ཀྲུང་གོ་བོད་ཀྱི་དྲ་བ།

དགེ་ལེགས་ཀྱི་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.png

གྱོད་དཔེ།

ཉེ་བའི་ལོ་འགའི་རིང་ལ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་བཟང་དུ་སོང་བ་དང་བསྟུན་ནས། རྫོང་དེའི་སྡེ་བ་ག་གེ་མོའི་སྡེ་མི་སྐོར་ཞིག་གིས་ཐོག་ཁང་གསར་བ་འཛུགས་སྐྲུན་བྱས་པར་མ་ཟད། སྔོན་གྱི་བརྙན་འཕྲིན་སྐུད་ལམ་རྙིང་བ་དེས་ད་ལྟའི་སྡེ་མི་རྣམས་ཀྱི་རེ་འདོད་སྐོང་མི་ཐུབ་པས། 2008ལོའི་ཟླ3པར། རྫོང་དེའི་གྲོང་རྡལ་ག་གེ་མོའི་གློག་འཕྲིན་ས་ཚིགས་ཀྱིས་མི་མངགས་ནས་སྡེ་བ་དེར་ཡོང་བ་དང་། སྔོན་ཆད་ཀྱི་གློག་སྐུད་རྙིང་བ་ལ་ཡང་བསྐྱར་བཟོ་བཅས་བྱས། གློག་སྐུད་འཐེན་ནས་དགེ་ལེགས་ཚང་གི་སྒོ་ཁར་ཐོན་དུས། དགེ་ལེགས་ཀྱིས་རང་ཉིད་ཀྱིས་རྗེས་ཕྱོགས་ཁང་བ་རྒྱ་བསྐྱེད་པ་རྒྱུ་མཚན་བྱས་ཏེ་ལས་བཟོ་པར་གློག་སྐུད་འཐེན་དུ་མི་འཇུག་པར་མ་ཟད། བཀོད་སྤྱོད་བྱེད་བཞིན་པའི་གློག་སྐུད་ཀྱང་བཙན་གྱིས་བཅད་པས། སྡེ་མི་སྐོར་ཞིག་གིས་གློག་ལམ་འདི་སྤྱད་ནས་བརྙན་འཕྲིན་ལ་ལྟ་བཞིན་པར་བར་ཆད་བཟོས། དེ་བས་ཉེ་འགྲམ་གྱི་སྡེ་མི་རྣམས་མ་དགའ་བར་ཁོ་རང་བཙལ་ནས་གནས་ལུགས་བཤད་པ་ན། ཁོས་བཤད་རྒྱུར། ངས་རྒྱལ་ཁབ་ཀྱི་གློག་སྐུད་བཅད་པ་ལས་ཁྱོད་ཚོའི་གློག་སྐུད་བཅད་པ་མིན། ཁྱོད་ཚོས་ང་བཙལ་ནས་བཤད་པ་ལས་གློག་འཕྲིན་ས་ཚིགས་ཀྱི་མི་བཙལ་ནས་བཤད་ན་འགྲིག་ཟེར། དེས་ན། དགེ་ལེགས་ཀྱི་བཤད་སྟངས་དེ་འགྲིག་གམ།

ཁྲིམས་བཤད།

དགེ་ལེགས་ཀྱི་བཤད་སྲོལ་དེ་ནོར་ཡོད་པར་མ་ཟད། ཁོའི་བྱ་སྤྱོད་དེ《  བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་འགལ་ཡོད་པས། བདེ་འཇགས་དོ་དམ་གྱི་ཉེས་ཆད་ཕོག་ངེས།

བསམ་བཞིན་དུ་སྣུམ་སྦུག་གི་སྒྲིག་ཆས་དང་། གློག་ཤུགས་གློག་འཕྲིན་སྒྲིག་ཆས། རླུང་འཕྲིན་དང་བརྙན་འཕྲིན་སྒྲིག་ཆས། ཆུ་བེད་བཟོ་སྐྲུན་སྒྲིག་ཆས། ཡང་ན་ཆུ་དཔྱད་ལྟ་ཞིབ་འཕྲུལ་ཆོས། གནམ་གཤིས་ཚད་ལེན་འཕྲུལ་ཆས། ཁོར་ཡུག་ལྟ་ཞིབ་འཕྲུལ་ཆས། ས་གཤིས་ལྟ་ཞིབ་འཕྲུལ་ཆས། ས་འགུལ་ལྟ་ཞིབ་འཕྲིལ་ཆས་སོགས་ཐུན་མོང་གི་སྒྲིག་ཆས་རྐུ་བ་དང་གནོད་སྐྱོན་བཟོ་བ། རྒྱལ་ཁབ་མཐའ་མཚམས་ཀྱི་ས་མཚམས་རྡོ་རིང་དང་གཞན་ཡང་ས་མཚམས་མཚོན་བྱེད་སྒྲིག་ཆས་སམ་ཡང་ན་མངའ་ཁོངས་ས་ཆ་དང་མངའ་ཁོངས་རྒྱ་མཚོ་སོགས་ཀྱི་རྟགས་མཚམས་སྒྲིག་ཆས་སོགས་གནས་སྤོར་བ་དང་། གཏོར་རྐྱེན་བཟོ་བ་ནི་སྤྱི་སྤྱོད་སྒྲིག་ཆས་རྐུ་འཕྲོག་གམ་གཏོར་བརླག་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན། གནས་ཚུལ་གྱི་མཇུག་འབྲས་དེ་འདྲའི་ཚབས་ཆེན་མིན་ནའང་ཐད་ཀར་འགན་ལེན་བྱེད་མཁན་གྱི་འགན་འཁུར་མི་སྣར་ཉིན་བཅུ་ཡན་གྱི་བཀག་སྐྱིལ་བྱ་དགོས།

གོང་གསལ་གྱི་གྱོད་དོན་ལྟར་ན། དགེ་ལེགས་ཀྱིས་མི་སྒེར་གྱི་ཁེ་ཕན་བསམས་ནས་བེད་སྤྱོད་བྱེད་བཞིན་པའི་བརྙན་འཕྲིན་སྐུད་ལམ་བཅད་པས། ཁྱིམ་ཚང་མང་པོའམ་མི་སྒེར་གྱིས་བརྙན་འཕྲིན་ལ་བལྟ་བར་གནོད་པ་སྐྱེལ། ཁོའི་བྱ་སྤྱོད་དེས་མི་མང་པོའི་རྒྱུ་ནོར་གྱི་བདག་དབང་ལ་གནོད་སྐྱོན་བཟོས་པར་མ་ཟད། ལྷག་པར་དུ་འཕྲིན་སྐྱེལ་ཕྱོགས་ཀྱི་ཐུན་མོང་གི་བདེ་འཇགས་ལའང་གནོད་བསྐྱལ་བས། སྤྱི་ཚོགས་ཀྱི་གནོད་སྐྱེལ་རང་བཞིན་ཚབས་ཆེ་བ་རེད། དགེ་ལེགས་ཀྱིས་བསམ་བཞིན་དུ་སྤྱི་སྤྱོད་སྒྲིག་ཆས་ལ་གཏོར་བརླག་བྱས་པའི་བྱ་སྤྱོད་དེར་མ་མཐའ་ཡང་ཉིན་བཅུ་ཡན་གྱི་བཀག་སྐྱིལ་གྱི་ཆད་པ་བཅོད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།