ཀྲུང་གོ་བོད་ཀྱི་དྲ་བ།

ནར་མ་སོན་པའི་མི་ལ་ཁྲིམས་འཛིན་གྱི་སྲུང་གདུགས་ལེགས་པོར་དགབ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ནར་མ་སོན་པའི་མིའི་ཁེ་དབང་ལ་གནོད་འཚེ་བཏང་བའི་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་བཏང་བའི་གནས་ཚུལ་རགས་བསྡུས།    

2018ལོའི་ཟླ9པའི་ཚེས6ཉིན།ཟི་ལིང་མཁར་དཀྱིལ་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་གཞུང་ཕྱོགས་ཞུ་སྦྱོར་ཁང་ལ་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་དཀྱིལ་ཡན་ལག་ཁང་གིས་རེ་འདུན་ཞུས་པའི་ཉེས་བསགས་པ་ཆའོ་མུའུ་ཅེ་དང་ཆའོ་ཆེ་གེ་མོ་གཉིས་ཀྱིས་ལྟ་སྐྱོང་བྱ་ཡུལ་གྱི་བྱིས་པར་མནར་གཅོད་བཏང་བའི་རྒྱུ་ཆ་དང་ཡིག་སྒྲིལ་འབྱོར་ཞིང་།གྱོད་སྒྲུབ་ཞིབ་དཔྱོད་པས་ཡིག་སྒྲིལ་ལ་བལྟས་རྗེས་སེམས་སྡུག་གིས་ཁེངས།གྱོད་དོན་འདིའི་རིགས་ཟི་ལིང་གྲོང་ཁྱེར་དུ་མང་པོ་ཞིག་བྱུང་མ་མྱོང་ནའང་སྤྱི་ཚོགས་ལ་ངན་ཤུགས་ཐེབས་ཚད་ཤིན་ཏུ་མཐོ་བས། མཁར་དཀྱིལ་ཆུས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པས་དོན་དངོས་ཀྱི་འགག་སྒོ་དང་དཔང་རྟགས་ཀྱི་འགག་སྒོ་དམ་པོར་བསྡམས་ཤིང་།ནུས་ལྡན་གྱི་དཔང་རྟགས་མང་པོ་བཏོན་ནས་གཞུང་ཕྱོགས་ཞུ་སྦྱོར་ལ་རྒྱབ་སྐྱོར་བྱས་པས།ཉེས་བསགས་པ་ཆའོ་མུའུ་ཅེ་དང་ཆའོ་ཆེ་གེ་མོ་གཉིས་ལ་ཁྲིམས་ཐག་ནན་མོ་བཅད།

བྱིས་པའི་ཤི་རྐྱེན།

2017ལོར།ཆའོ་མུའུ་ཅེ(མོ)དང་ཆའོ་ཆེ་གེ་མོ(ཕོ)གཉིས་གཉེན་བསྒྲིགས་རྗེས།ཆའོ་ཆེ་གེ་མོའི་གཞུག་ཁྲིད་ཀྱི་བུ་མོ་ཆུང་ཆུང་ཆའོ་ཞིན་ཁོ་གཉིས་དང་མཉམ་དུ་འཚོ་བ་རོལ་བ་རེད།དེ་ནས་བཟུང་ཆའོ་མུའུ་ཅེ་ཡིས་རྒྱུན་དུ་ཆའོ་ཞིན་ལ་གཅར་རྡུང་བྱས་པས།ཆའོ་ཞིན་གྱི་ལུས་སྟེང་དུ་ཚད་མི་འདྲ་བའི་རྨས་སྐྱོན་མང་པོ་ཕོག་ཡོད་པར་མ་ཟད།སེམས་ཁམས་ཀྱི་སྟེང་ནས་ཀྱང་འཇིགས་སྐྲག་མང་པོ་མྱངས། ཆའོ་ཞིན་གྱི་ཨ་ཕ་ཆའོ་ཆེ་གེ་མོས་ཀྱང་བུ་ཕྲུག་ལ་སློབ་གསོ་གཏོང་དགོས་པར་བཤད་དེ་ཆའོ་མུའུ་ཅེ་ཡི་དྲག་ཤུགས་ལ་དོ་སྣང་དང་ཁ་ཡ་མ་བྱས་ལ།ཆའོ་མུའུ་ཅེ་ཡིས་ཆའོ་ཆེ་གེ་མོས་ཁ་ཡ་མི་བྱེད་པ་མཐོང་རྗེས་མནར་གཅོད་གཏོང་བའི་བྱ་སྤྱོད་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ནས།ལོ་ན་བཅུ་ཅན་གྱི་བུ་མོ་ཆུང་ཆུང་ཆའོ་ཞིན་གོམ་པ་རེ་རེ་བཞིན་འཆི་ལམ་དུ་བརྫངས།

2018ལོའི་ཟླ8པའི་ཚེས29ཉིན་གྱི་དུས་ཚོད12སྟེང་།ཆའོ་མུའུ་ཅེ་ཡིས་ཡང་བསྐྱར་དོན་དག་ཆུང་ཆུང་ཞིག་གི་ཆེད་དུ་ཆའོ་ཞིན་ལ་གཅར་རྡུང་དྲག་པོ་བཏང་བས།ཆའོ་ཞིན་གྱིས་མནར་གཅོད་མ་བཟོད་པར་ལྔ་ཐོག་གི་སྒེའུ་ཁུང་ནས་མར་ལྡིང་ཞིང་།མྱུར་སྐྱོབ་བྱས་ཀྱང་མ་ཕན་པར་ཚེ་ལས་འདས།

མ་ཡར་གྱི་དྲག་ཤུགས་ལ་གདུག་རྩུབ་ཆེ་མོད།འོན་ཀྱང་དེ་ལས་ཀྱང་གདུག་རྩུབ་ཆེ་བ་ནི་བུ་མོའི་ཨ་ཕ་ཆའོ་ཆེ་གེ་མོས་སྣང་མེད་དང་རྒྱ་ཡན་དུ་བཏང་བའི་བྱ་སྤྱོད་དེ་མ་ཡིན་ནམ།ཆའོ་ཆེ་གེ་མོས་ཆའོ་མུའུ་ཅེ་དང་གཉེན་སྒྲིག་རྗེས།རང་ཉིད་ཀྱི་ཤ་ལས་ཆད་པའི་བུ་མོ་ཆའོ་ཞིན་དང་མཉམ་དུ་འཚོ་བ་རོལ་འདོད་མེད་པ་དང་།ནམ་ཞིག་བུ་མོ་སྒེའུ་ཁུང་ནས་ལྡིང་སྟེ་རང་སྲོག་གཅོད་དུ་འཇུག་རྩིས་ཡོད་པའི་སྐད་ཆ་བཤད་མྱོང་།

མཉམ་དུ་བྱས་ཉེས་བསགས་པ་འཛིན་བཟུང་བྱེད་པའི་གྲོས་གཞི་བཏོན་པ།

མཁར་དཀྱིལ་ཆུས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པས་གྱོད་དོན་འདིའི་ཡིག་སྒྲིལ་དང་དཔང་རྟགས་སོགས་ལ་ཞིབ་བཤེར་ཡང་ཡང་བྱས་རྗེས།འདི་ནི་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བའི་གྱོད་དོན་ཞིག་ཡིན་ལ།གྱོད་དོན་གྱི་ངོ་བོ་ཚབས་ཆེན་ཡིན་ཞིང་སྤྱི་ཚོགས་སྟེང་ངན་ཤུགས་ཆེན་པོ་ཐེབས་ཡོད་པར་བསམས་ཏེ།ཞིབ་དཔྱོད་ཁང་གི་མཉམ་འབྲེལ་གྲོས་ཚོགས་སྟེང་སྤྲད་དེ་གྲོས་བསྡུར་བྱེད་དུ་བཅུག

མཉམ་འབྲེལ་གྲོས་ཚོགས་སྟེང་།ཆའོ་མུའུ་ཅེ་ཡིས་བྱིས་པར་མནར་གཅོད་བཏང་བའི་ཉེས་པ་བསགས་ཡོད་པས་འཛིན་བཟུང་བྱེད་རྒྱུ་དང་།ཆའོ་ཆེ་གེ་མོས་ཆའོ་མུའུ་ཅེ་ཡི་གཅར་རྡུང་བྱ་སྤྱོད་རྒྱ་ཡན་དུ་བཏང་བས།མཉམ་དུ་མནར་གཅོད་ཉེས་པ་བསགས་པའི་རམ་འདེགས་པ་འཛིན་བཟུང་བྱེད་པའི་གྲོས་གཞི་ཡི་གེ་བཏོན།2018ལོའི་ཟླ9པའི་ཚེས17ཉིན།མཁར་དཀྱིལ་སྤྱི་བདེ་ཡན་ལག་ཁང་གིས་ཉེས་བསགས་པ་ཆའོ་ཆེ་གེ་མོ་འཛིན་བཟུང་བྱེད་པའི་རེ་འདུན་བཏོན་ཞིང་།ལོ་དེའི་ཟླ9པའི་ཚེས20ཉིན་དངོས་སུ་འཛིན་བཟུང་བྱས།

ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པའི་ནང་རྐྱེན་བཙུགས་པ་དང་འཐུས་ཚང་དུ་བཏང་བ།

མནར་གཅོད་གཏོང་བའི་བྱ་སྤྱོད་ནི་རྒྱུན་དུ་ཉེ་མིའི་བར་དང་ཡང་ན་མཉམ་དུ་འཚོ་བ་རོལ་གྱིན་པའི་ཁྱིམ་མིའི་བར་དུ་འབྱུང་བཞིན་ཡོད་ལ།དེས་ནར་མ་སོན་པའི་མིའི་ལུས་སེམས་ལ་གནོད་འཚེ་ཆེན་པོ་བཟོ་བཞིན་ཡོད།ནར་མ་སོན་པའི་མི་ལ་མནར་གཅོད་གཏོང་བའི་གྱོད་དོན་སྒྲུབ་སྐབས།ཡིག་སྒྲིལ་ཡོངས་ཀྱི་དཔང་རྟགས་ལ་ཕྱོགས་བསྡུས་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པར་དོ་སྣང་བྱེད་དགོས།གལ་ཏེ་ནར་མ་སོན་པའི་མི་དེ་ཕ་མ་དང་མཉམ་དུ་འཚོ་བ་རོལ་བའི་སྐབས་སུ་དུས་ཡུན་རིང་པོར་མནར་གཅོད་མྱོང་ཞིང་།ཕ་མ་གཉིས་ཀྱི་ཕྱོགས་གཅིག་གིས་ཅིག་ཤོས་ཀྱིས་བྱིས་པར་མནར་གཅོད་གཏོང་བཞིན་པ་ཤེས་ནའང་མ་ཤེས་ཁུལ་བྱས་ཏེ་སྣང་མེད་དུ་བཞག་པ་ཡིན་ན།ངེས་པར་དུ་ཐུན་མོང་གི་མནར་གཅོད་ཉེས་བསགས་པའི་ཁོངས་སུ་བཞག་སྟེ།ནར་མ་སོན་པའི་མི་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ངེས་པར་དུ་རྡུང་རྡེག་ནན་མོ་གཏོང་དགོས་པར་མ་ཟད།གནོད་འཚེ་ཐེབས་པའི་ནར་མ་སོན་པའི་མི་ལ་སེམས་གསོ་དང་རོགས་སྐྱོར་བྱེད་པའི་བྱ་བ་སྤུས་ལེགས་སྒོས་སྤེལ་བ་དང་།ཞིབ་དཔྱོད་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ལེགས་པོ་བྱེད་དགོས།

ཟི་ལིང་གྲོང་ཁྱེར་གྱི་རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་བྱིས་པར་མནར་གཅོད་གཏོང་བའི་གྱོད་དོན་ལ་གུ་ཡངས་གཏན་ནས་མི་གཏོང་བར་ཁྲིམས་ལྟར་རྡུང་རྡེག་ནན་མོ་བཏང་ཞིང་།སྤྱི་ཚོགས་སྟེང་ངན་ཤུགས་ཆེན་པོ་ཐེབས་པའི་ནར་མ་སོན་པའི་མི་ལ་གནོད་འཚེ་ཚབས་ཆེན་བཏང་བའི་གྱོད་དོན་ལ་རྡུང་རྡེག་ནན་མོ་བཏང་ནས།ནར་མ་སོན་པའི་མིའི་སྟེང་དུ་བསྲིང་བའི་ངན་ལག་རྩ་བ་ནས་གཅོད་ཅི་ཐུབ་བྱས།

ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ནར་མ་སོན་པའི་མིས་ཉེས་པ་བསགས་པ་དང་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་པའི་ཉེས་དོན་གྱོད་གཞི་སྒྲུབ་པའི་གོ་རིམ་ཁྲོད།ཁྲིམས་ཐག་གཅོད་པ་དང་སློབ་གསོ་གཏོང་བ་གཉིས་ཟུང་དུ་སྦྲེལ་བའི་རྩ་དོན་གཟབ་ནན་གྱིས་བརྩི་སྲུང་བྱས་ཏེ།ཉེས་བསགས་ལ་ཁྲིམས་ཆད་གཅོད་པ་དང་མཉམ་དུ་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་དངོས་གནས་སྲུང་སྐྱོབ་བྱས་པ་དང་།ནར་མ་སོན་པའི་མིའི་ཉེས་དོན་གྱོད་གཞིའི་ཆེད་སྒྲུབ་ནང་རྐྱེན་བཙུགས་ཏེ།མིང་ཐོ་རུ་ཚུད་ཡོད་པའི་ཞིབ་དཔྱོད་པ་གཅིག་དང་ཞིབ་དཔྱོད་རམ་འདེགས་པ་གཅིག ཁྲིམས་སའི་དྲུང་ཡིག་གཅིག་བཅས་བཀོད་སྒྲིག་བྱས་ཏེ་ནར་མ་སོན་པའི་མིའི་ཉེས་བསགས་གྱོད་གཞི་སྒྲུབ་པའི་གོ་རིམ་ཁྲོད།ནར་མ་སོན་པའི་མིའི་དམིགས་བསལ་གོ་རིམ་གྱི་གཏན་འཁེལ་བརྩི་སྲུང་གཟབ་ནན་བྱས་ཤིང་།དཔང་རྟགས་ཀྱི་ཚད་གཞི་གཅིག་གྱུར་སྒོས་ཁོང་དུ་ཆུད་པ་བྱས་ཏེ།ཉེས་བསགས་པར་རྡུང་རྡེག་བཏང་སྟེ་ཁྲིམས་ཆད་གཅོད་པ་དང་མཉམ་དུ་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་དངོས་གནས་སྲུང་སྐྱོབ་བྱས་པ་རེད།

དེ་ལས་གཞན་ད་རུང་ནར་མ་སོན་པའི་མིའི་དམིགས་བསལ་གོ་རིམ་གྱི་གཏན་འཁེལ་གཟབ་ནན་གྱིས་དངོས་འབེབས་བྱས་ཤིང་།ནར་མ་སོན་པའི་མིའི་ཉེས་དོན་གྱོད་སྒྲུབ་ཚན་ཆུང་གིས་ནར་མ་སོན་པའི་མིའི་ཉེས་བསགས་དོགས་ཡོད་མི་སྣའི་ཉེས་དོན་གྱོད་གཞི་སྒྲུབ་པའི་སྐབས་སུ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས》དང《ནར་མ་སོན་པའི་མིའི་ཉེས་དོན་ཞིབ་དཔྱོད་བྱ་བའི་མཛུབ་ཁྲིད》ནང་གི་ནར་མ་སོན་པའི་མིའི་དམིགས་བསལ་གོ་རིམ་གཏན་འཁེལ་གྱི་བླང་བྱ་ལྟར།ནར་མ་སོན་པའི་ཉེས་བསགས་དོགས་ཡོད་མི་སྣ་དང་ནར་མ་སོན་པའི་གནོད་འཚེ་ཐེབས་མཁན་ལ་གཏུག་བཤེར་དབང་ཆ་དང་འོས་འགན་ཤེས་དབང་ཡི་གེ་སྐྱེལ་བ་དང་མཉམ་དུ།ཁྲིམས་བཀོད་འཐུས་ཚབ་པར་དེའི་གཏུག་བཤེར་དབང་ཆ་དང་འོས་འགན་གསལ་པོར་བཤད་ཅིང་།བཤེར་རྩོད་དག་འབུད་མཁན་མེད་པའི་ནར་མ་སོན་པའི་ཉེས་བསགས་དོགས་ཡོད་མི་སྣར་དུས་ཐོག་ཏུ་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱིས་ཁོར་རོགས་སྐྱོར་བྱེད་མཁན་གྱི་ཁྲིམས་རྩོད་པ་གཏན་འཁེལ་བྱས་ཡོད་པའི་བརྡ་རྒྱག་པ་དང་།ཁྲིམས་བཀོད་འཐུས་ཚབ་པར་ཁ་གཏད་དེ་ནར་མ་སོན་པའི་ཉེས་བསགས་དོགས་ཡོད་ཀྱི་ནར་སོན་བརྒྱུད་རིམ་དང་ཉེས་བསགས་རྒྱུ་རྐྱེན།ལྟ་སྐྱོང་པའི་སློབ་གསོ་སོགས་ཀྱི་གནས་ཚུལ་ལ་སྤྱི་ཚོགས་ཀྱིས་རྟོག་ཞིབ་བྱས་ཤིང་།ཁྲིམས་བཀོད་འཐུས་ཚབ་པ་དང་གནོད་འཚེ་ཐེབས་མཁན།བཤེར་རྩོད་དག་འབུད་མཁན་བཅས་ཀྱི་བསམ་འཆར་ལ་མཉན།བཀག་ཉར་བྱས་ཡོད་པའི་ནར་མ་སོན་པའི་ཉེས་བསགས་དོགས་ཡོད་མི་སྣར་འདྲི་རྩད་བྱེད་སྐབས་ཁྲིམས་བཀོད་འཐུས་ཚབ་པ་ཡུལ་དངོས་སུ་ཡོང་མི་ཐུབ་པའི་གནད་དོན་ལ་དམིགས་ནས།ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་མཁན་གྱི་རྩ་འཛུགས་ལས་ཁུངས་སུ་གཏོགས་པའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་སོགས་ལ་ཧུར་བརྩོན་གྱིས་འབྲེལ་གཏུག་བྱས་པ་དང་།གོང་གི་ལས་ཁུངས་དེ་གཉིས་ཀྱིས་རེས་མོས་སྒོས་མི་མངགས་ཏེ་ནར་མ་སོན་པའི་མིའི་ཉེས་བསགས་དོགས་ཡོད་མི་སྣར་འདྲི་རྩད་བྱས་པའི་གོ་རིམ་ཡོངས་ལ་ཞུགས་ཤིང་།ནར་མ་སོན་པའི་མིའི་ཉེས་བསགས་ཟིན་ཐོ་བཀག་སྡོམ་ཉར་ཚགས་བྱེད་པའི་ལམ་ལུགས་དངོས་འབེབས་དོན་འཁྱོལ་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།