ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་འཐོར་བྱེད་སྐབས་ལོ་གཉིས་གསུམ་ཅན་གྱི་བྱིས་པ་ཕ་མ་གཉིས་ལས་སུས་གསོ་སྐྱོང་བྱས་ན་བཟང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རམས་ཚེ་བྷོ།   སྤེལ་དུས། : 2018-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

འཇིགས་མེད་དང་ངེད་གཉིས་ན་ནིང་བཟའ་འཐོར་བྱེད་སྐབས། བུ་ཆུང་པ་སངས་སོ་མ་ལོ་གསུམ་ཡིན་ལ། འཇིགས་མེད་ཀྱིས་ཁྲིམས་ར་ནས། བུ་ཆུང་གི་ལྟེ་ཁྲག་འཕོ་སའང་ཁོ་ཚང་ཡིན་པ་དང་ལོ་གསུམ་ལ་འབུད་རག་བར་དུ་ཁོ་ཚང་གི་ཨ་ཕྱི་དང་ཨ་མྱེས་སོགས་ཀྱིས་སྙོར་སྐྱོང་བྱས་ཚུལ། བྱིས་པའང་ཁོ་ཚང་གི་ཁྱིམ་མི་རྣམས་ལ་གོམས་འདྲིས་སུ་སོང་ཡོད་ཚུལ། པ་སངས་ཁོ་ཚང་གིས་གསོ་སྐྱོང་བྱས་ཚེ། མ་འོངས་པ་ན་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་སློབ་གསོ་ཡག་པོ་རེག་རྒྱུ་བཅས་ལ་ཕན་འབྲས་ངེས་ཅན་ལྡན་པས་མི་དམངས་ཁྲིམས་ཁང་གིས་བྱིས་པའི་གསོ་སྐྱོང་ཐག་གཅོད་བྱེད་སྐབས་ཁོའི་ཕྱོགས་ལ་འདང་རྒྱག་དགོས་ཞེས་བཤད་པ་དང་། ང་ནི་བྱིས་པའི་ཨ་མ་ཡིན་ལ། བདག་ལ་མིང་སྲིང་ལྔ་ཡོད་དེ་ཁྱིམ་ཚང་གི་ཆ་རྐྱེན་དེ་འདྲའི་ཞན་རྒྱུ་མེད། བུ་ཆུང་པ་སངས་ལ་མཚོན་ན། བདག་གི་ཤ་ཁྲག་ལས་མཆེད་པའི་བྱིས་པ་གཅིག་པུ་ཡིན་པས། བྱིས་པ་བདག་གི་གམ་དུ་མེད་ཚེ་སྙིང་དམར་པོ་ཐང་ལ་གཡུགས་འདྲ་ཞིག་རེད། ཡང་གཅིག་བཤད་ན། བྱིས་པ་མ་སྦྲུམ་པའི་སྔོན་ལ། ངེད་གཉིས་ཞིང་ཆེན་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་པས་བདག་གི་བུ་སྣོད་ཆུང་དྲག་པས་སྨན་གསོ་བྱེད་དགོས་པའི་རེ་བ་བཏོན། ངས་ལོ་གཉིས་རིང་ལ་པེ་ཅིན་དང་ཧྲེང་ཧེ་སོགས་སྨན་ཁང་ཆེན་མོ་དག་ལ་བསྟན་དེ་སྨན་གསོ་མང་པོ་བྱས་མཐར་ད་གཟོད་ལས་དབང་གིས་བུ་ཆུང་ཞིག་སྐྱེས་ཐུབ་པ་བྱུང་། གཞེས་ནང་ལོར། རྫོང་སྨན་ཁང་དུ་བྱིས་པ་སྐྱེས་པའི་སྐབས་སུ། སྨན་ཁང་གིས་གཟེར་མགོ་གནོན་མ་ཐུབ་པར་ངེད་མ་བུ་གཉིས་ཀྱི་སྲོག་ལ་ཉེན་ཁ་ཡོད་པར་དོགས་ནས་གཤག་བཅོས་མི་བྱེད་ཀ་མེད་བྱུང་། སྐབས་དེར། སྨན་པས་བརྟག་དཔྱད་བྱས་པ་ལྟར་ན། ཐེངས་འདིའི་གཤག་བཅོས་ལ་ཧ་ཅང་ཉེན་ཁ་ཡོད་པ་དང་རྗེས་ཕྱོགས་བདག་གིས་བྱིས་པ་བཙའ་མི་ཐུབ་ཟེར། སྐྱེས་སྒོ་བཅད་ཟིན་པའི་བུད་མེད་བདག་ལྟ་བུར་མཚོན་ན། མ་འོངས་འཚོ་རྟེན་གྱི་བྱིས་པ་གཅིག་ཀྱང་མེད་པས་མི་དམངས་ཁྲིམས་ཁང་གིས་བྱིས་པ་གསོ་སྐྱོང་གི་འགན་དབང་བདག་ལ་སྤྲད་ན་ཆོག་གམ།

ཁྲིམས་བཤད།

གོང་གི་གྱོད་དོན་འདིར་མཚོན་ན། 《ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་བཟའ་འཐོར་གྱོད་དོན་ཞིབ་གཅོད་བྱེད་དུས་བྱིས་པ་གསོ་འགན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་བསམ་འཆར་འགའ》ཞེས་པའི་ནང་དུ་འདི་ལྟར་གཏན་ཁེལ་བྱས་ཡོད་དེ། དེ་ལ་གཙོ་བོ་ཕྱོགས་གསུམ་དུ་དབྱེ་ཡོད།

གཅིག ལོ་གཉིས་མན་གྱི་བྱིས་པ་སྤྱིར་བཏང་དུ་ཨ་མ་དང་མཉམ་དུ་འཚོ་བ་རོལ་དགོས། ཨ་མ་ལ་གཤམ་གསལ་གྱི་གནས་ཚུལ་འདི་དག་ལས་གཅིག་ལྡན་ཚེ། ཨ་ཕ་དང་མཉམ་དུ་འཚོ་བ་རོལ་ཆོག

1.ཨ་མར་བཅོས་ཐབས་མེད་པའི་འགོས་ནད་དང་ཡང་ན་གཞན་པའི་ནད་ཚབས་ཆེན་ཡོད་ཚེ། བྱིས་པ་དང་ཨ་མ་མཉམ་དུ་འཚོ་བ་རོལ་མི་ཆོག

2.ཨ་མར་གསོ་ནུས་ལྡན་ཡང་གསོ་འགན་མི་འཁུར་ཚེ། ཨ་ཕས་བྱིས་པ་རང་ཉིད་དང་མཉམ་དུ་འཚོ་བ་རོལ་དགོས་པའི་རེ་བ་བཏོན་ཆོག

3.རྒྱུ་རྐྱེན་གཞན་དག་གི་དབང་གིས་བྱིས་པ་ཨ་མ་དང་མཉམ་དུ་འཚོ་བ་རོལ་ཐབས་མེད་པ། 

གཉིས། ཕ་མ་གཉིས་ཀ་ལོ་གཉིས་མན་གྱི་བྱིས་པ་དང་མཉམ་དུ་འཚོ་བ་རོལ་རྒྱུ་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་ཡོད་ལ། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུ་དེ་ཕ་མ་གཉིས་ཀྱི་འགན་འཁྲི་ཡིན།

གསུམ། ལོ་གསུམ་ཡན་ལ་སོན་པའི་དར་ལ་མ་བབས་པའི་བྱིས་པ་ཡིན་ན། ཕ་མ་ཕྱོགས་གཉིས་ཀས་རང་ཉིད་དང་མཉམ་དུ་འཚོ་བ་རོལ་དགོས་པའི་རེ་འདུན་བཏོན་ཚེ། ཕྱོགས་གཅིག་ལ་གཤམ་གྱི་ཆ་རྐྱེན་འདི་དག་ལས་ཆ་ཤས་ཤིག་ལྡན་ན་དམིགས་བསལ་གྱིས་བསམ་གཞིག་གཏོང་དགོས།

1.སྐྱེས་སྒོ་བཅད་པའི་གཤག་བཅོས་བྱས་ཟིན་པའམ་རྒྱུ་རྐྱེན་གཞན་གྱིས་བུ་རྒྱུད་སྐྱེ་ནུས་ཤོར་བ།

2.བྱིས་པ་རང་ཉིད་དང་མཉམ་དུ་འཚོ་བ་རོལ་ནས་ཡུན་རིང་ཕྱིན་པས། འཚོ་བའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དང་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་གནོད་པ་མངོན་གསལ་ཡོད་པ།

3.རང་ཉིད་ལ་བྱིས་པ་མེད་ཅིང་ཕྱོགས་གཅིག་ཤོས་ལ་བྱིས་པ་ཡོད་པ།

4.བྱིས་པ་རང་ཕྱོགས་དང་མཉམ་དུ་འཚོ་བ་རོལ་ན་བྱིས་པའི་བདེ་ཐང་ལའང་ཕན་པ་དང་། ཕྱོགས་གཅིག་ཤོས་ལ་བཅོས་ཐབས་མེད་པའི་འགོས་ནད་དང་ནད་ཚབས་ཆེན་ཡོད་པ། ཡང་ན་བྱིས་པའི་ལུས་སེམས་བདེ་ཐང་ལ་གནོད་པའི་གནས་ཚུལ་གཞན་དག་ལྡན་པ་རྣམས་བྱིས་པ་དང་མཉམ་དུ་འཚོ་བ་རོལ་མི་འོས་པའི་གཏན་ཁེལ་ཡོད་ལ། ཁྱོད་ཀྱི་གནས་ཚུལ་ལ་གཞིགས་ན་རྗེས་ཕྱོགས་བྱིས་པ་བཙའ་མི་ཐུབ་པའམ་སྐྱེས་སྒོ་བཅད་ཟིན་པས་མི་དམངས་ཁྲིམས་ཁང་གིས་གོང་གི་གཏན་ཁེལ་འདི་ལྟར་ལོ་གསུམ་ལ་བུད་པའི་བུ་ཆུང་ཨ་མའི་གསོ་སྐྱོང་བྱེད་དགོས་པར་ཐག་གཅོད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།