ཀྲུང་གོ་བོད་ཀྱི་དྲ་བ།

དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་མ་དངུལ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་ནམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1523953346870703.png

གྱོད་དཔེ། 

ན་ནིང་དགུན་ཁར། ང་རང་འ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་ནས་རྐང་བ་གཡོན་པར་རྨས་སྐྱོན་ཆེན་པོ་བཟོས། རླངས་འཁོར་ཁ་ལོ་པས་འགན་གཙོ་བོ་འཁུར་དགོས་ལ་སྨན་ཡོན་ཡོད་ཚད་ཁོས་བྱིན་པར་མ་ཟད། ད་དུང་སྒོར་ཆིག་ཁྲི་གཉིས་སྟོང་ང་ལ་འཚོ་བའི་ཁ་གསབ་རོགས་དངུལ་དུ་བྱིན། ཉེ་སྔོན་ང་དང་ཁྱོ་གའི་བར་ལ་འགལ་བ་ཆེན་པོ་ཞིག་བྱུང་ནས་ངེད་གཉིས་རང་འཐད་སྒོས་བཟའ་འཐོར་བྱེད་པར་ཡིད་འཐད་བྱུང་ཡང་། རྒྱུ་ནོར་བགོ་བཤའ་བྱེད་སྐབས་ངའི་འཚོ་བའི་ཁ་གསབ་རོགས་དངུལ་ཕྱོགས་ནས་ངེད་གཉིས་ལ་རྩོད་པ་བྱུང་། ངས་བཤད་རྒྱུར། འཚོ་བའི་ཁ་གསབ་ཀྱི་རོགས་དངུལ་འདི་ང་རང་ཉིད་ལ་ཆག་སྒོ་བྱུང་ནས་བྱིན་པ་ཡིན་པས་མི་སྒེར་ལ་དབང་བ་ཡིན། ཁྱོ་གས་བཤད་རྒྱུར། སྒོར་དེ་ངེད་གཉིས་བཟའ་ཟླའི་འབྲེལ་བ་ཡོད་དུས་ཐོབ་པའི་རྒྱུ་ནོར་ཡིན་པས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལྟར་བགོ་བཤའ་རྒྱག་དགོས་ཟེར། དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་ནམ།

ཁྲིམས་བཤད། 

རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱད་པའི་ནང་གཏན་ཁེལ་བྱས་པ་ལྟར་ན། གཤམ་གྱི་གནས་ཚུལ་གཅིག་འདུས་ན། ཁྱོ་ཤུག་ཕྱོགས་གཅིག་ལ་དབང་བའི་རྒྱུ་ནོར་ཡིན་ཏེ། 

གཅིག གཉེན་སྒྲིག་མ་བྱས་སྔོན་གྱི་རྒྱུ་ནོར།

གཉིས། ཕྱོགས་ཅིག་ཤོས་ཀྱི་ལུས་ཕུང་ལ་རྨས་སྐྱོན་བྱུང་རྗེས་ཐོབ་པའི་སྨན་རིན་དང་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ།

གསུམ། ཁ་འཆམ་དང་འབུལ་རྫས་སོགས་གན་རྒྱའི་ནང་གཏན་ཁེལ་བྱས་ཏེ་ཕྱོགས་གཅིག་ལ་ཐོབ་པའི་རྒྱུ་ནོར།

བཞི། ཁྱོ་ཤུག་ཕྱོགས་གཅིག་གི་རྒྱུ་ནོར།

ལྔ། ད་དུང་ཕྱོགས་གཅིག་ལ་ཐོབ་འོས་པའི་རྒྱུ་ནོར་གཞན་དག

གོང་གི་བཅའ་ཁྲིམས་གཞིར་བཟུང་ནས་ཁྱོད་ཀྱིས་བཏོན་པའི་གནས་ཚུལ་ལ་གཞིགས་ན། ཁྱོད་ལ་བྱིན་པའི་སྒོར་ཆིག་ཁྲི་གཉིས་སྟོང་ནི་དབང་བོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་ཡིན་པས་ཁྱོད་ལ་དབང་བ་ལས་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལྟར་བགོ་བཤའ་བྱས་མི་ཆོག

འོ་ན་གང་ཞིག་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་ཞེ་ན།

གཅིག ཟླ་ཕོགས་དང་བྱ་དགའི་མ་དངུལ།

གཉིས། ཐོན་སྐྱེད་དང་ཚོང་གཉེར་གྱི་ཡོང་སྒོ།

གསུམ། ཤེས་བྱའི་བདག་དབང་གི་ཡོང་སྒོ།

བཞི། ཤུལ་འཛིན་འབུལ་རྫས་སོགས་ལས་ཐོབ་པའི་རྒྱུ་ནོར། (ཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཅོ་བརྒྱད་པའི་ཚན་པ་གསུམ་པའི་ནང་གཏན་ཁེལ་བྱས་ཡོད་པ་ལས་གཞན)

ལྔ། ཁྱོ་ཤུག་ཐུན་མོང་ལ་ཐོབ་འོས་པའི་རྒྱུ་ནོར་གཞན་དག་རྣམས་ཁྱོ་ཤུག་གཉིས་ཀྱི་ཐུན་མོང་གི་དངོས་རྫས་ལྟར་བཀོད་སྒྲིག་བྱེད་པའི་དབང་ཆ་ཡོད་ལ། ཁོ་ཚོས་བེད་སྤྱོད་དང་བཀོད་སྒྲིག་བྱེད་སྐབས་སོ་སོའི་དབང་ཆའང་འདྲ་མཉམ་ཡིན། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།