བཀྲ་ལོ་ཡི་བྱ་སྤྱོད་འདི་ཉེས་འགལ་ཡིན་ནམ།

1473408395560377 (1).png

གྱོད་དཔེ།

བཀྲ་ལོར་བྱ་བ་མེད་ལ་ལག་ཏུ་སྒོར་མོའང་མེད་པས། ཁོའི་སེམས་སུ་ད་ནི་རྒྱུན་ལྡན་མིན་པའི་ཐབས་ཤེས་འདྲ་སྤྱད་དེ་སྒོར་མོ་ཞིག་བཙལ་དགོས་སྙམ། ཉིན་ཞིག་ཁོས་བརྙན་འཕྲིན་ལས་ཞིང་ཆེན་གཞན་ཞིག་ཏུ་བྱུང་བའི་གསར་འགྱུར་ཞིག་ལ་ལྟ་སྐབས། གསར་འགྱུར་ལས་མི་ཞིག་ཐང་ལ་འགྱེལ་ཁུལ་བྱས་ཏེ་མི་གཞན་གྱི་སྒོར་མོ་གཡོ་ལེན་བྱེད་པ་མཐོང་བས། ཁོ་རང་མྱུར་དུ་ཚོང་ཟོང་རྙིང་བ་བཙོང་སའི་ཚོང་ཁང་དུ་སོང་ནས་པར་ལེན་འཕྲུལ་ཆས་རྫུན་མ་ཞིག་ཉོས་ཏེ་རྒྱབ་ཏུ་ཁུར་ནས་རྒྱ་སྲང་དུ་འགྱིང་འགྲོ་བྱེད་པའི་སྐབས་སུ། མདུན་ཕྱོགས་སུ་བདེ་མཆོག་སྒྱིད་ལུག་ངང་ཚུར་ཡོང་བ་མཐོང་འཕྲལ། འཀྲ་ལོ་ཡིས་མྱུར་དུ་པར་ལེན་འཕྲུལ་ཆས་རྫུན་མ་དེ་ལག་ཏུ་བཟུང་སྟེ་རྟབ་རྟབ་པོར་མདུན་ཕྱོགས་སུ་རྒྱུག་ཁུལ་བྱས་པ་ན། ཁ་གཏད་དུ་ཚུར་ཡོང་བཞིན་པའི་བདེ་མཆོག་དང་གདོང་ཐུག་བརྒྱབ་པས་ལག་གི་པར་ལེན་འཕྲུལ་ཆས་སར་ལྷུང་སོང་། བདེ་མཆོག་གིས་མྱུར་དུ་དགོངས་དག་ཞུས་ཏེ་ཐང་གི་པར་ཆས་བླངས་ནས་བཀྲ་ལོ་ལ་སྤྲད།  བཀྲ་ལོ་ཡིས་ལག་ཏུ་བཟུང་ནས་གཡས་བལྟ་གཡོན་བལྟ་འགའ་བྱས་ཏེ་བཤད་རྒྱུར། བདག་གི་པར་ལེན་འཕྲུལ་ཆས་ནི་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་པར་ཆས་རྩ་ཆེན་ཞིག་ཡིན་ལ། ཁྱོད་ཀྱིས་ཅིའི་ཕྱིར་ཐང་ལ་བརྒྱབ་ནས་བཅག་པ་ཡིན། བདག་ལ་ཅིས་ཀྱང་སྒོར1088ཀྱི་སྐྱིན་ཚབ་འཇལ་དགོས་ཟེར། བདེ་ཆོག་ཅི་བྱ་གཏོལ་མེད་དུ་གྱུར་ནས་ད་ནི་རང་སྡུག་རང་གི་ཉོས་པ་ཡིན་བསམས་ནས་བཀྲ་ལོ་ལ་གྲོས་ཁ་ཙམ་བྱས་རྗེས་སྒོར་1088ཀྱི་སྐྱིན་ཚབ་འཇལ་རྒྱུ་བྱས། བཀྲ་ལོ་ཡིས་སྐྱིན་ཚབ་སྒོར་མོ་བླངས་མ་ཐག་འཚབ་འཚུབ་ངང་འབྲོ་རྩིས་བྱེད་སྐབས་ཉེ་འགྲམ་གྱི་བདེ་སྲུང་ཨ་ཡེ་རྒན་མོ་ཞིག་ཚུར་ཡོང་སྟེ་བདེ་མཆོག་ལ། “ཨ་རོགས། གསར་བུ་ཁྱོད་གཡོ་འོག་ཏུ་ཚུད་སོང”ཞེས་བཤད་པ་ན། བདེ་མཆོག་གློ་བར་དུ་གཉིད་ལས་སད་པ་བཞིན་གཡོ་འོག་ཏུ་ཚུད་པ་ཤེས་ཏེ་མགྱོགས་པོར་བརྒྱུགས་ཏེ་བཀྲ་ལོ་ཡི་སྔུན་བཀག་པ་དང་། མི་ཚོགས་ཀྱི་རམ་འདེགས་དང་འཇིགས་སྐུལ་འོག་བཀྲ་ལོར་ཉིན་བཅུ་ཡི་སྲིད་འཛིན་བཀག་སྐྱིལ་དང་སྒོར1088གནོད་ཁེལ་མི་སྣ་བདེ་མཆོག་ལ་ཕྱིར་སྤྲོད་རྒྱུའི་ཐག་བཅད། བདེ་སྲུང་ཨ་ཡེ་རྒན་མོས་ཧ་མ་གོ་བར“འདི་ནི་དོན་ངོ་མས་མགོ་གཡོག་མགོ་སྐོར་བཏང་བ་ཡིན་པས་ཁྲིམས་འགལ་ཡིན་ལ་ཁྲིམས་ཆད་བཅད་ན་ཆོག་ཆོག་ཡིན”ཟེར།

ཁྲིམས་བཤད།

བདེ་སྲུང་ཨ་ཡེ་རྒན་མོའི་མགོ་སྐོར་བཏང་བ་ནི་ཁྲིམས་འགལ་ཡིན་པ་དང་ངེས་པར་དུ་ཁྲིམས་ཆད་གཅོད་དགོས་པའི་ལྟ་ཚུལ་དེ་ནོར་འདུག་ལ། ཁོ་མོས་བདེ་འཇགས་དོ་དམ་ཆད་གཅོད་དང་འགལ་བའི་བྱ་སྤྱོད་དང་ཁྲིམས་འགལ་གྱི་བྱ་སྤྱོད་གཉིས་ཀྱི་གོ་དོན་གསལ་བོར་རྟོགས་མེད། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་པས་མ་ཁྱབ། སྤྱི་ཚོགས་ལ་གནོད་འཚེ་བཟོས་པ་ཚབས་ཆེན་ཡིན་པ་དང་ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་དང་འགལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་ད་གཟོད་ཉེས་ཁྲིམས་ལྟར་ཁྲིམས་ཆད་བཅད་ཆོག

《སྤྱི་ཚོགས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ནི་སྤྱི་ཚོགས་ཐུན་མོང་གི་སྒྲིག་ལམ་དང་སྤྱི་ཚོགས་ཐུན་མོང་གི་བདེ་འཇགས་ལ་གནོད་འཚེ་བཟོས་པ་དང་མི་ལུས་ཁེ་དབང་དང་རྒྱུ་ནོར་བདག་དབང་ལ་གནོད་པ་བསྐྱལ་བ། སྤྱི་ཚོགས་དོ་དམ་ལ་གནོད་འཚེ་བཟོས་པ་སོགས་ཀྱི་གནོད་འཚེ་རང་བཞིན་ཚབས་ཆེན་མིན་ལ་ཉེས་ཁྲིམས་ཀྱི་ཁོངས་སུ་མི་གཏོགས་པའི་ཆད་གཅོད་དེ་ལ་བདེ་འཇགས་དོ་དམ་ཆད་གཅོད་དང་འགལ་བའི་བྱ་སྤྱོད་ཟེར་ཞིང་། དེའི་རིགས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ལྟར་ཐག་གཅོད་བྱ་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ལས་ཁྲིམས་འགལ་བྱ་སྤྱོད་ལ་འདི་ལྟར་གཏན་འབེབས་བྱས་ཡོད་དེ། རྒྱལ་ཁབ་ཀྱི་སྲིད་དབང་ལ་གནོད་འཚེ་དང་རྒྱལ་ཁོངས་ཆ་ཚང་ལ་གཏོར་བརླག་བྱེད་པ། རྒྱལ་ཁབ་ཁ་གཏོར། མི་དམངས་དམངས་གཙོ་སྲིད་དབང་སྒེར་འཛིན་གྱི་སྲིད་དབང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་རྫོགས་བྱེད་པ། སྤྱི་ཚོགས་སྒྲིག་རིམ་དང་དཔལ་འབྱོར་སྒྲིག་རིམ་ལ་གཏོར་བརླག་བྱེད་པ། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དང་ངལ་རྩོལ་མི་དམངས་ཐུན་མོང་ལ་དབང་བའི་རྒྱུ་ནོར་ལ་གནོད་སྐྱོན་བཟོས་པ། སྤྱི་དམངས་སྒེར་ལ་དབང་བའི་རྒྱུ་ནོར་ལ་གནོད་སྐྱོན་བཟོས་པ། སྤྱི་དམངས་ཀྱི་མི་ལུས་ཁེ་དབང་དང་དམངས་གཙོ་ཁེ་དབང་ལ་གནོད་འཚེ་བཟོས་པ་བཅས་སྤྱི་ཚོགས་ལ་གནོད་པའི་བྱ་སྤྱོད་མཐའ་དག་ལ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པས་ཁྲིམས་འགལ་ཡིན་ལ། གནོད་སྐྱོན་བཟོས་པ་ཚབས་མི་ཆེ་བ་དང་བྱས་ཉེས་བསགས་ཚད་ཅུང་ཡང་བ་ནི་ཁྲིམས་འགལ་བ་མ་ཡིན་ནོ།

གོང་གི་བཅའ་ཁྲིམས་ལས་ང་ཚོས་ཤེས་དགོས་པ་ནི། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་དང་ཁྲིམས་འགལ་བྱ་སྤྱོད་གཉིས་ཀྱི་བར་ལ་འབྲེལ་བ་ཡོད་པར་མ་ཟད་ཁྱད་པར་ཀྱང་ངེས་ཅན་ཞིག་ཡོད།

འབྲེལ་བ་ནི། གོང་གི་བྱ་སྤྱོད་འདི་གཉིས་ཀས་སྤྱི་ཚོགས་ལ་གནོད་འཚེ་བཟོས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་ལ། སྐབས་ལ་ལར་སྤྱོད་སྟངས་ཀྱི་ཆ་ནས་ཀྱང་ཧ་ཅང་འདྲ་མཚུངས་ཡིན། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ལ་ལ་ཞིག་ཚད་ལས་བརྒལ་ཚེ་ཁྲིམས་འགལ་གྱི་ཉེས་པ་བསགས་པ་ཡིན།

ཁྱད་པར་ནི། གཅིག་ནས་སྤྱི་ཚོགས་ལ་གནོད་པའི་ཚད་མི་འདྲ་བ། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་དེར་སྤྱི་ཚོགས་ལ་གནོད་པ་བྱས་བའི་ཆ་ཡོད་ནའང་ཁྲིམས་འགལ་གྱི་ཉེས་སྐྱོན་བཟོས་མེད་ལ་གནོད་འཚེ་བཏང་ཚད་ཀྱང་དེ་འདྲའི་ཚབས་ཆེན་མིན་པས། ཁྲིམས་འགལ་མི་སྣས་ཉེས་དོན་ཆད་གཅོད་འཁུར་མི་དགོས་མོད། སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་ཆད་གཅོད་ཀྱི་བཅའ་ཁྲིམས་གཏན་ཁེལ་ལྟར་སྲིད་འཛིན་ཆད་གཅོད་བྱས་ཆོག གཞན་ཁྲིམས་འགལ་བྱ་སྤྱོད་ནི་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་བྱ་སྤྱོད་ཡིན་ལ། མི་དམངས་ཁྲིམས་ཁང་གིས་ཞིབ་གཅོད་དང་ཉེས་མིང་ཉེས་ཆད་གཏན་ཁེལ་མ་བྱས་ཚེ་ཉེས་དོན་ཁྲིམས་ཆད་སུས་ཀྱང་བཅད་མི་ཆོག གཉིས་ནས་ཁྲིམས་འགལ་གྱི་གཏན་ཁེལ་མི་འདྲ་བ། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ནི་བདེ་འཇགས་དོ་དམ་ལ་འབྲེལ་བ་ཡོད་པའི་ཁྲིམས་ལུགས་དང་ཁྲིམས་སྲོལ། སྒྲིག་ཁྲིམས་བཅས་དང་འགལ་ཡོད་ལ། ཁྲིམས་འགལ་བྱ་སྤྱོད་ནི་རང་རྒྱལ་གྱི་ཉེས་ཁྲིམས་དང་འབྲེལ་ཡོད་ཁྲིམས་འཛུགས། ཁྲིམས་འཛིན་མཆན་འགྲེལ་བཅས་ཉེས་དོན་བཅའ་ཁྲིམས་དང་འགལ་ཡོད། ངག་རྒྱུན་དུ་ཡིག་ཐོག་བཅའ་ཁྲིམས་དང་མ་འགལ་ཚེ་ཁྲིམས་འགལ་དུ་མི་བརྩི་ལ་ཉེས་མིང་བཏགས་མི་ཆོག་ཟེར་བ་ཡིན། གསུམ་ནས་ཆད་གཅོད་ཀྱི་རིགས་མི་འདྲ་བ། སྤྱི་ཚོགས་བདེ་འཇགས་དོ་དམ་ཆད་གཅོད་ཀྱི་རིགས་ལ་དབྱེ་ན།(1)ཐ་ཚིག་སྒྲོག་པ། (1)དངུལ་ཆད་གཅོད་པ། (3)སྲིད་འཛིན་བཀག་སྐྱིལ་བྱེད་པ། (4)སྤྱི་བདེ་ལས་ཁུངས་ཀྱིས་བྱིན་པའི་ཆོག་མཆན་འཛིན་ཡིག་རྩིས་མེད་དུ་གཏོང་བ་བཅས་སོ། བདེ་འཇགས་དོ་དམ་དང་འགལ་བའི་ཕྱི་གླིང་པ་ཡིན་ཚེ། རྒྱལ་ནང་གི་སྡོད་ཡུན་ལ་ཚད་བཀག་བྱེད་པ་དང་རྒྱལ་ནང་ནས་ཕྱིར་ཕུད་ཆོག   ཉེས་ཆད་གཙོ་བོ་ལ་དབྱེ་ན། (1)བཀག་སྐྱིལ། (2)བཙན་ཉར། (3)དུས་བཅད་བཙོན་འཇུག  (4)ཚེ་བཙོན། (5)སྲོག་ཆད་བཅས་སོ། ཁ་གསབ་ཉེས་ཆད་ཀྱི་རིགས་ལ་དབྱེ་ན། (1)དངུལ་ཆད་གཅོད་པ། (2)ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ། (3)རྒྱུ་ནོར་གཞུང་བཞེས་བྱེད་པ་བཅས་སོ། ཁ་གསབ་ཀྱི་ཆད་པ་ཁེར་གཅོད་བྱས་ཀྱང་ཆོག ཁྲིམས་འགལ་གྱི་ཕྱི་གླིང་པ་ལ་མཚོན་ན། ཁ་གསབ་ཆད་པ་ཁེར་གཅོད་དང་ཡང་ན་རྒྱལ་ནང་ནས་ཕྱིར་ཕུད་ཀྱང་ཆོག ཁྲིམས་འགལ་གྱི་བྱ་སྤྱོད་དེས་གནོད་ཁེལ་མི་སྣའི་དཔལ་འབྱོར་ལ་གྱོང་གུད་བཟོས་ཚེ་ཁྲིམས་འགལ་ཉེས་ཅན་ལ་ཉེས་ཁྲིམས་ལྟར་ཆས་པ་གཅོད་དགོས་པར་མ་ཟད། གྱོང་གུད་ཀྱི་གནས་ཚུལ་ལ་གཞིགས་ཏེ་དཔལ་འབྱོར་གྱི་སྐྱིན་ཚབ་འཇལ་དུ་འཇུག་དགོས། བྱས་ཉེས་བསགས་པའི་བྱ་སྤྱོད་ཅུང་ཡང་བའམ་ཁྲིམས་ཆད་གཅོད་མི་དགོས་པ་ལ་ཉེས་དོན་ཁྲིམས་ཆད་མེད་པར་བྱས་ཆོག   འོན་ཀྱང་གྱོད་དོན་གྱི་གནས་ཚུལ་མི་འདྲ་བ་ལ་གཞིགས་ཏེ་གཤེ་གཤེ་གཏོང་བའམ་འགྱོད་བཤགས་བྱེད་དུ་འཇུག་པ།  དགོངས་དག་ཞུ་བ། སྐྱིན་ཚབ་འཇལ་བ་བཅས་བྱེད་པར་མ་ཟད་འབྲེལ་ཡོད་ལས་ཁུངས་ཀྱིས་སྲིད་འཛིན་ཁྲིམས་ཆད་དང་སྲིད་འཛིན་ཆད་པ་བཅད་ཆོག

དངོས་ཡོད་འཚོ་བའི་ཁྲོད་དུ་ང་ཚོས་སྤྱོད་པ་འདི་གཉིས་ལ་ཕྱོགས་དགུ་ནས་སྤྱི་བསྡོམས་དང་དཔྱད་པ་བཏང་ཆོག (1)ཁྲིམས་འགལ་གྱི་ཚབས་ཆེ་ཆུང་།(2)ཁྲིམས་འགལ་གྱི་བྱ་སྤྱོད་གདུག་རྩུབ་ཆེ་མིན། (3) ཁྲིམས་འགལ་གྱི་བྱ་སྤྱོད་ལས་བཟོས་པའི་མཇུག་འབྲས་ཚབས་ཆེན་ཡིན་མིན། (4) གྱོད་དོན་དང་འབྲེལ་བའི་དངུལ་སྒོར་གྱི་མང་ཉུང་། (5)བྱས་ཉེས་བསགས་པའི་མང་ཉུང་། (6)བཙན་ཤེད་སྤྱད་ཡོད་མེད་དང་འཇིགས་སྐུལ་ཡོད་མེད།(7)བྱས་ཉེས་བསགས་མཁན་ཁྱད་པར་དང་དམིགས་བསལ་ཅན་ཡིན་ནམ། (8)བྱས་ཉེས་བསགས་ཡུལ་ལ་ཁྱད་པར་དང་དམིགས་བསལ་གྱི་དབང་ཆ་ཡོད་མེད། (9)ཁྲིམས་འགལ་བྱེད་ཐབས་ཆེད་ལས་ཅན་ཡིན་མིན་བཅས་སོ།

གོང་གི་གྱོད་དོན་ལས། བཀྲ་ལོ་ཡིས་མགོ་སྐོར་བཏང་བའི་བྱ་སྤྱོད་དེ་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཡིན་པ་ལས་ཁྲིམས་འགལ་གྱི་བྱ་སྤྱོད་མིན། མགོ་གཡོག་མགོ་སྐོར་བྱས་པ་ནི་ཁྲིམས་དང་མི་མཐུན་པའི་སྒོ་ནས་གཞན་ནོར་བདག་འཛིན་བྱེད་པའི་དམིགས་ཡུལ་ཡིན་པར་མ་ཟད། དངོས་དོན་རྫུན་བཟོ་དང་དོན་དངོས་སྦ་གསང་བྱེད་པའི་བྱེད་ཐབས་སྤྱད་དེ་གཞུང་སྒེར་གང་རུང་གི་རྒྱུ་ནོར་གཡོ་ལེན་བྱེད་པའི་བྱ་སྤྱོད་ཅིག་ཀྱང་ཡིན། བཀྲ་ལོ་ཡིས་མི་གཞན་གྱི་སྒོར་མོ་གཡོ་ལེན་བྱེད་ཆེད། བསམ་བཞིན་དུ་ཐང་ལ་འགྱེལ་ཁུལ་བྱས་ཏེ་ལག་གི་པར་ལེན་འཕྲུལ་ཆས་ཐང་ལ་ལྷུང་སྟེ་ཆག་སྐྱོན་ཤོར་བའི་དོན་དངོས་རྫུན་བཟོ་བྱས་པ་ཡིན་ལ། བདེ་མཆོག་གིས་རང་དང་གདོང་ཐུག་བརྒྱབ་སྟེ་བཅག་པ་ཡིན་སྙམ་པ་དང་ཁོའི་ལག་གི་སྒོར1088གཡོ་ལེན་བྱས་སོང་།  གཡོ་ལེན་བྱས་པའི་གྲངས་འབོར་དེ་ཉེས་ཁྲིམས་ལས་གཏན་ཁེལ་བྱས་པའི་གྲངས་འབོར་ཆེན་པོའི་ཁྲིམས་འགལ་གྱི་ཁོངས་སུ་མི་གཏོགས་ལ། ཉེས་ཁྲིམས་དང་འབྲེལ་ཡོད་ཁྲིམས་འཛིན་མཆན་འགྲེལ་གྱི་གཏན་ཁེལ་ཁྲོད་དུ་མི་སུ་ཞིག་གིས་སྤྱི་སྒེར་གང་རུང་གི་རྒྱུ་ནོར་གྱི་རིན་གོང་སྒོར2000ཡན་ཆད་གཡོ་ལེན་བྱས་པ་ན་གྲངས་འབོར་ཆེན་པོའི་ཁོངས་སུ་གཏོགས་ཤིང་། གཡོ་ལེན་བྱས་པའི་རྒྱུ་ནོར་གྱི་གྲངས་འབོར་ཆེན་པོ་ཡིན་ཚེ་ད་གཟོད་རྒྱུ་ནོར་གཡོ་ལེན་གྱི་ནག་ཉེས་སུ་གྲུབ་ངེས། བཀྲ་ལོ་ཡི་བྱ་སྤྱོད་དེ་བདེ་འཇགས་དོ་དམ་གྱི་གཏན་ཁེལ་དང་འགལ་བ་མ་གཏོགས་ཁྲིམས་འགལ་གྱི་ནག་ཉེས་གྲུབ་མེད། དེ་བས་ཉེས་དོན་ཁྲིམས་ཆད་ཀྱི་ཆད་པ་འཁུར་མི་དགོས། སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་གྱི་གཏན་ཁེལ་ལྟར་བདེ་འཇགས་དོ་དམ་ཆད་གཅོད་ཀྱི་ཆད་པ་བཅད་པ་འདི་ཤིན་ཏུ་འགྲིག་གི །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།