ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཁང་གི་དོ་དམ་པར་བརྫུས་ཏེ་ཆང་གི་བཟི་ཡོད་པའི་སྐྱེས་པའི་རྒྱུ་ནོར་བརྐུས།

ཡོང་ཁུངས། : བོད་ལྗོངས་ཁྲིམས་ལུགས་ཚགས་པར།     སྤེལ་དུས། : 2016-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2015ལོའི་ཟླ6པར། 1994ལོར་སྐྱེས་པའི་ལི་ཆེ་གེ་མོ་སློབ་ཆེན་ཐོན་རྗེས་ལྷ་སར་ལས་ཀ་འཚོལ་དུ་ཡོང་ནའང་། ལས་ཀ་འོས་འཚམ་ཞིག་རག་མེད་པ་དང་། ལས་ཀ་འཚོལ་རིང་ལི་ཆེ་གེ་མོས1994ལོར་སྐྱེས་པའི་ཁྲེན་ཆེ་གེ་མོ་ངོ་ཤེས་ནས་ཁ་ཞེ་གཉིས་མེད་ཀྱི་གྲོགས་པོར་གྱུར།

2015ལོའི་ཟླ7ཚེས21ཉིན་གྱི་ཐོ་རངས་སུ་ལི་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོས་ལྷ་སའི་ཨར་ཁང་ཞིག་ནས་ཕྱིར་ཐོན་དུས་ཀྲོའུ་ཆེ་གེ་མོ་དང་ཧྥུའུ་ཆེ་གེ་མོ་ར་བཟི་བ་མཐོང་བ་དང་། ལི་ཆེ་གེ་མོས་འཁྲིས་ཀྱི་ཀུ་ཤུ་5Sཁ་པར་དང་དངུལ་ཁུག་མཐོང་ནས་ཁྲེན་ཆེ་གེ་མོ་དང་མཉམ་དུ་མི་དེ་གཉིས་ར་བཟི་བའི་སྐབས་དང་བསྟུན་ནས་ཁ་པར་དང་དངུལ་ཁུག་ཁྱེར་བ་རེད།

སྡོད་གནས་སུ་སླེབས་རྗེས་ཁྲེན་ཆེ་གེ་མོས་ཀྲོའུ་ཆེ་གེ་མོའི་དངུལ་ཁུག་ན་སྒོར2500ཡོད་ཁར་དེ་གཉིས་ཀྱི་ཁ་པར་ལ་གསང་ཨང་བཟོས་མེད་པ་དང་། ཁྲེན་ཆེ་གེ་མོས་ཀྲོའུ་ཆེ་གེ་མོའི་ཁ་པར་དེའི་གཏོང་སྤྲོད་འབོ་ཁ་ཕྱེ་ཡོད་པ་མཐོང་ཞིང་། ཁྲེན་ཆེ་གེ་མོས་ཀྲོའུ་ཆེ་གེ་མོའི་གཏོང་སྤྲོད་འབོ་ནང་སྒོར་ཁྲི་ཕྲག་ལྷག་ཡོད་པའང་རྟོགས། དེ་ནས་ཁྲེན་ཆེ་གེ་མོས་ཐེངས་མང་པོར་གྲངས་ཉུང་རྩིས་སྤོ་བྱས་ཏེ་ཀྲོའུ་ཆེ་གེ་མོའི་གཏོང་སྤྲོད་འབོ་ནང་གི་དངུལ་སྒོར23994བརྐུས་པ་རེད།

དེ་རྗེས་ལི་ཆེ་གེ་མོ་ཁྲེན་ཆེ་གེ་མོའི་སར་ཡོང་ནས་མཉམ་དུ་ཀྲོའུ་ཆེ་གེ་མོའི་ཁ་པར་གྱི་གཏོང་སྤྲོད་འབོའི་རྩིས་ཐོ་ནས་གྲངས་ཉུང་རྩིས་སྤོ་ཐེངས་མང་བྱས་ཏེ་སྒོར44359བརྐུས་པ་མ་ཟད། ཧྥུའུ་ཆེ་གེ་མོའི་ཁ་པར་གྱི་གཏོང་སྤྲོད་འབོའི་རྩིས་ཐོ་ནས་ཀྱང་གྲངས་ཉུང་རྩིས་སྤོ་བྱས་ཏེ་སྒོར7904བརྐུས་ཡོད་པ་རེད།

2015ལོའི་ཟླ7ཚེས26ཉིན་ལི་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉིང་ལག་རུ་ཁག་ཏུ་ངོས་ལེན་ཞུ་བར་སླེབས་ཡོད།

མི་དམངས་ཉེན་རྟོག་པས་རྩད་གཅོད་མཐའ་གསལ་བྱས་རྗེས། ལི་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོས་བརྐུས་པའི་ཀྲོའུ་ཆེ་གེ་མོའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནག་པོ5Sདེ་རིན་གོང་སྒོར1500བྱས་ནས་བཙོངས་པ་དང་། དངུལ་རྣམས་ཕྱིར་བསློགས་པ་དང་བཙོག་དངོས་ཀྱང་ཀྲོའུ་ཆེ་གེ་མོ་དང་ཧྥུའུ་ཆེ་གེ་མོར་སྤྲད་ཟིན་པ་རེད། དེར་བརྟེན་ཀྲོའུ་ཆེ་གེ་མོ་དང་ཧྥུའུ་ཆེ་གེ་མོས་བསམ་ཤེས་ཡི་གེ་བྲིས་ནས་ཁོང་གཉིས་པོར་ཆད་པ་ཡང་ཙམ་གཅོད་རྒྱུའི་འདུན་ཞུ་ཕུལ་བ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཕྱི་སྦྱོར་ཕྱི་མ་ལི་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོས་རྐུ་རྒྱག་གི་ཉེས་པ་བསགས་པའི་སྐྱོན་འདོན་ཞུ་གཏུག་བྱས་ཏེ། 2015ལོའི་ཟླ12ཚེས2ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བརྒྱབ་པ་རེད། ལི་ཆེ་གེ་མོའི་དག་འབུད་པས་ལི་ཆེ་གེ་མོ་རྗེས་འབྲང་ཉེས་ཅན་ཡིན་པས་ཉེས་ཆད་ཡང་པོ་གཅོད་དགོས་པ་དང་། རང་ཉེས་ངོས་ལེན་ཞུས་ནས་འགྱོད་བཤགས་ཀྱི་རྣམ་འགྱུར་ཡག་པོ་ཡོད་པ། སྐྱིན་ཚབ་ཧུར་ཐག་སྤྲད་པ་མ་ཟད་གནོད་འཚེ་ཕོག་མཁན་གྱི་བསམ་ཤེས་ཐོབ་པ།  གནོད་འཚེ་ཕོག་མཁན་ཀྲོའུ་ཆེ་གོ་མོའི་ལག་ཐོགས་ཁ་པར་དང་དེ་བཞིན་དངུལ་སྨར་སྒོར2500བརྐུས་པར་ཉེས་དོན་འགན་འཁྲི་མི་འཁུར་རྒྱུའི་དག་སེལ་བྱས་པ་མ་ཟད། ཕྱི་སྦྱོར་ཕྱི་མ་ལི་ཆེ་གེ་མོར་ལོ་གཅིག་ཙམ་གྱི་དུས་བཀག་བཙོན་འཇུག་དང་ནར་འགྱངས་ལག་བསྟར་བྱ་རྒྱུའི་འདུན་ཞུ་ཕུལ་ཡོད། ཕྱི་སྦྱོར་ཕྱི་མ་ཁྲེན་ཆེ་གེ་མོའི་དག་འབུད་པས་ཁྲེན་ཆེ་གེ་མོའི་རང་ངོས་ཀྱི་བསམ་བློ་དེ་ཙམ་ངན་པ་མེད་ཁར་ནག་ཉེས་བསགས་ཐེངས་དང་པོ་ཡིན་པ། རང་ཉེས་ངོས་ལེན་ཞུས་ནས་རྣམ་འགྱུར་ལེགས་ཙམ་ཡོད་པ། སྐྱིན་ཚབ་ཧུར་ཐག་སྤྲད་པ་བཅས་ཀྱི་དག་སེལ་བྱས་ཤིང་། ཕྱི་སྦྱོར་ཕྱི་མ་ཁྲེན་ཆེ་གེ་མོར་ལོ་གསུམ་ནས་བཞི་བར་གྱི་དུས་བཀག་བཙོན་འཇུག་དང་ནར་འགྱངས་ལག་བསྟར་བྱ་རྒྱུའི་འདུན་ཞུ་ཕུལ་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ཕྱི་སྦྱོར་ཕྱི་མ་ལི་ཆེ་གེ་མོ་ནི་ཉེས་པ་མཉམ་གསོག་པ་ཡིན་པའི་དབང་གིས། ཕྱི་སྦྱོར་ཕྱི་མར་ཕན་པ་ཡོད་པའི་རྩ་དོན་ལ་གཞིགས་ཏེ་ཐུན་མོང་ཐོག་ཉེས་པ་མ་བསགས་གོང་། ཁྲེན་ཆེ་གེ་མོ་གཅིག་པུས་གནོད་འཚེ་ཕོག་མཁན་ཀྲོའུ་ཆེ་གེ་མོའི་གཏོང་སྤྲོད་འབོ་ནས་རྩིས་ཁ་བསྒྱུར་བའི་བྱེད་སྤྱོད་བསྒྲུབས་པའི་ཐད། ལི་ཆེ་གེ་མོས་ཉེས་དོན་འགན་འཁྲི་མི་འཁུར་རྒྱུ་དང་ལི་ཆེ་གེ་མོས་བརྐུས་པའི་དངུལ་གྲངས་སྒོར56263དང་ཁྲེན་ཆེ་གེ་མོས་བརྐུས་པའི་དངུལ་གྲངས་སྒོར80257ཟིན་པའི་གཏན་འཁེལ་བྱས་པ་རེད།

འོན་ཀྱང་ཐུན་མོང་ཐོག་ཉེས་པ་བསགས་རིང་ཕྱི་སྦྱོར་ཕྱི་མ་གཉིས་པོས་ཕན་ཚུན་གཞོགས་འདེགས་བྱས་ནས་ནུས་པ་ཆེན་པོ་བཏོན་པས་ཉེས་ཅན་གཏེ་པོ་དང་ཕལ་པའི་དབྱེ་བ་འབྱེད་རྒྱུ་མིན། གྱོད་ཡ་ལི་ཆེ་གེ་མོའི་དག་འབུད་པས“ལི་ཆེ་གེ་མོ་ནི་རྗེས་འབྲངས་ཉེས་ཅན་ཡིན་པ་དང་གནོད་འཚེ་ཕོག་མཁན་ཀྲོའུ་ཆེ་གེ་མོའི་ལག་ཐོགས་ཁ་པར་དང་དངུལ་སྨར་སྒོར2500བརྐུས་པར་ཉེས་དོན་འགན་འཁྲི་མི་འཁུར་རྒྱུ”བརྗོད་པའི་དག་འབུད་བསམ་འཆར་དེ་ཞིབ་རྩད་བྱས་རྗེས་ཀྱི་དོན་དངོས་དང་མི་མཐུན་པས། ཁྲིམས་ཁང་གིས་དང་ལེན་བྱས་མེད་པ་རེད།

སྤྱི་སྒེར་གྱི་རྒྱུ་ནོར་དབང་ཆར་བཙན་གནོད་མི་ཕོག་པའི་སྲུང་སྐྱོང་དང་ཉེས་དོན་ཉེས་གསོག་ལ་རྡུང་རྡེག་གཏོང་ཆེད། ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལི་ཆེ་གེ་མོས་རྐུ་རྒྱག་གི་ཉེས་པ་བསགས་པར་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་གཉིས་བྱ་རྒྱུ་མ་ཟད། དངུལ་སྨར་མི་དམངས་ཤོག་སྒོར2000གི་ཆད་པ་གཅོད་རྒྱུ། ཁྲེན་ཆེ་གེ་མོས་རྐུ་རྒྱག་པའི་ཉེས་པ་བསགས་པར་བརྟེན་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཟླ་བ་བདུན་བྱ་རྒྱུ་མ་ཟད། དངུལ་སྨར་མི་དམངས་ཤོག་སྒོར2000གི་ཆད་པ་བཅད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།