ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་ལས་ཁུངས་ལ་འབུམ་པར་ཆད་པ་གཅོད་པའི་དབང་ཆ་ཡོད་དམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.png

གྱོད་དཔེ།

2007ལོའི་དབྱར་ཁར། འབུམ་པ་ཡིས་གྲོང་ཁྱེར་དེའི་སྡོད་ཁུལ་ཆུང་ཆུང་ཞིག་ནས་ཁང་བ་གྱན་གཅིག་གླས་ཏེ་སྒྲ་བརྙན་རྒྱུ་ཆ་ཕྱིར་བཙོང་སའི་ཚོང་ཁང་ཞིག་གཉེར། ཚོང་རྒྱུགས་པའི་ཆེད་དུ་ཁོས་ཉིན་རྒྱུན་མི་གཞན་གྱི་རྣ་བའང་འོན་དུ་འཇུག་པའི་སྒྲ་དབྱངས་ལྡིར་ཆེ་བ་ཞིག་གྲགས་སུ་བཅུག་པ་ན། ཟླ་གཅིག་གི་རིང་ལ་ལམ་འགྲོ་བ་རྣམས་མ་བོས་ངང་གིས་འདུས་ཤིང་ཚོང་ལས་ཀྱང་ཧ་ཅང་བྲིན་ནོ། ཡིན་ཡང་ཁོའི་ཚོང་ཁང་གི་སྟེང་ན་ཡོད་པའི་སྡོད་མི་རྣམས་ཀྱིས་མིག་གིས་ལྟར་མི་བཟོད་པར་མ་ཟད། ཉི་མ་ཇི་འདྲའི་ཚ་བ་ཆེ་ནའང་སྒེའུ་ཁུང་གི་དྲ་མ་ཚང་མ་རྒྱག་དགོས་ལ་ཚོང་ཁང་གི་འུར་སྒྲ་དེས་ཡེ་ནས་སྡོད་ཐུབ་མེད་པར་གྱུར། དེ་བས་སྡོད་དམངས་ཚང་མས་འབུམ་པ་ཡི་བྱ་སྤྱོད་དེས་སྡོད་དམངས་ལ་གནོད་པ་བསྐྱལ་སོང་ཞེས་ས་དེའི་སྤྱི་བདེ་མངག་གཏོང་ཁང་ལ་གཏུགས། སྤྱི་བདེ་མངག་གཏོང་ཁང་ཐེངས་གང་མང་ཞིག་ལ་འབུམ་པ་ཚང་ལ་སོང་ནས་གནས་ཚུལ་དེ་བཤད་ནའང་། འབུམ་པ་ཡིས་དོན་དེ་སྣང་མེད་དུ་བསྐྱུར། ཕྱིས་སུ་སྤྱི་བདེ་མངག་གཏོང་ཁང་གིས་ས་གནས་ཁོར་ཡུག་ལྟ་ཞིབ་རུ་ཁག་གི་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་ལྡིར་སྒྲའི་ཚད་འཇལ་དུ་བཅུག  ཚད་འཇལ་བྱས་པ་ལྟར་ན་ལྡིར་སྒྲའི་ཚད་ཐིག་ཧྥིན་པེ་བརྒྱར་སླེབས་ཡོད་པས། སྤྱི་བདེ་མངག་གཏོང་ཁང་གིས་དེ་མ་ཐག་འབུམ་པར་ཆད་གཅོད་ཡི་གེ་ཞིག་དང་སྒོར་མོ200ཡི་ཆད་པ་བཅད་པ་ན། འབུམ་པ་མགོ་འཐོམས་ཏེ་ན་རེ། བདག་གིས་རྒྱང་སྒྲོག་གི་སྒྲ་སྒོ་ཇེ་ཆེར་ཕྱེ་བ་ཙམ་ལས་གནོད་འཚེ་གཞན་བཟོས་མེད་པས་སྤྱི་བདེ་ལས་ཁུངས་ཀྱིས་བདག་ལ་འདི་ལྟར་ཆད་པ་བཅད་ན་ཆོག་གམ་ཞེས་བཤད། འབུམ་པའི་སེམས་སུ་སྤྱི་བདེ་ལས་ཁུངས་ལ་འུར་སྒྲའི་ཟིང་ཟིང་གིས་སྡོད་དམངས་ཀྱི་འཚོ་བར་གནོད་འཚེ་བསྐྱལ་བར་དངུལ་ཆད་གཅོད་རྒྱུའི་དབང་ཆ་མེད་འདོད་པ་ནི་ནོར་འཕྱུག་གི་བསམ་བློ་ཞིག་ཡིན་ལ། སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ལྟར་འབུམ་པ་ལ་བདེ་འཇགས་དོ་དམ་དང་འགལ་བའི་སྲིད་འཛིན་ཆད་གཅོད་བྱས་ཆོག 

ཐུན་མོང་སྒྲིག་ལམ་ལ་གཏོར་བརླག་དང་ཐུན་མོང་བདེ་འཇགས་ལ་གནོད་འཚེ་བཟོས་པ།  མི་ལུས་ཁེ་དབང་དང་རྒྱུ་ནོར་བདག་དབང་ལ་གནོད་སྐྱོན་བཟོས་པ། སྤྱི་ཚོགས་དོ་དམ་ལ་གནོད་བསྐྱལ་བ་བཅས་ཀྱི་སྐབས་སུ་སྤྱི་ཚོགས་ལ་གནོད་འཚེ་བཟོས་ཀྱང་ཉེས་དོན་ཆད་གཅོད་ཀྱི་ཆ་རྐྱེན་མི་འདང་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ལྟར་ཁོ་ཚོ་ལ་བདེ་འཇགས་དོ་དམ་ཆད་གཅོད་བྱ་དགོས།  གཞན་སྡེ་ཁག་དང་ལས་ཁུངས། མི་སྒེར་སུ་ཡིན་རུང་བཅའ་ཁྲིམས་ཀྱི་གཏན་ཁེལ་གསལ་བོ་མེད་པ་དང་། བཅའ་ཁྲིམས་ཀྱི་དམིགས་བསལ་དབང་ཆ་མེད་པའི་གནས་ཚུལ་འོག་མི་གཞན་ལ་གང་དགར་དུ་ཆད་གཅོད་བྱེད་པའི་དབང་ཆ་མེད། བདེ་འཇགས་དོ་དམ་ཆད་གཅོད་ནི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱིས་ཐགས་གཅོད་བྱ་དགོས་པ་ཞིག་ཡིན་ལ། ཐ་ཚིག་སྒྲོག་པའམ་སྒོར500མན་གྱི་ཆད་པ་གཅོད་དགོས་ཚེ་ས་གནས་སྤྱི་བདེ་མངག་གཏོང་ཁང་གིས་ཀྱང་ཐག་བཅད་ཆོག

ཁྲིམས་བཤད། 

གོང་གི་དཔེར་བརྗོད་འདིའི་ཁྲོད་དུ། འབུམ་པ་ཡིས་སྐད་ཆེན་པོས་སྒྲ་བརྙན་གྲགས་སུ་བཅུག་སྟེ་སྒྲ་བརྙན་གྱི་ལྡིར་སྒྲས་སྡོད་དམངས་ཀྱི་རྒྱུན་ལྡན་འཚོ་བར་བར་ཆད་དང་ཟིང་ཆ་བསླངས་པ་དང་། སྤྱི་ཚོགས་འཚོ་བར་ཟིང་ཆ་བསླངས་པ་ན་ཁོར་ཡུག་ལ་འབག་བཙོག་བཟོས་པའི་ཁྲིམས་ལུགས་དང་འགལ་ཡོད་པས། སྤྱི་ཚོགས་དོ་དམ་ལ་གཏོར་བརླག་བྱས་པའི་དངོས་དོན་བདེན་པ་ཡིན་ལ་བདེན་དཔང་ཡང་འཐུས་ཚང་ཡིན་པས། ས་དེའི་སྤྱི་བདེ་མངག་གཏོང་ཁང་གིས་འབུམ་པ་ལ་ཐ་ཚིག་སྒྲོག་པའི་དབང་ཆ་ཡོད་ལ། ཐ་ཚིག་བསྒྲགས་ཀྱང་ཁར་མི་ཉན་མཁན་ལ་སྐབས་ཐོག་ཏུ་སྒོར200ཡི་ཆད་པ་བཅད་ཀྱང་ཁྲིམས་མཐུན་ཡིན་ནོ། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།