ཁྱོ་ག་ཞོར་ལས་ལ་སོང་ཤུལ་དུ་ཆུང་མ་མི་གཞན་པ་དང་གཉེན་སྒྲིག་བྱས་ཆོག་གམ།

1523953346870703.png

གྱོད་དཔེ།

དབང་རྡོ་ནི་ཐེམ་ཆེན་རྫོང་གི་འབྲོག་མི་ཕལ་བ་ཞིག་ཡིན་ལ། ཁོ་དང་ཆུང་མ་ལྷ་དཀར་གཉིས་གཉེན་སྒྲིག་བྱས་ཏེ་བུ་བུ་མོ་གསུམ་སྐྱེས་ཡོད། ནོར་ལུག་གི་རིན་གོང་ཤོར་ཞིང་ཁྱིམ་ཚང་ལ་བཟའ་ཉོག་མང་བས། དབང་རྡོ་རྫོང་མཁན་དུ་ཡོང་ནས་དང་ཐོག་ཞོར་ལས་ཙག་ཙིག་རེ་གཉེར་བ་དང་བར་དུ་གླ་གཏོང་རླངས་འཁོར་ཞིག་ཉོས་ཏེ་རྫོང་མཁར་ནས་ཞང་ཐོག་བར་དུ་འགྲུལ་བ་སྐྱེལ་འདྲེན་བྱས། ལས་བསམ་སར་མི་འགྲོ་བསགས་སར་འགྲོ་ཟེར་བ་ལྟར་ཉིན་ཞིག་ཁོས་གླ་གཏོང་རླངས་འཁོར་ནང་ལ་མི་གཉིས་དྲུད་ནས་རྒྱ་སྲང་དུ་སླེབས་ལ་ཉེ་བའི་སྐབས་སུ། མདུན་ཕྱོགས་སུ་རླངས་འཁོར་ཞིག་ཚུར་ཐོན་པ་དང་མཉམ་དུ་ཁོས་རླངས་འཁོར་ལ་ཁ་ལོ་བསྒྱུར་མ་ཐུབ་པར་འགྲམ་ངོས་ཀྱི་གྲོག་རིང་ཤིག་ཏུ་བརྫངས་ཏེ་འགྲུལ་བ་གཉིས་ཀར་རྨས་སྐྱོན་ཚབས་ཆེན་བཟོས་སོང་། སྟབས་ལེགས་པ་ཞིག་ལ་རང་ཉིད་ལ་སྐྱོན་ཅི་ཡང་མ་བྱུང་བས་མྱུར་དུ་རླངས་འཁོར་ལས་སྒོར་བུད་དེ་རྨས་མ་གཉིས་སྨན་ཁང་དུ་བསྐྱལ། རྨས་མ་གཉིས་ལ་སྲོག་སྐྱོན་མ་བྱུང་ནའང་འགྲིམ་འགྲུལ་སྤྱི་བདེ་ཉེན་རྟོག་པས་རྟོག་ཞིབ་བྱས་པ་ལྟར་ན། སྐྱིན་ཆ་ཚང་མ་དབང་རྡོ་ལ་ཡོད་པའི་ཁར་ཁོ་ལ་རླངས་འཁོར་ཁ་ལོ་བའི་དཔང་ཡིག་ཀྱང་མེད་པས་འགྲིམ་འགྲུལ་ཆག་སྒོ་ལས་བྱུང་བའི་སྨན་ཡོན་ཐམས་ཅད་ཁོ་རང་ཉིད་ཀྱིས་འཁུར་དགོས་བྱུང་། སྨན་ཡོན་ལ་སྒོར་ཁྲི་བཅུ་ལྷག་ཤོར་བས་ཁོ་རང་ཅི་བྱ་བརྟོལ་མེད་དུ་གྱུར་ཏེ་གྲོགས་པོ་ཞིག་གིས་ངོ་སྤྲོད་བརྒྱུད་ནས་མགོ་ལོག་ལྡོམ་ཁོག་ཏུ་སོང་སྟེ་ལོ་ཧྲིལ་བོར་ཁྱིམ་ཚང་ཞིག་ལ་ལུག་འཚོས་ཏེ་གླ་བྱས་པ་དང་དབྱར་རྩྭ་དགུན་འབུ་འཐུ་རན་པའི་སྐབས་སུ་ཁོས་འབྲོག་ཁྱིམ་དེ་ཚང་གི་རྩྭ་ས་ནས་འབུ་བརྐོས་ཏེ་བསྡད། ལོ་དྲུག་ཙམ་འགོར་བས་སྨན་ཡོན་གྱི་དོམ་བསབས་ཚར་བ་མ་ཟད། ཁོས་ལོ་རེ་རེར་བྱིས་པ་གསུམ་ལ་སློབ་ཡོན་བྱིན་པ་དང་ཆུང་མར་འཚོ་བའི་གྲོན་དངུལ་འགའ་རེ་བསྐུར་ཐུབ་སོང་བ་ལས་གཞན། གསོག་དངུལ་ཡང་ཅུང་ཙམ་ཡོད་པས་དབང་རྡོ་དགའ་སྤྲོའི་ངང་ཕྱིར་རང་ཁྱིམ་དུ་ལོག་པ་ན། ཆུང་མས་རང་ཁྱིམ་ལ་མི་ལྡོམ་ཞིག་ཁྲིད་ཡོང་སྟེ་བཟའ་འདུག་བྱས་ཡོད་པ་མ་ཟད་ཁོ་གཉིས་ཀྱིས་རྫོང་དམངས་སྲིད་ཅུས་ནས་གཉེན་སྒྲིག་ཡི་གེ་བླངས་ཡོད་པ་རེད། འདིར་འདྲི་རྒྱུ་ཞིག་ནི་ཁྱོ་ག་ཞོར་ལས་ལ་སོང་ཤུལ་དུ་ཆུང་མ་མི་གཞན་པ་དང་གཉེན་སྒྲིག་བྱས་ཆོག་གམ།

ཁྲིམས་བཤད།

གཉེན་བརྩེགས་སྒྲིག་ཅེས་པ་ནི་བཟའ་ཟླ་ཡོད་པའི་མིས་མི་གཞན་པར་གཉེན་བསྒྲིགས་པ་ལ་ཟེར། རང་རྒྱལ་གྱི་ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་བརྒྱད་ཅི་བའི་ཁྲོད་གཏན་ཁེལ་བྱས་པ་ལྟར་ན། བཟའ་ཟླ་ཡོད་བཞིན་དུ་མི་གཞན་དང་གཉེན་སྒྲིག་བྱས་པ་དང་། ཡང་ན་མི་གཞན་པར་བཟའ་ཚང་ཡོད་པ་ཤེས་བཞིན་དུ་དེ་ལ་གཉེན་སྒྲིག་བྱས་ཚེ། ལོ་གཉིས་མན་ཆད་ཀྱི་དུས་བཙོན་དང་ཡང་ན་དུས་ཐུང་བཙོན་འཇུག་བྱ་དགོས་ཞེས་བསྟན་ཡོད། བཟའ་ཟླ་ཡོད་པའི་མིས་མི་གཞན་དང་གཉེན་སྒྲིག་གི་ཐོ་འགོད་བྱས་པ་ན་གཉེན་བརྩེགས་སྒྲིག་གི་ཉེས་མིང་གྲུབ་ཟིན་ལ། གཉེན་སྒྲིག་ཐོ་འགོད་བྱས་མེད་ཀྱང་བཟའ་ཚང་བཞིན་མཉམ་འདུག་བྱས་ཡོད་པ་དང་མཐའ་འཁོར་གྱི་མི་རྣམས་ཀྱིས་བཟའ་ཟླ་ལྟར་ངོས་འཛིན་བྱེད་པ་ཡང་གཉེན་བརྩེགས་སྒྲིག་ཏུ་གྲུབ་བོ།། གཞན་ཕོ་མོ་གཉིས་ཁྲིམས་འགལ་སྒོས་མཉམ་དུ་འཚོ་འདུག་བྱེད་པ་ཙམ་གཉེན་བརྩེགས་སྒྲིག་ཏུ་བརྩིས་ན་མི་ཆོག་སྟེ། ཁྲིམས་འགལ་གྱིས་མཉམ་འདུག་བྱེད་པ་ཚང་མ་གཉེན་སྒྲིག་འདོད་མེད་པར་ཕོ་མོ་མཉམ་འདུག་བྱེད་པའང་ཡོད། དེའི་རིགས་ལ་གཉེན་སྒྲིག་ཐོ་འགོད་མི་བྱེད་པར་ཁྲིམས་མཐུན་མིན་པའི་ཕོ་མོ་མཉམ་འདུག་ཅེས་ཟེར་ལ། འོན་ཀྱང་དམག་ལ་སོང་ཡོད་པའི་བཟའ་ཟླ་དང་མཉམ་དུ་ཁྲིམས་འགལ་གྱིས་མཉམ་འདུག་བྱས་ཚེ། གཉེན་སྒྲིག་ཁྱིམ་ཚང་བཅའ་ཁྲིམས་དང་འགལ་ཡོད་པ་མ་ཟད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་ལས་དམག་མིའི་གཉེན་སྒྲིག་ཁྱིམ་ཚང་ལ་གཏོར་བརླག་བྱས་པའི་ནག་ཉེས་སུ་གྲུབ་བོ།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།