ཀྲུང་གོ་བོད་ཀྱི་དྲ་བ།

རྟ་མགྲིན་སྒྲོལ་མར་སྔོན་ཆད་ཀྱི་ས་ཞིང་འདེབས་པའི་དབང་ཆ་ཡོད་དམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474968399771623.png

གྱོད་དཔེ།

ཚེ་བརྟན་དང་རྟ་མགྲིན་སྒྲོལ་མ་གཉིས་བཟའ་འཐོར་བྱས་རྗེས། སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱིས་སྡེ་བའི་བུ་མོ་གནས་ལ་བྱིན་པའམ་བུ་ཆུང་རྒྱལ་ཁབ་ཀྱི་ལས་བྱེད་དུ་གྱུར་ཚེ། སྡེ་བའི་ནང་ན་ཞིང་སྐལ་ཅི་ཡང་མེད་ཚུལ་བཤད། རྟ་མགྲིན་སྒྲོལ་མ་ཕྱིར་སྔོན་གྱི་ཁྱོ་ག་ཚེ་བརྟན་སྡོད་སའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་སོང་ནས་མོ་ལ་ཞིང་སྐལ་དགོས་ཚུལ་གྱི་རེ་བ་བཏོན་ཀྱང་ཁ་ཡ་བྱེད་མཁན་གཅིག་ཀྱང་མ་བྱུང་། འོ་ན་རྟ་མགྲིན་སྒྲོལ་མ་གནས་ས་ནས་མ་འགྲིག་པས་ཕྱིར་རང་ཡུལ་དུ་ལོག་ན་སྔོན་ཆད་རང་ལ་དབང་བའི་ས་ཞིང་དེ་འདེབས་པའི་དབང་ཆ་ཡོད་དམ།

ཁྲིམས་བཤད།

《གཉེན་སྒྲིག་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ཚན་པ་གཉིས་པར། ཁྱོ་ཤུག་གཉིས་ལས་སུ་ཡིན་རུང་ཁྱིམ་ཚང་གི་ས་ཞིང་འགན་ལེན་བདག་ཉེར་ཁྲོད་དུ་འདྲ་མཉམ་གྱི་ཁེ་དབང་ལྡན་པས། ཁྲིམས་ལྟར་དུ་དེ་ལ་སྲུང་སྐྱོབ་བྱེད་དགོས་ཞེས་པའི་གཏན་ཁེལ་བྱས་ཡོད། ཁྲིམས་འཛིན་ལག་ལེན་ཁྲོད་དུ་མཐོང་གསལ་ལྟར་ན། ཞིང་སྡེའི་ནང་གི་དོ་བདག་པ་ཕལ་མོ་ཆེ་ཡི་བཟའ་འཐོར་གྱོད་དོན་དེར་དོ་བདག་པའི་ས་ཞིང་འགན་ལེན་བདག་གཉེར་ཁེ་དབང་དང་དེ་དག་བགོ་བཤའི་ཐད་ཀྱི་གནད་དོན་དང་འབྲེལ་ཡོད། ཞིང་སྡེའི་ས་ཞིང་འགན་ལེན་བདག་གཉེར་གྱི་ཁེ་དབང་ཐད་དུ། རང་རྒྱལ་གྱིས་ཁྱིམ་ཚང་ཐོན་སྐྱེད་འགན་འཁྲིའི་ལམ་ལུགས་སྤྱོད་ཅིང་། འགན་ལེན་མཁན་ནི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཞིང་བའི་ཁྱིམ་ཚང་ཡིན། འགན་ལེན་གན་རྒྱ་ལྡན་པའམ་ཡང་ན་ས་ཞིང་འགན་ལེན་བདག་གཉེར་གྱི་དཔང་ཡིག་ཡོད་ན། མི་དམངས་ཁྲིམས་ཁང་གིས་སྔོན་དུ་འདུམ་སྒྲིག་བྱེད་ཅིང་། འདུམ་སྒྲིག་བྱེད་མ་ཐུབ་ཚེ་སོ་སོར་བགོ་བཤའ་རྒྱག་པ་ཡིན།

གཅིག གཉེན་སྒྲིག་བྱས་རྗེས་སུ། ཁྱོ་ཤུག་ཟུང་ལས་གང་རུང་ཞིག་གིས་ས་ཞིང་འགན་ལེན་གན་རྒྱའི་སྟེང་དུ་མིང་རྟགས་བཀོད་པའམ། ཡང་ན་བདག་གཉེར་ཁེ་དབང་གི་འཛིན་ཡིག་བླངས་ཡོད་པ་ཡིན། ཁྱོ་ཤུག་གཉིས་ཀ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཚོགས་མི་ཡིན་ཞིང་། གཉིས་ཀར་འགན་ལེན་བྱེད་པའི་ཐོབ་ཐང་ལྡན་པ་ཡིན་ན། བཟའ་ཟླའི་འབྲེལ་བ་མེད་པར་གཏོང་སྐབས། འགན་ལེན་ཁྱིམ་ཚང་གི་ཁྱིམ་མི་སོ་སོའི་ཐོབ་སྐལ་ལྟར་དུ་བགོ་བཤའ་བྱས་ཆོག་ལ། དེ་དང་ལྷན་དུ་རྒན་པོ་གཉོར་སྐྱོང་དང་བྱིས་པ་གསོ་སྐྱོང་། ཁྱིམ་མིའི་ལུས་ཕུང་གི་གནས་ཚུལ་སོགས་བྱེ་བྲག་གི་གནས་ཚུལ་ལ་གཞིགས་ཏེ་ལུགས་མཐུན་གྱིས་བགོ་བཤའ་རྒྱག་དགོས། གལ་སྲིད་ཁྱོ་ཤུག་གཉིས་ལས་གཅིག་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཡིན་ན། ཞིང་སྡེའི་ས་ཞིང་འགན་ལེན་བདག་གཉེར་གྱི་ཁེ་དབང་དེ་བགོ་བཤའ་བརྒྱབ་མི་ཆོག

གཉིས། གལ་ཏེ་གཉེན་སྒྲིག་མ་བྱས་ཡར་སྔོན་དུ་ཕྱོགས་གཅིག་གིས་ས་ཞིང་འགན་ལེན་བདག་གཉེར་གྱི་ཁེ་དབང་བླངས་ཟིན་ཅིང་། གཉེན་སྒྲིག་བྱས་རྗེས་སུ་ཕྱོགས་གཞན་དེའི་ཁྱིམ་ཐོ་ཚུར་སྤར་བ་ཡིན་ན། བཟའ་འཐོར་སྐབས་སུ་བགོ་བཤད་རྒྱག་པའི་རེ་འདུན་འདོན་སྐབས། ངེས་པར་དུ་ཕྱོགས་སོ་སོར་འདང་གསལ་བོ་རྒྱག་དགོས། འགན་ལེན་ས་ཆའི་བགོ་སྟངས་དེ། གོ་ལྔ་ལོའི་ཟླ་དགུ་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲགས་པའི《ས་ཞིང་འགན་ལེན་ལམ་ལུགས་བརྟན་འཇགས་དང་འཐུས་ཚང་དུ་གཏོང་བའི་བརྡ་ཁྱབ》ནང་དུ། 《མི་འཕེལ་ཀྱང་ས་མི་འཕེལ་བ》དང《མི་འཕྲི་ཡང་ས་མི་འཕྲི་བའི》བྱེད་ཐབས་སྤྱད་དེ་ཞིང་ས་བགོས་བ་ཡིན་ལ། བཟའ་འཐོར་མཁན་གྱི་དོ་བདག་པ་དེ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་གྲས་སུ་གཏོགས་མིན་གང་ཡིན་རུང་། ཁྱིམ་ཐོ་སྤར་ཡོང་བའི་ཕྱོགས་ཀྱིས་བཟའ་འཐོར་སྐབས་སུ་ཅིག་ཤོས་དེར་འགན་ལེན་ས་ཆ་བགོ་དགོས་པའི་བླང་བྱ་བཏོན་ཡང་། མི་དམངས་ཁྲིམས་ཁང་གིས་དེ་ལ་རྒྱབ་སྐྱོར་མི་བྱེད། གཉེན་གྱི་ཕྱོགས་གཅིག་དེ་ཚུར་གནས་སྤོར་བྱས་རྗེས། གཞིས་ཆགས་སའི་སྡེ་བ་གཞུང་གིས་བརྟན་འཇགས་ཆེན་པོ་ལ་ཅིས་ཀྱང་བསམ་བློ་གཏོང་དགོས་ལ། 《སྙོམས་སྒྲིག་ཆུང་ངུ་བྱེད་པ》ཞེས་པའི་བྱེད་ཐབས་སྤྱད་དེ་ཐུན་མོང་གི་སྔར་ཡོད་ས་ཆ་དང་། གནས་སྤོར་ས་ཆ། གཞན་གྱིས་ཕྱིར་སྤྲད་པའི་འགན་ལེན་ས་ཆ་སོགས་ཀྱིས་ཁྱིམ་ཚང་དེ་གའི་འགན་ལེན་ས་ཆའི་རྒྱ་ཁྱོན་ཆེ་རུ་བསྐྱེད་ཅིང་། དེ་ཉིད་བཟའ་འཐོར་སྐབས་སུ་འགན་ལེན་ས་ཆའི་བདག་གཉེར་ཁེ་དབང་བགོ་བའི་རེ་འདུན་འདོན་པ་ལ། མི་དམངས་ཁྲིམས་ཁང་གིས་དེ་ཉིད་གནས་སྤོར་བྱས་རྗེས་ཀྱི་འགན་ལེན་ས་ཆར་ཁ་གསབ་མཛད་པའི་ཆ་ཁོ་ནར་ཐག་གཅོད་བྱེད་པ་ཡིན། དེ་དང་ལྷན་དུ། གཉེན་དོན་གྱོད་གཞི་ཐག་གཅོད་བྱེད་པའི་ཁྲོད་ཀྱི་ས་ཞིང་འགན་ལེན་བདག་གཉེར་ཁེ་དབང་གི་བགོ་བཤའི་ཐད་དུ་མི་དམངས་ཁྲིམས་ཁང་གིས་ནམ་རྒྱུན་གཤམ་གྱི་རྩ་དོན་དག་བརྩི་སྲུང་བྱེད་པ་ཡིན་ཏེ།

གཅིག བཟའ་འཐོར་བྱས་པའི་བུད་མེད་ཀྱི་ས་ཞིང་འགན་ལེན་བདག་གཉེར་གྱི་ཁེ་དབང་ལ་སྲུང་སྐྱོབ་ནན་མོ་བྱེད་པའི་རྩ་དོན།

གཉིས། ཐོན་སྐྱེད་དང་བདག་གཉེར། སྟབས་བདེ། དོ་དམ་བཅས་ལ་ཕན་པའི་རྩ་དོན།

གསུམ། ཁྱིམ་མི་ཀུན་འདྲ་མཉམ་དུ་ས་ཞིང་འགན་ལེན་བདག་གཉེར་གྱི་ཁེ་དབང་ལ་ལོངས་སུ་སྤྱོད་པར་འགན་སྲུང་བྱེད་པའི་རྩ་དོན་བཅས་སོ།

བགོ་བྱའི་རྣམ་པ་ལ་རྒྱུན་དུ་མཉམ་བགོ་བྱེད་པའམ་གོང་གཅོད་བྱས་ནས་སྐྱིན་ཚབ་འཇལ་བ། གཞན་ཚབ་ཏུ་ས་ཞིང་འདེབས་པའམ་རེས་འཁོར་ནས་ས་ཞིང་འདེབས་པ་སོགས་ཀྱི་བྱེད་ཐབས་སྤྱོད་པ་ཡིན། ས་རྒོད་སློག་པའི་ཐད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས》དང《ས་ཞིང་འགན་ལེན་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་ན། ཞིང་བ་སྤྱི་ལ་དབང་བའི་རི་རྒོད་དང་ས་རྒོད་སོགས་ལ་ཞིང་ལས་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་འགན་སྤྲོད་བྱ་དགོས་ཤིང་། འབྲེལ་ཡོད་ལས་ཁུངས་ཀྱིས་ཆོག་མཆན་མ་བཀོད་པའམ་འགན་སྤོར་མ་བྱས་པར། ཚོགས་པའམ་མི་སྒེར་གང་གིས་ཀྱང་ས་རྒོད་གསར་སྤོར་བྱས་མི་ཆོག

ཁྲིམས་དང་འགལ་ཏེ་གསར་སྤོར་བྱས་པའི་ས་རྒོད་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་མི་ཐོབ་པས། ས་ཞིང་དོ་དམ་གྱི་འབྲེལ་ཡོད་ལས་ཁུངས་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ཕྱིར་བསྡུ་བའི་དབང་ཆ་ལྡན། འོན་ཀྱང་། དེ་ཉིད་ས་ཞིང་བཀོལ་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་མཐུན་པར་མ་ཟད་སྨོ་ཞིང་དུ་བཅོས་ཟིན་པ་ཡིན་ན། གསར་སྤོར་མཁན་གྱིས་དེའི་ཕྱོགས་སུ་དངོས་ཤུགས་དང་རྒྱུ་ཤུགས་བཏང་བར་གཞིགས་ཏེ་འོས་འཚམས་ཀྱི་ཁ་གསབ་སྤྲད་ཆོག

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།