ཀྲུང་གོ་བོད་ཀྱི་དྲ་བ།

ཁྱིམ་ཚང་ནང་གི་སྦས་པའི་དྲག་ཤུགས་ལ་དོ་ཁུར་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2017-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱིམ་ཚང་ནང་གི་དྲག་ཤུགས་གླེང་སྐབས། མི་མང་པོ་ཞིག་གིས་ཁུ་ཚུར་དང་རྡོག་པས་གཞུ་བ་སོགས་ཀྱི་གཅར་རྡུང་བྱེད་པ་ལ་ངོས་འཛིན་གྱིན་ཡོད། དོན་ངོ་མར་ཁྱིམ་ཚང་ནང་གི་དྲག་ཤུགས་ལ་ཁྱབ་རྒྱ་ཧ་ཅང་ཆེ་སྟེ། བསམ་བློའི་སྟེང་ནས་རྡུང་རྡེག་དང་མནར་གཅོད་གཏོང་བ་ལའང་གོ། ཁྱིམ་ཚང་ནང་གི་དྲག་ཤུགས་ལ་སྦས་པའི་རང་བཞིན་དྲག་པོ་ལྡན་པའི་དབང་གིས། མི་གཞན་གྱིས་ཤེས་དཀའ་ལ།ཐ་ན་མཚམས་ལན་རེར་དོ་བདག་པ་རང་ཉིད་ཀྱིས་ཀྱང་རང་ཉིད་དྲག་ཤུགས་སྤྱོད་མཁན་ཡིན་པ་ཤེས་ཀྱིན་མེད།དེ་ལས་གཞན་ད་རུང་ཁྱིམ་ཚང་ནང་གི་དྲག་ཤུགས་ནི་བཟའ་ཟླའི་བར་ཁོ་ནར་འབྱུང་བ་ཞིག་མ་ཡིན་པར།ཁྱིམ་ཚང་གི་ཁོངས་མི་གཞན་དག་གི་བར་དུ་ཡང་འབྱུང་བཞིན་ཡོད།

དཔེ་མཚོན་དང་པོ། ཆུང་མས་ཟླ་རེར་སྒོར་སྟོང་གཅིག་གི་ལག་དངུལ་ལས་མི་སྟེར་བ།

ཚེ་ལོ་རྒྱལ་དང་བདེ་སྐྱིད་སྒྲོལ་མ་གཉིས་བཟའ་སྒྲིག་བྱས་ནས་ལོ་གཉིས་འགོར་བ་དང་།ན་ནིང་བྱིས་པ་ཞིག་ཀྱང་སྐྱེས་ཡོད། བྱིས་པ་སྐྱེས་རྗེས་འགྲོ་སྒོ་ཇེ་ཆེར་སོང་བའི་དབང་གིས་བདེ་སྐྱིད་སྒྲོལ་མས་ཚེ་ལོ་རྒྱལ་ལ་ཟླ་ཕོགས་ཀྱི་དངུལ་བྱང་མོར་སྤྲོད་དགོས་པའི་རེ་བ་བཏོན་པས།ཚེ་ལོ་རྒྱལ་གྱིས་ཀྱང་མོའི་རེ་བ་ལྟར་ཟླ་ཕོགས་ཀྱི་དངུལ་བྱང་ཆུང་མར་སྤྲད་པ་རེད།ཆུང་མས་ཟླ་རེར་ཚེ་ལོ་རྒྱལ་ལ་སྒོར་སྟོང་གཅིག་གི་ལག་དངུལ་བྱིན།ཡུན་རིང་པོ་མ་འགོར་བར་ཚེ་ལོ་རྒྱལ་ལ་ལག་དངུལ་གྱིས་མི་འདང་བའི་ཚོར་སྣང་བྱུང་ཞིང་།ཁོ་རང་སྔར་བཞིན་གྲོགས་པོ་དང་མཉམ་དུ་སྒོར་ཟ་མ་བཟའ་རུ་སོང་བ་དང་རོལ་རྩེད་ལ་གཡེང་བར་མ་ཟད། ཐ་མག་ཉོས་པ་སོགས་ཀྱིས་ཟླ་ཕྱེད་ཀྱང་མ་འགོར་བར་སྒོར་སྟོང་གཅིག་གི་ལག་དངུལ་བཀོལ་ཚར་སོང་། ཁོས་ཆུང་མར་སྒོར་མོ་དགོས་པར་བཤད་དུས། ཆུང་མས་ཁོ་ལ་སྒོར་མོ་སྟེར་བ་ཕར་ཞོག་ད་རུང་ཁྱིམ་ཚང་ལ་འགན་མི་འཁུར་བ་སོགས་ཀྱི་ཁ་རྡུང་མང་པོ་བཏང་། དེའི་རྐྱེན་གྱིས་ཁོ་གཉིས་ཀར་བཟའ་འཁོན་གྱི་རྒྱུན་མ་ཆད་པར་མ་ཟད། ད་རུང་རྒྱུན་དུ་ཕན་ཚུན་ལ་ཁ་མི་གྲགས་པའི་གནས་ཚུལ་འབྱུང་བཞིན་ཡོད། ཚེ་ལོ་རྒྱལ་གྱི་སེམས་ལ་ཆུང་མའི་བྱ་སྤྱོད་འདི་ནི་ཁྱིམ་ཚང་ནང་གི་དྲག་ཤུགས་ཡིན་པར་འདོད་ཀྱིན་ཡོད།

བཅའ་ཁྲིམས་ཀྱི་ཁུངས་ལུང་།

ཚེ་ལོ་རྒྱལ་དང་བདེ་སྐྱིད་སྒྲོལ་མ་གཉིས་ཀྱི་གནས་ཚུལ་འདིའི་རིགས་མངོན་སུམ་འཚོ་བའི་ཁྲོད་དུ་ཧ་ཅང་རྒྱུན་མཐོང་ཡིན་པས། ཁྱིམ་ཚང་ནང་གི་དྲག་ཤུགས་སུ་གཏོགས་སམ།

ཟླ་རེར་ཁྱོ་གར་གཏན་འཁེལ་གྱིས་ལག་དངུལ་སྟེར་བའི་བྱེད་ཐབས་འདིའི་རིགས་ནི་མ་གཞི་ནས་བཤད་ན་ཁྱིམ་ཚང་ནང་གི་དྲག་ཤུགས་སུ་མི་གཏོགས་པར། དེ་ནི་ཁྱིམ་ཚང་གི་དཔལ་འབྱོར་དོ་དམ་བྱེད་པའི་ཐབས་ལམ་ཙམ་ཡིན། གལ་ཏེ་ཁྱིམ་ཚང་ནང་གི་དྲག་ཤུགས་སུ་གཏོགས་མིན་དབྱེ་བ་འབྱེད་དགོས་ན། བྱེད་ཐབས་དེས་ཁྱོ་གར་གནོད་འཚེ་ཐེབས་པའི་ཚད་ཆེ་ཆུང་ལ་བལྟ་དགོས། སྐྱེས་པ་ཁ་ཤས་ཤིག་གི་སྒོར་མོ་བཀོལ་ཚད་ཧ་ཅང་ཉུང་བ་དང་། ལས་ཚོགས་ལ་ཞུགས་པ་ལས་དུ་བ་མི་འཐེན་པ་དང་ཆང་མི་འཐུང་བའི་དབང་གིས་འཛད་སྤྱོད་གཞན་པ་མེད་པས། ཟླ་རེར་སྒོར500ཡས་མས་ཀྱིས་འདང་བ་རེད། དེའི་རིགས་ཀྱི་ཚོད་འཛིན་ནི་ཁྱིམ་ཚང་ནང་གི་དྲག་ཤུགས་སུ་མི་གཏོགས་མོད། འོན་ཀྱང་ཚེ་ལོ་རྒྱལ་ལྟ་བུ་ལ་མཚོན་ན། ཆུང་མས་སྒོར་མོ་བཀོལ་བར་ཚོད་འཛིན་བྱས་ཏེ། ཁོའི་འཚོ་བར་གནོད་འཚེ་ཐེབས་པ་དང་། ཚེ་ལོ་རྒྱལ་རང་ཉིད་ལ་ཚོད་འཛིན་ཐེབས་པའི་ཚོར་སྣང་མངོན་བསལ་བྱུང་སྟེ། བཟའ་ཟླའི་འབྲེལ་བར་གནོད་པ་བྱུང་ན་ཁྱིམ་ཚང་ནང་གི་དྲག་ཤུགས་ཀྱི་ཁོངས་སུ་གཏོགས་སོ། །

དཔེ་མཚོན་གཉིས་པ། ཁྱིམ་ཚང་གི་འགན་གང་ཡང་མི་འཁུར་བ།

ཉེ་སྔོན། ཁྲིམས་ཁང་གིས་ཐག་གཅོད་བྱས་པ་བརྒྱུད། པདྨ་ཚེ་རིང་དང་རིག་འཛིན་སྐྱིད་གཉིས་ཀ་གཉེན་འཐོར་བྱུང་། དོན་དངོས་སུ་བཤད་ན། ཁོ་གཉིས་ཀྱི་བར་དུ་འགལ་ཟླ་ཆེན་པོ་ཞིག་མེད། རིག་འཛིན་སྐྱིད་ཀྱིས་བཤད་པ་ལྟར་ན། ཁོ་མོས་བཟོད་བསྲན་བྱེད་མི་ཐུབ་པ་ནི་པདྨ་ཚེ་རིང་གིས་དུས་རྒྱུན་དུ་ཁོ་མོ་སྣང་མེད་དུ་འཇོག་པ་དང་། བྱིས་པར་སེམས་ཁུར་མི་བྱེད་པར་མ་ཟད། ཁྱིམ་ཚང་གི་འགན་ཅི་ཡང་མི་འཁུར་བ་དེ་རེད།

གཉེན་མ་བསྒྲིགས་པའི་སྔོན་ལ། པདྨ་ཚེ་རིང་གིས་ས་ཆ་གཞན་དུ་བྱ་བ་སྒྲུབ་ཀྱིན་ཡོད་ལ། སྐབས་དེར་ཁོར་སེམས་མཐུན་གྱི་མཛའ་མོ་ཞིག་ཀྱང་ཡོད་མོད། འོན་ཀྱང་ཕ་མས་རེ་བ་ཡང་ཡང་བཏོན་རྗེས། མཛའ་མོ་དང་ཁ་བྲལ་ཏེ་ཡུལ་ཕྱོགས་ལ་ཡོང་བ་དང་། རྗེས་སུ་མི་གཞན་གྱིས་མཚམས་སྦྱོར་བྱས་པ་བརྒྱུད་དེ། རིག་འཛིན་སྐྱིད་དང་གཉེན་བསྒྲིགས་པ་རེད། གཉེན་བསྒྲིགས་རྗེས་རིག་འཛིན་སྐྱིད་ཀྱི་རྒྱུ་འབྱོར་བ་ལ་བརྟེན་ནས་ཚོང་ལས་གཉེར་བར་ཁེ་སྤོགས་གང་ཡང་མ་ཐོབ་པས། པདྨ་ཚེ་རིང་གི་སེམས་ལ་རང་ཉིད་ནི་ཆུང་མར་བརྟེན་ནས་འཚོ་འཁན་ཞིག་ཡིན་པར་འདོད་དེ། རྒྱུན་དུ་སེམས་མི་སྐྱིད་པའི་ཁར། སྔོན་ཆད་ཀྱི་མཛའ་མོ་ཡང་བརྗེད་ཐབས་མི་འདུག་པས། འཚོ་བའི་ཁྲོད་དུ་ཆུང་མ་དང་བུ་ཕྲུག་ལ་སེམས་ཁུར་བྱེད་མི་འདོད་ལ། ཆུང་མར་བསམ་བློ་བརྗེ་རེས་ཀྱང་བྱེད་མི་འདོད་པར་རྒྱུན་དུ་རང་རང་སར་ཉལ་བར་མ་ཟད། བྱིས་པའི་སློབ་གསོ་ལའང་དོ་ཁུར་གང་ཡང་མི་བྱེད་པ་རེད། པདྨ་ཚེ་རིང་གི་དྲག་ཤུགས་དེའི་དབང་གིས་མཇུག་མཐར་ཁོ་གཉིས་ཀ་གཉེན་མི་འཐོར་ཀ་མེད་བྱུང་།

བཅའ་ཁྲིམས་ཀྱི་ཁུངས་ལུང་།

བསམ་བློ་བརྗེ་རེས་བྱེད་པ་ནི་ཁྱིམ་ཚང་གི་འཚོ་བ་སྐྱིད་པོ་ཡོང་བའི་ལྡེ་མིག་ལྟ་བུ་རེད། དོན་དངོས་སུ་བཤད་ན། གཉེན་འབྲེལ་གནད་དོན་ཁྲོད་དུ་སྐྱོན་གང་ཡང་མེད་པའི་ཕྱོགས་ཤིག་ཡོད་མི་སྲིད། ཁྱིམ་ཚང་ནང་གི་འགལ་ཟླ་མང་པོ་ཞིག་བསམ་བློ་བརྗེ་རེས་མ་བྱས་པ་ལས་བྱུང་བ་ཡིན་ལ། ཁ་བརྡ་བྱེད་པ་ནི་བསམ་བློ་བརྗེ་རེས་ཀྱི་ཐབས་ལམ་ཆེས་བཟང་པོ་ཞིག་ཡིན། གལ་ཏེ་བཟའ་ཟླའི་བར་དུ་ཁ་བརྡ་གང་ཡང་མི་བྱེད་པར་རྒྱུན་དུ་ཁ་རོག་གེར་འདུག་རྒྱུ་ལོབས་ན། དུས་ཡུན་རིང་པོ་མི་འགོར་བར་འགལ་ཟླ་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་། མཇུག་མཐར་འདུམ་སྒྲིག་བྱེད་ཐབས་བྲལ་བའི་ཁྱིམ་ཚང་ནང་གི་དྲག་ཤུགས་སུ་འགྱུར་ངེས་རེད།

དེ་ལས་གཞན་ད་རུང་བཅའ་ཁྲིམས་ཀྱི་ཐད་ནས་བཤད་ན། ཕྱོགས་གཅིག་གིས་རྒྱུན་དུ་ཅིག་ཤས་དེར་བསམ་བློའི་སྟེང་ནས་འཇིགས་བསྐུལ་ཏེ། ཅིག་ཤས་ལ་འཇིགས་སྐྲག་བཟོས་ན། དེ་ནི་བསམ་བློའི་སྟེང་གི་དྲག་ཤུགས་སུ་གཏོགས་པས། ཅིག་ཤས་ཀྱིས་དྲག་ཤུགས་སྤྱོད་མཁན་ལ་བསམ་བློའི་གནོད་འཚེ་ཡི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག ཁྱིམ་ཚང་ནང་གི་དྲག་ཤུགས་དབང་གིས་གཉེན་འཐོར་དགོས་པ་བྱུང་ན། གནོད་འཚེ་ཐེབས་མཁན་གྱིས་དྲག་ཤུགས་སྤྱོད་མཁན་ལ་བསམ་བློའི་གནོད་འཚེ་ཡི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན་ཆོག

དཔེ་མཚོན་གསུམ་པ། གྱོས་མོས་མག་པར་གཅར་རྡུང་བཏང་བ།

ཉེ་སྔོན།གཡང་འབུམ་རྒྱལ་གྱིས་མི་དམངས་ཁྲིམས་ཁང་ལ་གཏུགས་ཏེ་མི་ལུས་བདེ་འཇགས་སྲུང་སྐྱོབ་བཀའ་རྒྱ་འདོན་དགོས་པའི་རེ་འདུན་བཏོན་པ་དང་།རེ་འདུན་ཞུ་ཡུལ་ནི་ཁོའི་ཆུང་མའི་ཨ་མ་སྟེ་གྱོས་མོ་རེད།རྒྱུ་མཚན་ནི་ཁོ་བཟའ་ཟླ་གཉིས་ཀྱི་བར་ལ་འགལ་བ་བྱུང་ནས་ཡུན་རིང་འགོར་ཞིང་།བཟའ་ཟླའི་འགལ་བའི་དབང་གིས་ཁོ་གཉིས་དང་མཉམ་དུ་བསྡད་ཡོད་པའི་གྱོས་མོའི་བར་གྱི་འགལ་བ་ཡང་ཇེ་ཆེ་ནས་ཇེ་ཆེར་གྱུར་པས།གྱོས་མོས་རྒྱུན་དུ་ཁོར་གཅར་རྡུང་བྱས་པར་བཤད།དེའི་མི་ཚད་གཡང་འབུམ་རྒྱལ་གྱིས་ད་རུང་སྨན་ཁང་དུ་བསྡད་པའི་ནད་ཐོ་དང་དངུལ་སྤྲོད་འཛིན་ཡིག  ནད་ཐོག་གསལ་འབྱེད་ཡི་གེ་སོགས་བཏོན་ནས་གྱོས་མོས་ཁོར་གཅར་རྡུང་བྱས་མྱོང་བ་བདེན་དཔང་བྱས་ཏེ།གྱོས་མོ་ཁོ་བཟའ་ཟླ་གཉིས་ཀྱི་སྡོད་ཁང་ནས་ཕྱིར་འབུད་དགོས་པའི་རེ་བ་བཏོན། ཁྲིམས་ཁང་གིས་བརྟག་དཔྱད་བྱས་པ་ན།གཡང་འབུམ་རྒྱལ་གྱིས་བཤད་པའི་དོན་དག་དེ་དག་དོན་དངོས་ཡིན་པར་མ་ཟད་ཁོས་བཏོན་པའི་དཔང་རྟགས་དེ་དག་གིས་ཀྱང་དོན་དངོས་ཡིན་པ་བདེན་དཔང་བྱེད་ཐུབ་པས།ཁྲིམས་ཁང་གིས་གཡང་འབུམ་རྒྱལ་གྱི་རེ་བར་རྒྱབ་སྐྱོར་བྱས།

བཅའ་ཁྲིམས་ཀྱི་ཁུངས་ལུང་།

རང་རྒྱལ་གྱི་ཁྱིམ་ཚང་ནང་གི་དྲག་ཤུགས་ལ་རྒོལ་བའི་བཅའ་ཁྲིམས་སྟེང་གཏན་འཁེལ་བྱས་ཡོད་པའི་ཁྱིམ་ཚང་ནང་གི་དྲག་ཤུགས་ནི།བཟའ་ཟླའི་བར་འབྱུང་བ་ཁོ་ན་ཞིག་མ་ཡིན་པར།ཁྱིམ་ཚང་ནང་གི་ཁོངས་མི་གཞན་དག་གི་བར་དུའང་འབྱུང་བ་ཞིག་ཡིན་པས།ཁྱིམ་ཚང་གི་ཁོངས་མི་གང་ཞིག་ལ་དྲག་ཤུགས་ཐེབས་ན་དེས་ཁྲིམས་ཁང་ལ་མི་ལུས་བདེ་འཇགས་སྲུང་སྐྱོབ་བཀའ་རྒྱ་འདོན་དགོས་པའི་རེ་འདུན་ཞུས་ཆོག

དོ་བདག་པར་བདེ་བླག་ངང་ཁྲིམས་དང་མཐུན་ཞིང་ནུས་པ་ལྡན་པའི་མི་ལུས་བདེ་འཇགས་སྲུང་སྐྱོབ་བཀའ་རྒྱ་ཞིག་ཐོབ་འདོད་ན་ངེས་པར་དཔང་རྟགས་ཀྱི་འདུ་ཤེས་ཡོད་དགོས།ཁྱིམ་ཚང་ནང་གི་དྲག་ཤུགས་ཐེབས་རྗེས། མྱུར་དུ་དཔང་རྟགས་འཇོག་པ་དང་བསྡུ་ཉར་བྱེད་དགོས།ཁྲིམས་རའི་ནང་དུ་དྲག་ཤུགས་ཐེབས་མཁན་གྱིས་དྲག་ཤུགས་ཐེབས་པ་བདེན་དཔང་བྱེད་ཐུབ་པའི་ནུས་ལྡན་གྱི་དཔང་རྟགས་འདོན་དགོས།དེ་ལྟར་བྱས་ན་ད་གཟོད་ཁྲིམས་ཁང་གིས་ཁྱོད་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པའི་མི་ལུས་བདེ་འཇགས་སྲུང་སྐྱོབ་བཀའ་རྒྱ་ཞིག་འདོན་ངེས་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།