ཀྲུང་གོ་བོད་ཀྱི་དྲ་བ།

བཟའ་འཐོར་བྱས་རྗེས་ཆུང་མའི་རྒྱུ་ནོར་ལས་བྱིས་པ་གསོ་སྐྱོང་གི་དངུལ་བླངས་ཆོག་གམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

ལོ་འགའི་སྔོན་ལ། ངའི་ཆུང་མ་ཕྱི་ཡུལ་དུ་ཞོར་ལས་སོང་རྗེས་མོའི་གནས་ཚུལ་ཅི་ཡང་ཐོས་རྒྱུ་མེད་པར་གྱུར། ཤུལ་དུ་ང་དང་ལོ་ན་ཆུང་བའི་བུ་མོ་གཉིས་ཀྱིས་ཁེར་རྐྱང་ངང་དཀའ་སྡུག་གི་འཚོ་བ་མི་རོལ་ཀ་མེད་བྱུང་། ཕྱིས་སུ་ངས་གཏུག་བཤེར་བྱས་པས་ཁྲིམས་ཁང་གིས་དོ་བདག་པ་ཁྲིམས་རར་མ་ཞུགས་པ་རྒྱུ་མཚན་དུ་བཞག་སྟེ་ང་དང་ཆུང་མ་གཉིས་བཟའ་འཐོར་བྱེད་རྒྱུ་ཐག་བཅད་ཅིང་། བུ་མོ་ང་དང་མཉམ་དུ་འཚོ་བ་རོལ་དགོས་པས། ངས་ཁོ་མོར་དབང་བའི་རྒྱུ་ནོར་གྱི་གྲས་ནས་རིན་གོང་སྒོར་དྲུག་སྟོང་གི་བགོས་སྐལ་བླངས་ཏེ། བུ་མོ་སྙོར་སྐྱོང་གི་ཕྱོགས་སུ་བཀོལ་རྒྱུ་ཡིན་ཞེས་བཤད་དེ་མོ་ལ་དབང་བའི་རྒྱུ་ནོར་གྱི་ཁྲོད་ནས་སྒོར་དྲུག་སྟོང་ཁྱེར་སོང་། ལོ་འགའ་འགོར་རྗེས། བདག་གི་ཆུང་མ་ཕྱིར་རང་ཡུལ་དུ་ཡོང་ནས་མོ་ལ་དབང་བའི་རྒྱུ་ནོར་གྱི་ཁྲོད་ནས་ཁྱོད་ཀྱིས་སྐར་གང་ཡང་བླངས་མི་ཆོག་ཟེར། དེ་བས། ངེད་གཉིས་ཀྱི་སུ་ཞིག་ལ་གནས་ལུགས་ཡོད་པའི་ཐད་དྲང་བདེན་གྱི་ལན་ཞིག་འདབ་པར་འཚལ།

ཁྲིམས་བཤད།

རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་སོ་བདུན་པའི་གཏན་ཁེལ་ལྟར་ན། བཟའ་འཐོར་བྱས་རྗེས་ཕྱོགས་གཅིག་གིས་སྙོར་སྐྱོང་བྱེད་བཞིན་པའི་བྱིས་པར་ཕྱོགས་གཞན་དེས་ཀྱང་དགོས་ངེས་ཀྱི་འཚོ་བའི་དངུལ་དང་སློབ་གསོའི་དངུལ་ཆ་ཤས་སམ་ཡོངས་རྫོགས་སྟེར་བའི་འགན་འཁུར་དགོས། འགྲོ་གྲོན་འགན་འཁུར་བའི་དུས་ཡུན་གྱི་རིང་ཐུང་ཕྱོགས་གཉིས་ཀར་གྲོས་བསྡུར་བྱས་ཆོག་ལ། གལ་ཏེ་གྲོས་མཐུན་མ་བྱུང་ན་མི་དམངས་ཁྲིམས་ཁང་གིས་ཐག་གཅོད་བྱེད་དགོས། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་བཟའ་འཐོར་གྱོད་དོན་ཞིབ་བཤེར་བྱེད་དུས་བྱིས་པའི་སྙོར་སྐྱོང་གནད་དོན་ཐག་གཅོད་བྱེད་པའི་བསམ་འཆར་གྱི་དོན་ཚན་བཅུ་བ་ན་གཏན་ཁེལ་བྱས་པ་ལྟར་ན། ཕ་མ་ཕྱོགས་གཉིས་ཀས་གྲོས་བསྡུར་བྱས་ཏེ་བྱིས་པས་ཕྱོགས་གཅིག་དང་མཉམ་དུ་འཚོ་བ་རོལ་བར་མ་ཟད། སྙོར་སྐྱོང་བྱེད་མཁན་གྱིས་བྱིས་པའི་འགྲོ་གྲོན་ཡོངས་རྫོགས་འགན་འཁུར་ཆོག ཡིན་ཡང་མི་དམངས་ཁྲིམས་ཁང་གིས་རྩད་གཅོད་བྱས་པ་བརྒྱུད་སྙོར་སྐྱོང་ནུས་བ་ཞན་དྲག་པས་བྱིས་པར་མཁོ་བའི་འགྲོ་གྲོན་ཁག་ཐེག་བྱེད་མི་ཐུབ་ཚེ། ཁྱོ་ཤུག་གཉིས་ཀར་བྱིས་པ་སྙོར་སྐྱོང་བྱེད་པའི་འོས་འགན་ཡོད། ཁྱོད་ཀྱིས་གླེང་པའི་གནས་ཚུལ་ལ་གཞིགས་ན། ཁྱོད་དང་ཆུང་མ་གཉིས་བཟའ་འཐོར་བྱེད་དུས། ཁྲིམས་ཁང་གིས་ཁྱོད་ཀྱི་ཆུང་མར་བྱིས་པ་སྙོར་སྐྱོང་གི་འགན་འཁུར་དགོས་པའི་ཐག་གཅོད་མ་བྱས་མོད། འོན་ཀྱང་ཁོ་མོས་རང་གི་བྱིས་པ་དེ་གཏན་ནས་སྙོར་སྐྱོང་བྱེད་དགོས་པ་གཏན་ནས་མིན། ཕྱོགས་གཅིག་གར་སོང་ཆ་མེད་དུ་གྱུར་ཏེ་བྱིས་པ་སྙོར་སྐྱོང་བྱེད་པའི་གྲོན་དངུལ་ལེན་མ་ཐུབ་པའི་གནས་ཚུལ་ལ་དམིགས་ནས། བསམ་འཆར་གྱི་དོན་ཚན་དགུ་བའི་ནང་ཕྱོགས་གཅིག་ལ་དཔལ་འབྱོར་ཡོང་སྒོ་མེད་པའམ་གར་སོང་ཆ་མེད་དུ་གྱུར་ན། དེའི་རྒྱུ་ནོར་ཁྲོད་དུ་བྱིས་པའི་སྙོར་སྐྱོང་གི་གསོ་དངུལ་བླངས་ཆོག་ཆོག་ཡིན་ཞེས་གཏན་ཁེལ་གསལ་བོ་བྱས་ཡོད། དེ་བས། ཁྱོད་ཀྱིས་ཆུང་མའི་བགོས་སྐལ་ཁྲོད་བྱིས་པ་སྙོར་སྐྱོང་གི་གསོ་དངུལ་བླངས་པ་ནི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་ཞིག་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།