ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་སྙིང་དཀར་གྱིས་བཤད་པ་དེ་འགྲིག་གམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.png

གྱོད་དཔེ   

   གྲོང་ཁྱེར་ག་གེ་མོའི་སློབ་འབྲིང་གི་དགེ་རྒན་ཞིག་གིས་རྒྱུན་ཤེས་བཅའ་ཁྲིམས་ཀྱི་སློབ་ཁྲིད་བྱེད་སྐབས་སུ་སློབ་མ་རྣམས་ལ་འདྲི་རྒྱུར། “ཁྱོད་ཚོ་ཚང་མ་ནར་མ་སོན་པའི་བྱིས་པ་རེད། དེས་ན་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་ཚེ་ཆད་གཅོད་བྱ་དགོས་སམ”ཞེས་དྲིས་པ་ན། སྙིང་དཀར་མྱུར་དུ་ཡར་ལངས་ནས་བཤད་རྒྱུར། “དགེ་རྒན་ལགས། ང་ཚོ་ནི་ནར་མ་སོན་པའི་བྱིས་པ་ཡིན་པས་ཆད་གཅོད་བྱས་ན་མི་འོས། རྒྱུ་མཚན་ནི་ང་ཚོར་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་བཞིན་ཡོད། ང་ཚོ་ལས་གཞན་ད་དུང་སྨྱོ་ནད་ཅན་དང་ལོང་བ། ལྐུགས་པ། རྒན་པ། སྦྲུམ་མ་ལ་སོགས་ཚང་མ་ཉམ་ཆུང་ཚོགས་པ་ཡིན་པས་ཆད་གཅོད་བྱེད་མི་འོས་ཟེར།”ཁོའི་གམ་དུ་ཡོད་པའི་ཐོས་དགའ་ཡར་འགྲེང་སྟེ་ཁ་གསབ་ཀྱི་ཚུལ་དུ་བཤད་རྒྱུར། “ཁོ་ཚོ་མ་གཏོགས་གཞན་ད་དུང་ཆང་གིས་བཟི་བའི་མི་དང་རིམས་ནད་བྱུང་བའི་ནད་པ་སོགས་ལའང་ཆད་གཅོད་བྱས་ན་མི་འགྲིག རྒྱུ་མཚན་ནི་ཆང་གིས་བཟི་བའི་མིས་རང་གིས་རང་ཉིད་ལ་ཚོད་འཛིན་མི་ཐུབ་པ་དང་རིམས་ནད་བྱུང་བའི་ནད་པས་མི་གཞན་ལ་ནད་འགོས་སུ་འཇུག་པ་ཡིན”ཞེས་བཤད། ནར་མ་སོན་པའི་བྱིས་པ་དང་སྨྱོ་ནད་ཅན། ལོང་བ། ལྐུགས་པ། ཆང་གིས་བཟི་བའི་མི། རྒན་པ། སྦྲུམ་མ། གཞན་ཡང་ཚབས་ཆེ་བའི་འགོས་ནད་ཅན་སོགས་ཚང་མར་སྙིང་དཀར་དང་ཐོས་དགའ་གཉིས་ཀྱིས་བཤད་པ་ནང་བཞིན་བདེ་འཇགས་དོ་དམ་བཅའ་ཁྲིམས་ཀྱི་ཆད་པ་མི་ཕོག་གམ།

ཁྲིམས་བཤད

   སྙིང་དཀར་དང་ཐོས་དགའ་གཉིས་ཀྱི་ལྟ་ཚུལ་ནི་ནོར་འཁྲུལ་ཡིན། གལ་ཏེ་དམིགས་བསམ་གྱི་མི་འདི་དག་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་ན་ངེས་པར་དུ་འོས་འཚམ་གྱིས་ཁྲིམས་ཆད་གཅོད་པ་ཡིན།

   ལོ་ན་བཅུ་བཞི་ནས་བཅོ་བརྒྱད་བར་གྱི་བྱིས་པ་རྣམས་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་ཚེ་ཆད་པ་ཡང་མོ་གཅོད་འོས་ལ། ལོ་ན་བཅུ་བཞི་ལ་མ་སོན་པའི་བྱིས་པ་རྣམས་ཁྲིམས་དང་འགལ་ཚེ་ཆད་པ་གཅོད་མི་རུང་། ཡིན་ནའང་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་ལྟ་སྐྱོང་བྱེད་མཁན་ལ་གསལ་བརྡ་བཏང་སྟེ་རྗེས་ཕྱོགས་ཁོ་ཚོར་སློབ་གསོ་གཏོང་དགོས་པའི་རེ་བ་འདོན་དགོས། ཐེངས་དང་པོར་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བའི་ལོ་ན་བཅུ་བཞི་ནས་བཅུ་དྲུག་བར་གྱི་བྱིས་པའམ་ཡང་ན་ལོ་ན་བཅུ་དྲུག་ནས་བཅོ་བརྒྱད་བར་གྱི་བྱིས་པར་བདེ་འཇགས་དོ་དམ་བཅའ་ཁྲིམས་ལྟར་སྲིད་འཛིན་བཀག་སྐྱིལ་བྱེད་འོས་ནའང་དེ་ལྟར་བྱས་མི་ཆོག སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དོ་དམ་བཅའ་ཁྲིམས་དང་འགལ་བའི་བྱིས་པ་ལ་བདེན་དོན་དང་བཅའ་ཁྲིམས་གཞིར་བཟུང་སྟེ་ཁོ་ཚོ་ལ་སློབ་གསོ་དང་བློ་འགུག་བྱས་ནས་ལོག་ལམ་ལས་ཕྱིར་འདྲེན་དགོས། འཇིགས་སྐུལ་དང་མགོ་སྐོར། བསླུ་བྲིད་བཅས་ཀྱི་ཐབས་ལ་བརྟེན་ནས་བདེན་དཔང་བཙན་ལེན་བྱས་མི་ཆོག་ལ། བཙན་འདྲི་དེ་བས་ཀྱང་བྱས་མི་ཆོག དུས་མཚུངས་སུ་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་བྱིས་པའི་མཚན་སྙན་སྲུང་སྐྱོབ་བྱ་དགོས་ཏེ། ཉེས་དོན་དང་འབྲེལ་ཡོད་ཀྱི་བྱིས་པའི་རུས་མིང་དང་སྡོད་གནས། འདྲ་པར་སོགས་ཕྱིར་བསྒྲགས་མི་རུང་། འཛིན་བཟུང་དང་བཀག་སྐྱིལ། ཉེས་འདོན། ཞུ་གཏུག ཡང་ན་རང་འགུལ་གྱིས་སྐྱོན་ཁས་ལེན་བྱས་པའི་བྱིས་པར་ཁྲིམས་ལྟར་ཞིབ་བཤེར་བྱས་ཏེ་གྱོད་དོན་ཐག་གཅོད་བྱ་དགོས་མིན་ལ་བལྟ་དགོས། རྩད་འདྲི་བྱེད་དཀའ་བའམ་བརྡ་འབྱོར་གཏོང་དཀའ་བའི་བྱིས་པ་ལས་གཞན་པའི་ཁྱིམ་བདག་སྐྱོང་བྱེད་མཁན་འདྲི་གཅོད་སྐབས་སུ་ངེས་པར་དུ་སྤྱི་བདེ་ལས་ཁུངས་སུ་ཐོན་དགོས་ལ། གྱོད་དོན་སྒྲུབ་མཁན་གྱི་ཉེན་རྟོག་པ་གཉིས་ལས་ཉུང་མི་རུང་། རྩད་འདྲི་བྱེད་ས་ནི་སྤྱི་བདེ་ལས་ཁུངས་དང་བྱིས་པའི་སྡོད་གནས། ལས་ཁུངས། སློབ་གྲྭ་བཅས་གང་རུང་ཡིན་ཆོག་ལ། རྩད་འདྲི་བྱས་པའི་ཟིན་ཐོ་དེ་ངེས་པར་དུ་རྩད་འདྲི་བྱེད་ཡུལ་ལ་སྤྲད་དེ་ཞིབ་བསྡུར་བྱེད་དུ་འཇུག་དགོས། གལ་ཏེ་ཁོས་བཤད་པ་དང་ཟིན་ཐོའི་ནང་དོན་མི་མཐུན་ས་ཡོད་ན་ཞིབ་དཔྱད་གསལ་བོ་བྱས་ཏེ་དག་བཅོས་དང་ཁ་གསབ་བྱ་དགོས་ལ། དགོས་པ་ཡོད་ན་ཟིན་ཐོ་འགོད་དུས་སུ་ད་དུང་སྒྲ་ལེན་པ་དང་བརྙན་ཕབ་པའི་ཐབས་ཀྱང་སྤྱད་ཆོག ཡིན་ནའང་ཁྲིམས་དང་འགལ་བའི་བྱིས་པར་བཀག་ཉར་གྱིས་ཞིབ་བཤེར་བྱེད་མི་རུང་། བཀག་ཉར་དང་འཛིན་བཟུང་བྱེད་མི་འོས་ནའང་བྱིས་པའི་རང་ལུས་བདེ་འཇགས་ལ་ཚབས་ཆེ་བའི་འཇིགས་སྐུལ་ཐེབས་ན་ཁྱིམ་བདག་དང་བདག་སྐྱོང་བྱེད་མཁན་བརྒྱུད་དེ་ཁོ་ཚོ་ལ་དགོས་ངེས་ཀྱི་སྲུང་སྐྱོབ་བྱ་དགོས། སློབ་གྲྭ་འགྲིམ་བཞིན་པའི་བྱིས་པར་རྩད་འདྲི་བྱེད་སྐབས། ཁོ་ཚོའི་རྒྱུན་ལྡན་གྱི་སློབ་སྦྱོང་ལ་བར་ཆད་བཟོ་མི་རུང་ལ། སྤྱིར་བཏང་དུ་བཀག་སྐྱིལ་ཡང་བྱས་མི་ཆོག ངལ་རྩོལ་སློབ་གཅུན་དང་བསྡུ་ཉར་སློབ་གཅུན་དུ་ཚུད་པའི་ཁྲིམས་འགལ་བྱིས་པར་ཚོད་འཛིན་ནན་མོ་བྱེད་འོས་ལ། དེ་ལས་གཞན་རྣམས་ལ་ཁྱིམ་བདག་གིས་སློབ་གསོ་བཏང་བས་ཆོག གལ་ཏེ་སྨྱོ་ནད་ཅན་གྱིས་རང་གི་བྱ་སྤྱོད་ལ་ཚོད་འཛིན་བྱེད་མ་ཐུབ་པར་ཁྲིམས་དང་འགལ་ན་ཆད་པ་གཅོད་མི་རུང་། ཡིན་ནའང་སྤྱི་བདེ་ལས་ཁུངས་ཀྱིས་ཁོའི་བདག་གཉེར་མཁན་ལ་གསལ་བརྡ་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་ཁོ་ལ་ལྟ་སྐྱོང་དང་སྨན་བཅོས་བྱེད་དུ་འཇུག་དགོས། ནམ་འཕར་ངེས་མེད་ཀྱི་སྨྱོ་ནད་ཅན་གྱིས་རྣམ་རིག་གསལ་བོ་ཡིན་པའི་སྒང་ལ་ཁྲིམས་འགལ་གྱི་བྱ་བ་བསྒྲུབས་ན་ཆད་པ་བཅད་ན་ཆོག་པ་དང་། “ནམ་འཕར་ངེས་མེད་ཀྱི་སྨྱོ་ནད་ཅན”ཞེས་པ་ནི་རྩ་བ་ནས་རྣམ་རིག་མི་གསལ་བའམ་ཡང་ན་དྲན་འཛིན་ཉམས་པ། རང་ཉིད་ལ་ཚོད་འཛིན་བྱེད་པའི་ནུས་པ་ཉམས་པའི་ནད་པ་ལ་མི་གོ་བར་སྐབས་རེར་རྣམ་རིག་གསལ་བོ་ཡིན་པ་དང་སྐབས་རེར་འཕར་རྒྱུ་ཡོད་པའི་ནད་པ་ལ་གོ ཡིད་འཛིན་དང་རང་ལ་ཚོད་འཛིན་བྱེད་པའི་ནུས་པ་རྩ་བ་ནས་ཉམས་པའི་ནད་པས་ཁྲིམས་འགལ་གྱི་བྱ་བ་བསྒྲུབས་ན་ངེས་པར་དུ་ཆད་པ་གཅོད་འོས། ཡིན་ནའང་ཆད་པ་ཡང་མོ་གཅོད་དགོས།

   ལོང་བ་དང་འོན་ལྐུགས་ཅན་གྱིས་ཁྲིམས་འགལ་གྱི་བྱ་བ་བསྒྲུབས་ན་ཆད་པ་ཇེ་ཡང་དུ་གཏོང་བའམ་ཡང་ན་ཆད་པ་བཅད་མི་ཆོག འདིར་མཉམ་འཇོག་བྱ་དགོས་པ་ཞིག་ནི། འོན་ལྐུགས་ཅན་ཞེས་པ་ནི་ངག་ལྐུགས་ཤིང་འོན་པའི་དོན། གལ་ཏེ་དེ་གཉིས་ལས་གཅིག་བདེ་ཐང་ཡིན་ཚེ་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ལས་གཏན་ཁེལ་བྱས་པའི་འོན་ལྐུགས་ཅན་ལ་མི་གཏོགས། ཁྲིམས་འགལ་མི་སྣ་དང་གནོད་འཚེ་ཐེབས་མཁན། དཔང་མི་གང་རུང་འོན་ལྐུགས་ཅན་ཡིན་ཚེ། རྩད་འདྲི་བྱེད་སྐབས་ལག་བརྡ་ལ་བྱང་ཆུབ་པའི་མིས་རོགས་བྱ་དགོས་ལ་ཟིན་ཐོའི་སྟེང་དུའང་གསལ་བཤད་བྱ་དགོས། ཆང་གིས་བཟི་བའི་མི་ཞེས་པ་ནི་ཆང་འཐུང་དྲགས་ཏེ་རང་ཉིད་ལ་ཚོད་འཛིན་བྱེད་མི་ཐུབ་པའི་མི་ལ་གོ ཆང་གིས་བཟི་བའི་མི་ཁྲིམས་དང་འགལ་ན་ངེས་པར་དུ་ཆད་པ་གཅོད་དགོས། ཆང་གིས་བཟི་བའི་མིས་རང་ཉིད་ལ་ཉེན་ཁ་ཡོད་པའི་བྱ་བ་སྒྲུབ་པ་དང་། ཡང་ན་གཞན་གྱི་རྒྱུ་ནོར་དང་མི་ལུས། ཐུན་མོང་གི་བདེ་འཇགས་བཅས་ལ་འཇིགས་སྐུལ་བྱས་ན་སྤྱི་བདེ་ལས་ཁུངས་ཀྱིས་ངེས་པར་དུ་སྲུང་སྐྱོབ་བྱ་དགོས་ལ། ཐད་ཀར་ཁོའི་ལས་ཁུངས་དང་ཁྱིམ་བདག་ལ་བརྡ་བཏང་སྟེ་ཕྱིར་འཁྲིད་དུ་འཇུག་དགོས། རང་གི་བྱ་སྤྱོད་ལ་ཚོད་འཛིན་བྱེད་མི་ཐུབ་པའི་མི་ནི་ཉེན་ཟོན་ཐག་པས་བཀྱིགས་ཆོག་མོད། ཡིན་ནའང་ལག་སྒྲོག་དང་རྐང་སྒྲོག་སོགས་ཀྱི་ལག་ཆ་གཏན་ནས་སྤྱད་མི་ཆོག ཚོད་འཛིན་བྱེད་པའི་གོ་རིམ་ཁྲོད་ངེས་པར་དུ་ཁོ་ལ་ལྟ་རྟོག་ནན་མོ་བྱས་ཏེ་རྣམ་རིག་གསལ་མ་ཐག་ཏུ་ཐག་པ་གྲོལ་དགོས།

   རྒན་པ་དང་སྦྲུམ་མ་ཡང་ཉམ་ཆུང་གི་ཚོགས་པ་ཡིན་པས་གལ་ཏེ་ཁྲིམས་འགལ་མི་སྣ་ནི་ལོ་བདུན་ཅུ་ཡན་གྱི་རྒན་པ་དང་བྱིས་པ་བཙས་ནས་ལོ་གཅིག་ལས་འགོར་མེད་པའི་སྦྲུམ་མ་ཡིན་ན་སྲིད་འཛིན་བཀག་སྐྱིལ་བྱེད་མི་རུང་། གཞན་ཡང་། སྤྱི་བདེ་ལས་ཁུངས་ཁྱིས་གྱོད་དོན་ཐག་གཅོད་བྱེད་སྐབས་ཐུན་མོང་གི་འཕྲོད་བསྟེན་བདེ་འཇགས་དང་མི་ཆོས་ལ་དམིགས་ཏེ་འགོས་ནད་ཅན་གྱི་ཁྲིམས་འགལ་མི་སྣ་དེ་སྲིད་འཛིན་བཀག་འགོག་བྱེད་མི་རུང་། ཡིན་ནའང་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ལྟར་འོས་འཚམ་གྱིས་ཐག་གཅོད་བྱེད་པ་དང་བྱེད་ཐབས་གཞན་སྤྱད་ཆོག །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།