྩོད་གཞི་ཐོན་པ་དང་། དེ་རྗེས་ཁོ་གཉིས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ལམ་དུམ་བུ་ཞིག་གི་དངུལ་ཁང་ཞིག་གི་སྒོ་འགྲམ་བར་དུ་འདེད་རེས་བྱས་ནས་མཐར་འཛིང་ རེས་བྱས། ཞུ་སྦྱོར་ཕྱི་མ་བྱམས་ཆེ་གེ་མོས་གནོད་འཚེ་ཕོག་མཁན་དབྱིན་ཆེ་གེ་མོའི་གདོང་དང་མགོ་ལ་ཁུ་ཚུར་གཞུས་ནས། དབྱིན་ཆེ་གེ་མོའི་སོ་ལྔ་བཅག་པ་དང་མགོ་ལ་རྨ་བཟོས་ཡོད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲིམས་འཛིན་གསལ་འབྱེད་ལྟེ་གནས་ཀྱིས་ཁྲིམས་ལྟར་གསལ་འབྱེད་བྱས་པ་བརྒྱུད། གནོད་འཚེ་ཕོག་མཁན་དབྱིན་ཆེ་གེ་མོའི་སོ་བཅག་པ་དེ་རྨས་སྐྱོན་ཆུང་རིགས་རིམ་པ་དང་པོར་གཏན་འཁེལ་བྱས་པ་དང་། མགོ་ལ་རྨ་བཟོས་པ་དེ་རྨས་སྐྱོན་ཆུང་རིགས་དང་ཅུང་ཆུང་རིགས་ལ་གཏན་འཁེལ་བྱས་ཡོད།

གཞན་ཡང་ཞིབ་བཤེར་བྱས་པ་བརྒྱུད་ཞུ་སྦྱོར་ཕྱི་མ་བྱམས་ཆེ་གེ་མོ་དང་གནོད་འཚེ་ཕོག་མཁན་དབྱིན་ཆེ་གེ་མོའི་དབར་འཛིང་རེས་བྱས་པའི་བརྒྱུད་རིམ་ཁྲོད་ལག་པ་གཡས་པ་དང་མགོ་བོར་རྨས་སྐྱོན་ཕོག་པ་དེ་གསལ་འབྱེད་བྱས་པ་བརྒྱུད། ཚང་མ་རྨས་སྐྱོན་ཆུང་རིགས་དང་ཅུང་ཆུང་རིགས་ལ་གཏན་འཁེལ་བྱས། གཞན་ཡང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་བར་འདུམ་བྱས་པ་བརྒྱུད་ཞུ་སྦྱོར་ཕྱི་མ་བྱམས་ཆེ་གེ་མོ་དང་གནོད་འཚེ་ཕོག་མཁན་དབྱིན་ཆེ་གེ་མོའི་དབར་སྐྱིན་ཚབ་སྤྲོད་པའི་གྲོས་མཐུན་བྱུང་ནས། ཞུ་སྦྱོར་ཕྱི་མ་བྱམས་ཆེ་གེ་མོས་གནོད་འཚེ་ཕོག་མཁན་དབྱིན་ཆེ་གེ་མོར2016ལོའི་ཟླ3ཚེས18ཉིན་ཐེངས་གཅིག་ལ་སྐྱིན་ཚབ་སྒོར་ཁྲི་3.5སྤྲད་པ་དང་། གནོད་འཚེ་ཕོག་མཁན་གྱིས་བསམ་ཤེས་ཡི་གེ་བྲིས་ནས། ཁྲིམས་ཁང་ལ་ཞུ་སྦྱོར་ཕྱི་མ་བྱམས་ཆེ་གེ་མོར་ཆད་པ་ཡང་པོ་གཅོད་རྒྱུའི་རེ་ཞུ་བྱས།

ཁྲིམས་གཅོད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བྱམས་ཆེ་གེ་མོས་རྐང་བཙུགས་ནས་མི་ལུས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོས་ནས། གནོད་འཚེ་ཕོག་མཁན་དབྱིན་ཆེ་གེ་མོར་རྨས་སྐྱོན་ཆུང་རིགས་རིམ་པ་དང་པོ་དང་། རྨས་སྐྱོན་ཆུང་རིགས་དང་ཅུང་ཆུང་རིགས་བཟོས་པའི་མཇུག་འབྲས་ཐོན་པས། དེའི་བྱེད་སྤྱོད་ནི་ཉེས་ཁྲིམས་ལས་འགལ་ནས་རྐང་བཙུགས་ནས་སྨན་སྐྱོན་བཟོས་པ་ཞིག་ཡིན་སྟབས་ཉེས་དོན་འགན་འཁྲི་འཁུར་དགོས་ངེས་ཡིན་པའི་ངོས་འཛིན་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་སུམ་ཅུ་སོ་བཞི་པར། རྐང་བཙུགས་ནས་མི་གཞན་གྱི་བདེ་ཐང་ལ་གནོད་འཚེ་བཟོས་པར་ལོ་གསུམ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་གམ་ཡང་ན་བཙོན་འཇུག་གམ་དོ་དམ་ཚོད་འཛིན་བྱ་རྒྱུ་དང་། དོན་ཚན་དྲུག་ཅུ་རེ་གཉིས་དང་། དྲུག་ཅུ་རེ་བདུན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་བཅུ་མེད་བརྒྱད་ཀྱི་གཏན་འབེབས་བཅས་གཞིར་བཟུང་། ཞུ་སྦྱོར་ཕྱི་མ་བྱམས་ཆེ་གེ་མོས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་ཉེས་པ་བསགས་པར་བརྟེན་དུས་བཀག་བཙོན་འཇུག་ཟླ་བ་བརྒྱད་བྱ་རྒྱུའི་གཏན་འཁེལ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།