ཀྲུང་གོ་བོད་ཀྱི་དྲ་བ།

རིན་གོང་ཆེད་གཅོག་ཚོང་རྗས་ལ་སྤུས་ཀའི་གནད་དོན་ཡོད་ན་ཕྱིར་སློག་བྱེད་ཆོག་གམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ངས་ལྷམ་འཚོང་ཁང་ཞིག་ནས་རིན་གོང་ཆེད་གཅོག་བྱེད་ཀྱིན་པའི་ལུས་རྩལ་ལྷམ་ཞིག་ཉོས་པ་དང་།སྐབས་དེར་ཚོང་ཁང་ནང་དུ“རིན་གོང་ཆེད་གཅོག་ཚོང་རྫས་ཡིན་པས་ཕྱིར་སློག་བྱེད་མི་ཆོག”ཅེས་པའི་བརྡ་ཡིག་སྦྱར་འདུག འདིར་འདྲི་རྒྱུ་ཞིག་ནི་རིན་གོང་ཆེད་གཅོག་ཚོང་རྗས་ལ་སྤུས་ཀའི་གནད་དོན་ཡོད་ནའང་ཕྱིར་སློག་བྱེད་མི་ཆོག་པ་ཨེ་རེད།

ཐོག་མར་རིན་གོང་ཆེད་གཅོག་ཚོང་རྫས་དང་རིན་བཅག་ཚོང་རྫས་གཉིས་ཀྱི་དབྱེ་བ་གསལ་པོར་འབྱེད་དགོས།རིན་གོང་ཆེད་གཅོག་ཚོང་རྫས་ཡིན་ན་ཚོང་རྫས་མ་གཞིའི་སྟེང་སྤུས་ཀའི་གནད་དོན་གང་ཡང་མེད་པར།ཚོང་བདག་གིས་ཚོང་སྐུལ་བྱེད་པའི་ཆེད་དུ་རིན་གོང་ཆེད་དུ་ཇེ་དམའ་རུ་བཏང་ནས་ཕྱིར་འཚོང་བྱེད་པའི་བྱེད་ཐབས་ཤིག་ཡིན་ལ།རིན་བཅག་ཚོང་རྫས་ནི་ད་གཟོད་ཚོང་རྫས་ཀྱི་སྤུས་ཀར་གནད་དོན་ཡོད་པ་དང་ཡང་ན་སྐྱོན་ཆ་ཡོད་པ་སོགས་ཀྱི་དབང་གིས་ཕྱིར་འཚོང་བྱེད་དཀའ་བའི་ཚོང་རྫས་ལ་གོ་བ་ཡིན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས》ཀྱི་དོན་ཚན24པའི་ནང་དུ།“ཚོང་གཉེར་པས་འདོན་སྤྲོད་བྱས་པའི་ཚོང་རྫས་དང་ཞབས་ཞུ་སོགས་སྤུས་ཀའི་བླང་བྱ་དང་མི་མཐུན་ན།འཛད་སྤྱོད་པས་རྒྱལ་ཁབ་ཀྱི་གཏན་འཁེལ་དང་དོ་བདག་པའི་ཁ་ཆད་ལྟར་ཕྱིར་སློག་བྱེད་ཆོག་པ་དང་།ཡང་ན་ཚོང་གཉེར་པར་བརྗེ་སྤོ་དང་ཞིག་གསོ་བྱེད་པའི་འོས་འགན་འཁུར་དགོས་པའི་རེ་འདུན་བཏོན་ཆོག”པ་གཏན་འཁེལ་བྱས་ཡོད། རྒྱལ་ཁབ་ཀྱི་གཏན་འཁེལ་དང་དོ་བདག་པའི་ཁ་ཆད་གང་ཡང་མེད་ན།འཛད་སྤྱོད་པས་ཚོང་རྫས་ལག་ཏུ་འབྱོར་བའི་ཉིན་ནས་ཉིན7ནང་ཕྱིར་སློག་བྱེད་ཆོག 《སིལ་འཚོང་ཚོང་བའི་ཚོང་སྐུལ་བྱ་སྤྱོད་ལ་དོ་དམ་བྱེད་པའི་ཐབས་ལམ》གྱི་དོན་ཚན18པའི་ནང་དུ“སིལ་འཚོང་ཚོང་བས་ཚོང་སྐུལ་བྱེད་པར་ཁ་གཡར་ཏེ་ཕྱིར་སློག་དང་བརྗེ་སྤོ་མི་བྱེད་པ།ཡང་ན་འཛད་སྤྱོད་པའི་བརྗེ་སྤོ་དང་ཕྱིར་སློག་ལ་བཀག་འགོག་བྱེད་མི་ཆོག་པ”གཏན་འཁེལ་བྱས་ཡོད།

དེ་བས་ཚོང་བདག་གིས་ཚོང་རྫས་ཕྱིར་འཚོང་བྱེད་པའི་སྐབས་སུ།ཚོང་རྫས་ལ་སྤུས་ཀའི་གནད་དོན་ཡོད་པའི་དབང་གིས་ད་གཟོད་རིན་གོང་བཅག་ནས་ཕྱིར་འཚོང་བྱེད་ཀྱིན་ཡོད་པ་གསལ་པོར་བཤད་ཡོད་ན་མ་གཏོགས།ཚོང་རྫས་དེར་སྔར་བཞིན་རྒྱུན་ལྡན་རིན་གོང་གི་ཚོང་རྗས་དང་འདྲ་བའི་སྤུས་ཀའི་འགན་སྲུང་ཡོད་དགོས་པ་དང་།“རིན་གོང་ཆེད་གཅོག་ཚོང་རྫས་ཡིན་པས་ཕྱིར་སློག་བྱེད་མི་ཆོག”ཅེས་པའི་བརྡ་ཡིག་དེ་ནི་ནུས་མེད་ཡིན་པས། ཚོང་རྫས་ལ་སྤུས་ཀའི་གནད་དོན་ཡོད་ན་ཕྱིར་སློག་བྱེད་ཆོག་གོ །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།