ཀྲུང་གོ་བོད་ཀྱི་དྲ་བ།

མང་ཚོགས་དཀྱུས་མ་ཞིག་བཟའ་འཐོར་བྱས་རྗེས་བྱིས་པ་གསོ་སྐྱོང་གི་དངུལ་ཟླ་རེར་ག་ཙམ་སྟེར་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རམས་ཚེ་བྷོ།   སྤེལ་དུས། : 2018-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

ཀུན་མཁྱེན་ཚེ་རིང་ནི་མགོ་ལོག་ཁུལ་དར་ལག་རྫོང་གི་འབྲོག་མི་ཕལ་བ་ཞིག་ཡིན་ལ། ད་ལོར་ཁོ་དང་ཆུང་མ་སྒྲོན་དཀར་གཉིས་བཟའ་འཐོར་བྱས་ཏེ་ཆུང་མས་བུ་ཆུང་ཁྲིད་དེ་རང་ཡུལ་དུ་བུད་སོང་། ཁོ་གཉིས་བཟའ་འཐོར་རང་མོས་ཡིན་ལ་ཞང་མི་དམངས་སྲིད་གཞུང་དུ་བཟའ་འཐོར་ཡི་གེ་ལེན་དུ་ཕྱིན་པ་ཡིན། རྒྱུ་ནོར་བགོ་བཤའ་དང་བྱིས་པ་གསོ་སྐྱོང་ཐད་ལ་ཁོ་གཉིས་ཀྱིས་གྲོས་མཐུན་ཡི་གེ་ཞིག་བྲིས་མོད། བྱིས་པ་གསོ་སྐྱོང་གི་ཐད་ལ་ཁོ་གཉིས་གྲོས་ཁ་མ་མཐུན་པར་རྩོད་གླེང་དྲག་པོ་བྱུང་། ཆུང་མས་ཀུན་མཁྱེན་ཚེ་རིང་གིས་ཟླ་རེར་སྒོར་སྟོང་གཅིག་རེ་བྱིས་པ་གསོ་དངུལ་དུ་སྟེར་དགོས་ཟེར། ངོ་མ་བཤད་ན། ཀུན་མཁྱེན་ཚེ་རིང་ཁྱིམ་ཚང་དབུལ་བོ་ཞིག་གི་བུ་ཡིན་པ་དང་། ཁོའི་ཕ་མ་གཉིས་ལོ་ན་བགྲེས་པོའི་ཁར་ནད་པ་ཡང་ཡིན། ཁྱིམ་གྱི་རྒྱུ་ནོར་ལ་ཟོག་ལུག་བཅུ་ཕྲག་ལས་མེད། དེས་ན། ཀུན་མཁྱེན་ཚེ་རིང་གིས་རང་གི་བྱིས་པ་གསོ་དངུལ་ལ་ཟླ་རེར་སྒོར་ག་ཙམ་སྟེར་དགོས།

ཁྲིམས་བཤད།

འབྲོག་ཁུལ་དུ་གོང་གི་གྱོད་དོན་འདི་ལྟ་བུའི་གནས་ཚུལ་ཤིན་ཏུ་མང་བས། མི་དམངས་ཁྲིངས་ཁང་གིས་འདི་ལྟ་བུའི་གྱོད་དོན་ཐག་གཅོད་བྱེད་སྐབས་ཞིབ་གཅོད་ནན་མོ་བྱེད་དགོས། རང་རེའི་རྒྱལ་ཁབ་ཀྱི《ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བཟའ་འཐོར་གྱོད་དོན་ཞིབ་གཅོད་བྱེད་དུས་བྱིས་པ་གསོ་འགན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་བསམ་འཆར་འགའ》ཞེས་པའི་ཁྲོད་དུ་འདི་ལྟར་ཐག་གཅོད་བྱས་ཡོད།

ཁྱོ་ཤུག་ཟུང་བཟའ་འཐོར་བྱས་རྗེས། བྱིས་པའི་གསོ་རྟེན་གྱི་དངུལ་གྲངས་ནི་བྱིས་པའི་དངོས་ཡོད་ཀྱི་དགོས་མཁོ་དང་། ཕ་མ་ཕྱོགས་གཉིས་ཀའི་གསོ་འགན་འཁུར་ནུས་ཀྱི་ཆ་རྐྱེན། ས་གནས་དེ་གའི་འཚོ་བའི་ཆུ་ཚད་དངོས་བཅས་གཞིར་བཟུང་ནས་གཏན་ཁེལ་བྱེད་དགོས། གསོ་དངུལ་སྟེར་མཁན་དེ་རྒྱལ་ཁབ་ཀྱི་ལས་བྱེད་པའམ་ཡང་ན་ཡོང་འབབ་གཏན་འཇགས་ཅན་ཡིན་ན། ཁོའི་ཟླ་རེའི་ཡོང་འབབ་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་ཉི་ཤུ་ནས་སུམ་ཅུ་གསོ་རྟེན་དུ་སྤྲོད་དགོས། བྱིས་པ་གཉིས་ཡན་གྱི་གསོ་རྟེན་སྟེར་མཁན་ལ་གོང་གི་བསྡུར་ཚད་དེའི་མཐོ་རུ་བཏང་སྟེ་འོས་འཚམས་ཀྱིས་ཐག་གཅོད་དགོས། འོན་ཀྱང་གསོ་རྟེན་སྤྲོད་མཁན་གྱི་ཟླ་རེའི་ཡོང་འབབ་ཀྱི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་མི་ཆོག

གསོ་དངུལ་སྟེར་མཁན་དེ་ཞིང་འབྲོག་མང་ཚོགས་ཤིག་གམ་ཡང་ན་ཡོང་འབབ་གཏན་འཇགས་མིན་པའི་མི་ཞིག་ཡིན་ཚེ། གསོ་རྟེན་གྱི་གྲངས་འབོར་ནི་ཁོའི་ལོ་དེའི་ཡོང་འབབ་སྤྱིའམ་ཡང་ན་ཁོ་དང་ལས་རིགས་གཅིག་པའི་མང་ཚོགས་ཤིག་གི་ཆ་སྙོམས་ཡོང་འབབ་གཞིར་བཟུང་སྟེ་གོང་གི་བསྡུར་ཚད་ལ་བལྟས་ཏེ་འོས་འཚམས་ཀྱིས་འཁུར་དུ་འཇུག་དགོས། དམིགས་བསལ་གྱི་གནས་ཚུལ་ཅན་ལ། གོང་སྨོས་ཀྱི་བསྡུར་ཚད་དེ་ལ་བལྟས་ཏེ་ཇེ་མཐོའམ་ཇེ་དམའ་རུ་བཏང་ནས་འོས་འཚམས་ཀྱིས་གསོ་རྟེན་སྤྲོད་དུ་འཇུག་དགོས་ཞེས་བསྟན་ཡོད།

ཀུན་མཁྱེན་ཚེ་རིང་ལ་མཚོན་ན། འབྲོག་པ་དཀྱུས་མ་ཞིག་ཡིན་པའི་ཁར་ཁྱིམ་ཚང་གི་ཆ་རྐྱེན་བཟང་རྒྱུ་མེད་ལ་གསོ་རྟེན་མཐོན་པོ་སྟེར་བའི་ནུས་པ་མེད་པས། མི་དམངས་ཁྲིམས་ཁང་ངམ་གྱོད་དོན་ཐག་གཅོད་བྱེད་མཁན་གྱིས་གོང་གི་ཐག་བཅད་གཏན་ཁེལ་གཞིར་བཟུང་སྟེ་འོས་འཚམས་ཀྱིས་གསོ་རྟེན་སྤྲོད་དུ་འཇུག་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།