ཀྲུང་གོ་བོད་ཀྱི་དྲ་བ།

གཞན་ལ་བྱིན་ཟིན་པའི་བུ་སྐལ་ཡང་བསྐྱར་རང་གིས་གཉོར་འདོད་ན་ཇི་ལྟར་བྱ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ། 

ང་དང་སྟོབས་ལྡན་གཉིས་རང་དབང་རང་འཐད་ཀྱིས་གཉེན་སྒྲིག་བྱས་རྗེས་ཀྱི་ཕྱི་ལོ་སྟེ། གོ་དགུ་ལོར། ངས་བདེ་བླག་ངང་སྙིང་རྗེ་བའི་བུ་མོ་ཞིག་བཙས། ཡིན་ཡང་བསམ་ཡིད་ལས་འདས་པ་ཞིག་ལ་ཉིས་སྟོང་གཅིག་ལོར། ཁྱོ་ག་སྟོབས་ལྡན་ལ་མི་འདོད་པའི་ནད་ལྕི་མོ་ཞིག་ཕོག་སྟེ་མཇུག་མཐར་ཚེ་ལས་འདས་སོང་། སྐབས་དེར་ཁྱིམ་ཚང་གི་ཆ་རྐྱེན་བཟང་རྒྱུ་མེད་པའི་ཁར་ཁྱོ་ག་སྨན་བཅོས་བྱེད་པར་སྨན་ཡོན་ཡང་མང་པོ་ཞིག་གཞན་ལ་བསྐྱིས་པ་ཡིན་པས་ང་རང་འུ་ཐུག་ཐབས་ཟད་དུ་གྱུར་ཏེ་ངའི་བུ་མོ་རང་གི་ཤ་ཉེ་མེ་ཏོག་སྐྱིད་ཚང་ལ་བུ་སྐལ་དུ་བྱིན་པ་མ་ཟད། གཉོར་སྐྱོང་གྲོས་མཐུན་ཡི་གེའང་བྲིས། མིག་སྔར། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཁྱིམ་ཚང་གི་ཆ་རྐྱེན་ཡང་ཇེ་བཟང་དུ་སོང་ཡོད་མོད། འོན་ཀྱང་བྱིས་པ་ཧ་ཅང་དྲན་པ་མ་ཟད། སྔོན་ཆད་རང་ཉིད་ཀྱིས་བུ་སྐལ་བྱིན་པའི་བྱ་སྤྱོད་དེར་འགྱོད་པ་གཏིང་ནས་སྐྱེས། དེ་བས། ངས་མེ་ཏོག་སྐྱིད་ལ་གཉོར་སྐྱོང་གྲོས་མཐུན་ཡི་གེ་བྲིས་པ་དེ་མེད་པར་བཟོ་བའི་རེ་བ་བཏོན་དེ་བྱིས་པ་ཡང་བསྐྱར་རང་གིས་གཉོར་འདོད་པའི་རེ་བ་བཏོན་ཆོག་གམ།

ཁྲིམས་བཤད།

གཉོར་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་དྲུག་པའི་གཏན་ཁེལ་ལྟར་ན། གཉོར་སྐྱོང་མཁན་དང་བུ་སྐལ་སྟེར་མཁན་ཕྱོགས་གཉིས་ཀས་གཅིག་མཐུན་སྒོས་གྲོས་མཐུན་ཡི་གེ་མེད་པར་མ་བཟོས་ན། གཉོར་སྐྱོང་མཁན་གྱིས་བུ་སྐལ་ནར་སོན་པའི་སྔོན་གཉོར་སྐྱོང་འབྲེལ་བ་མེད་པར་བཟོས་མི་ཆོག ལོ་བཅུ་ལ་སོན་པའི་བུ་སྐལ་ལ་ཁོ་རང་ཉིད་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས། གཉོར་སྐྱོང་མཁན་གྱིས་གཉོར་སྐྱོང་འོས་འགན་མ་སྒྲུབ་སྟེ་མནར་གཅོད་དང་འདོར་བ་སོགས་ནར་མ་སོན་པའི་བུ་སྐལ་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་ན། བུ་སྐལ་སྟེར་མཁན་ལ་གཉོར་སྐྱོང་མཁན་དང་བུ་སྐལ་བར་གྱི་གཉོར་སྐྱོང་འབྲེལ་བ་མེད་པར་བཟོ་བར་རེ་བ་བཏོན་པའི་དབང་ཆ་ཡོད། གཉོར་སྐྱོང་འབྲེལ་བ་མེད་པར་བཟོ་བའི་ཐད་བུ་སྐལ་སྟེར་མཁན་དང་གཉོར་སྐྱོང་མཁན་བར་ལ་གཅིག་གྱུར་གྱི་ལྟ་བ་མ་བྱུང་ཚེ་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག

གོང་གི་གཏན་ཁེལ་ལ་གཞིགས་ན། བུ་སྐལ་སྟེར་མཁན་གྱིས་གལ་ཏེ་གཉོར་སྐྱོང་གྲོས་མཐུན་མེད་པར་བཟོས་ཏེ་རང་གི་བྱིས་པ་ཕྱིར་ལེན་འདོད་ཚེ། གཤམ་གྱི་བྱེད་ཐབས་རིགས་གཉིས་ཡོད་དེ། གཅིག གྲོས་མཐུན་བྱུང་སྟེ་གཉོར་སྐྱོང་འབྲེལ་བ་མེད་པར་བཟོ་བ། དེ་ནི་གཉོར་སྐྱོང་མཁན་དང་གྲོས་བསྡུར་བྱས་ཏེ་གཉོར་སྐྱོང་འབྲེལ་བ་མེད་པར་བཟོ་བའི་ཐད་ཕྱོགས་གཉིས་ཀར་གྲོས་འཆམ་བྱུང་བ་ཞིག་ལ་གོ གཉིས། དེ་ནི་གྲོས་མཐུན་མ་ཡོང་བའི་སྐབས་སུ། གཉོར་སྐྱོང་མཁན་ལ་གཉོར་སྐྱོང་འོས་འགན་ལག་བསྟར་མི་བྱེད་པའི་བྱ་སྤྱོད་ཡོད་མེད་ཐད་ལ་བལྟ་དགོས། གལ་ཏེ་ཁྲིམས་ལྟར་གཉོར་སྐྱོང་འབྲེལ་བ་མེད་པར་བཟོ་བའི་དོན་དངོས་དང་མཐུན་ན་བུ་སྐལ་སྟེར་མཁན་ལ་གཉོར་སྐྱོང་མཁན་དང་བུ་སྐལ་གྱི་གཉོར་སྐྱོང་འབྲེལ་བ་མེད་པར་བཟོ་བར་རེ་བ་འདོན་པའི་དབང་ཆ་ཡོད།

ཡིན་ཡང་། གལ་ཏེ་ཁྱོད་དང་གཉོར་སྐྱོང་མཁན་མེ་ཏོག་སྐྱིད་གཉིས་ལ་གྲོས་མཐུན་མི་བྱུང་བ་མ་ཟད། ཁྲིམས་ལྟར་གཉོར་སྐྱོང་འབྲེལ་བ་མེད་པར་བཟོ་བའི་དོན་དངོས་ཀྱང་མེད་ཚེ། གཉོར་སྐྱོང་གྲོས་མཐུན་མེད་པར་བཟོས་མི་ཆོག གལ་ཏེ་ཁྲིམས་ལྟར་གཉོར་སྐྱོང་འབྲེལ་བ་མེད་པར་བཟོ་བའི་དོན་དངོས་ཡོད་ན། ཁྱོད་ཀྱིས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག

གཞན་ཡང་། གལ་ཏེ་བུ་སྐལ་སྟེར་མཁན་གྱིས་བུ་སྐལ་ལ་མནར་གཅོད་དང་འདོར་བསྐྱུར་སོགས་ཀྱི་རྒྱུ་རྐྱེན་ཅི་ཡང་ར་སྤྲོད་བྱེད་རྒྱུ་མེད་པར་ཁྲིམས་ཁང་གིས་གཉོར་སྐྱོང་འབྲེལ་བ་མེད་པར་བཟོ་དགོས་ཚེ། གཉོར་སྐྱོང་མཁན་གྱིས་བུ་སྐལ་སྟེར་མཁན་ལ་གཉོར་སྐྱོང་བྱེད་སྐབས་བཏང་བའི་འཚོ་བའི་གྲོན་དངུལ་དང་སློབ་གསོའི་གྲོན་དངུལ་འོས་འཚམ་ཞིག་སྐྱིན་གསབ་བྱེད་དགོས་པའི་རེ་བ་བཏོན་ཆོག་གོ

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།