ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་སྒྲིག་བྱས་རྗེས་སྡོད་ཁང་བཙོངས་པ་ལས་ཐོབ་པའི་སྒོར་མོ་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཡིན་ནམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

དཔལ་ལྡན་བཀྲ་ཤིས་ཀྱིས་གཉེན་མ་བསྒྲིགས་པའི་སྔོན་ལ་སྡོད་ཁང་ཞིག་ཉོས་པ་དང་།སྡོད་ཁང་དེའི་དངུལ་བུན་ཡོངས་རྫོགས་གཉེན་མ་བསྒྲིགས་པའི་སྔོན་ལ་འཇལ་ཚར་བ་རེད།གཉེན་བསྒྲིགས་ནས་ཅང་མ་འགོར་བར་ཁོས་སྡོད་ཁང་དེ་ཕྱི་རུ་བཙོངས།ད་ལྟ་ཁོ་དང་ཁོའི་ཆུང་མ་གཉིས་གཉེན་འཐོར་རྩིས་ཡོད།ཡིན་ཡང་སྡོད་ཁང་དེ་བཙོངས་པའི་སྒོར་མོའི་ཐད་ནས་ཁོའི་བཟའ་ཟླ་གཉིས་ཀ་གྲོས་མཐུན་ཡོང་གིན་མེད།

ཆུང་མའི་སེམས་ལ་སྡོད་ཁང་བཙོངས་པའི་སྒོར་མོ་དེ་ནི་ཁོ་གཉིས་ཀ་གཉེན་བསྒྲིགས་རྗེས་ཐོབ་པ་ཡིན་པས། བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཡིན་ལ།གཉེན་འཐོར་སྐབས་ངེས་པར་ཆ་སྙོམས་ཀྱིས་བགོ་དགོས་པར་འདོད་ཀྱིན་ཡོད།

དཔལ་ལྡན་བཀྲ་ཤིས་ཀྱི་སེམས་ལ།སྡོད་ཁང་དེ་ནི་རང་ཉིད་ཀྱིས་གཉེན་མ་བསྒྲིགས་པའི་སྔོན་ལ་ཉོས་པའི་སྒེར་གྱི་རྒྱུ་ནོར་ཡིན་པས།གཉེན་བསྒྲིགས་རྗེས་བཙོངས་པ་བདེན་ནའང་།སྒོར་མོ་ནི་རང་ཉིད་ཀྱི་སྒེར་གྱི་རྒྱུ་ནོར་ཡིན་པར་འདོད་ཀྱིན་ཡོད།

འདིར་འདྲི་རྒྱུ་ནི།སྒོར་མོ་དེ་དོན་དངོས་སུ་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་ཡིན་ནམ་སྒེར་གྱི་རྒྱུ་ནོར་ཡིན།

ཀློག་པ་པོ་ཚེ་རིང་འཚོ་ནས།

ཀློག་པ་པོ་ཚེ་རིང་འཚོ་ལགས།

ང་ཚོས་བལྟས་ན་དཔལ་ལྡན་བཀྲ་ཤིས་ཀྱི་བསམ་བློ་དེ་འགྲིག་འདུག་ལ།ཁོའི་ཆུང་མའི་བསམ་བློ་ནི་ནོར་འཁྲུལ་ཡིན་ནོ། །

རྒྱུ་མཚན་ནི་སྡོད་ཁང་དེའི་ཐོན་དབང་བདག་པོ་ནི་དཔལ་ལྡན་བཀྲ་ཤིས་གཅིག་པོ་ཡིན་པས།སྡོད་ཁང་དེ་ནི་དཔལ་ལྡན་བཀྲ་ཤིས་ཀྱི་གཉེན་མ་བསྒྲིགས་པའི་སྔོན་གྱི་སྒེར་གྱི་རྒྱུ་ནོར་རེད།སྡོད་ཁང་དེ་གཉེན་བསྒྲིགས་རྗེས་བཙོངས་པ་བདེན་ནའང་།དེ་ནི་དཔལ་ལྡན་བཀྲ་ཤིས་ཀྱི་སྒེར་གྱི་རྒྱུ་ནོར་སྡོད་ཁང་ནས་སྒོར་མོ་ལ་བསྒྱུར་པ་ཙམ་ལས།རྒྱུ་ནོར་དེའི་བདག་དབང་ལ་འགྱུར་ལྡོག་བྱུང་མེད། དེའི་རྐྱེན་གྱིས་དཔལ་ལྡན་བཀྲ་ཤིས་ཀྱི་སྡོད་ཁང་བཙོངས་པའི་ཡོང་སྒོ་དེ་ནི་སྔར་བཞིན་དཔལ་ལྡན་བཀྲ་ཤིས་ཀྱི་སྒེར་གྱི་རྒྱུ་ནོར་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།