ཀྲུང་གོ་བོད་ཀྱི་དྲ་བ།

གཉེན་འཐོར་བའི་སྐབས་སུ་བདག་དབང་ཆུང་ངུའི་ཁང་པ་ཇི་ལྟར་བགོ་དགོས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་དང་ངའི་ཁྱོ་ག་གཉིས་བཟའ་ཚང་བསྒྲིགས་ནས་ལོ་གཅིག་མ་གཏོགས་འགོར་མེད།ད་ལྟ་ཁོར་ཕྱི་རུ་ཟུར་བསྟེན་ཆུང་མ་ཡོད་པར་མ་ཟད་རྒྱན་སྐུགས་རྒྱུར་ཡང་དགའ་བས།ང་རང་ཁོ་དང་གཉེན་འཐོར་རྩིས་ཡོད། ངེད་གཉིས་གཉེན་སྒྲིག་སྐབས་ཀྱི་ཁང་པ་ནི་གླས་ཁང་ཡིན་ལ།ཁོར་གྲོང་ཁྱེར་མཐའ་འཁོར་དུ་ཁང་པ་ཞིག་ཡོད་པ་དེ་བཤིག་སྤོ་བྱས་རྗེས་ཡང་བསྐྱར་སྡོད་ཁང་གསར་པ་ལས་རྒྱུར་བསྒུགས་ཡོད།སྡོད་ཁང་དེ་མི་གཞན་ལ་གླས་འདུག་པ་དང་ང་རང་དེའི་ནང་དུ་སོང་མྱོང་། གླ་མཁན་གྱིས་ཁོ་རང་ངོ་ཤེས་པར་མ་ཟད་ཁོ་ཁང་བདག་ཡིན་པར་བཤད།དེའི་རྐྱེན་གྱིས་ང་ཡང་ཁང་པ་དེའི་ཁང་བདག་ནི་ཁོ་རང་ཡིན་པར་ཡིད་ཆེས་ཡོད།སྡོད་ཁང་དེ་ནི་ཁོས་སྔོན་ཆད་ཉོས་པ་ཡིན་མོད།འོན་ཀྱང་གཉེན་མ་བསྒྲིགས་པའི་སྔོན་ལ་ཁོས་ངའི་ཁེ་དབང་འགན་སྲུང་བྱེད་ཆེད།ཆེད་དུ་གཉེན་མ་བསྒྲིགས་པའི་སྔོན་གྱི་རྒྱུ་ནོར་ཐད་ཀྱི་གྲོས་འཆམ་ཡི་གེ་ཞིག་བྲིས་ནས།སྡོད་ཁང་དེའི་བདག་དབང་ཕྱེད་ཀ་ང་ལ་དབང་རྒྱུ་བྱས་ཡོད།ཡིན་ན་ཡང་ད་ལྟ་ངས་སྡོད་ཁང་དེ་ནི་བདག་དབང་ཆུང་ངུའི་སྡོད་ཁང་ཞིག་ཡིན་པ་ཚོར།ཁོས་སྡོད་ཁང་དེ་དངོས་གནས་ཉོས་ཡོད་མོད།འོན་ཀྱང་བདག་དབང་ཡི་གེ་མེད་པ་རེད།འདིར་འདྲི་རྒྱུ་ནི།གལ་ཏེ་ང་ཚོ་གཉེན་འཐོར་ན་སྡོད་ཁང་དེ་ཇི་ལྟར་བགོ་དགོས་སམ།

ཀློག་པ་པོ་ལྷ་མོ་སྐྱིད་ནས།

བློ་མཐུན་ལྷ་མོ་སྐྱིད་ལགས།

གལ་ཏེ་ཁྱོད་དང་ཁྱོད་ཀྱི་ཁྱོ་ག་གཉིས་ཀྱིས་བྲིས་པའི་གྲོས་འཆམ་ཡི་གེ་དེ་ནི་ཁྱོད་གཉིས་ཀྱི་འདོད་བློ་ངོ་མ་ཡིན་ན། ནུས་པ་ལྡན་ཁོ་ཐག་རེད།

ཁྱོད་ལ་སྡོད་ཁང་དེའི་བདག་དབང་གི་ཕྱེད་ཀ་ཡོད་མོད།འོན་ཀྱང་སྡོད་ཁང་དེ་ནི་བདག་དབང་ཐོ་འགོད་བྱས་མེད་པའི་དབང་གིས།བཅའ་ཁྲིམས་སྟེང་ནས་བཤད་ན་ཐོ་འགོད་བྱེད་ཐབས་མེད་པའི་བདག་དབང་ཆུང་ངུའི་ཁང་པ་རེད།དེའི་རྐྱེན་གྱིས་སྡོད་ཁང་དེ་བཅའ་ཁྲིམས་ལྟར་བགོ་ཐབས་མེད་མོད།འོན་ཀྱང་དོན་དངོས་ཀྱི་འགྲོ་རིམ་ལྟར།གཉེན་འཐོར་སྐབས་ཁྱོད་ཀྱིས་རིན་ཐང་སྒོར་མོར་བཀུག་ནས་སྟེར་དགོས་པའི་རེ་བ་བཏོན་ཆོག་གོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།