ཀྲུང་གོ་བོད་ཀྱི་དྲ་བ།

མཇུག་མཐའི་སློབ་བཤོལ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཅན་རུ་མཚེར།   སྤེལ་དུས། : 2018-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

“ཝེ། རིག་བྷ་ཡིན་ནམ། ང་ནི་རྫོང་ལས་ཞུགས་ཅུས་ནས་ཡིན། ཁྱོད་ལ་ཡི་གེ་ཞིག་འབྱོར་འདུག ”

“འོ་ཡ། ནམ་ལེན་དུ་ཡོང་དགོས། ”

“དེ་རིང་ཡིན་ནའང་ཆོག  སང་ཉིན་ཡིན་ནའང་ཆོག དུས་ལྟར་ཐོན་དགོས།”

“ཡ་ཡ་ཡ། དུས་ལྟར་ཐོན་ངེས། བཀའ་དྲིན་ཆེ།”

ཁོ་བོར་རྐང་འཁོར་ཞིག་ཡོད་ན་ཅི་མ་རུང་སྙམ་པའི་འདུ་ཤེས་སྐྱེ་ཞོར་སྤྱི་ལེ་བཅུ་དྲུག་གི་མཚམས་ལ་ཤུགས་ཀྱིས་འདུར།

ཡི་གེ་དེ་ནི་རིག་བྷར་འབྱོར་བའི་གཏམ་བཟང་ཞིག་སྟེ། ངས་རིག་བྷ་ལ་ཅི་བཤད་དགོས་པའང་མི་ཤེས་མོད། “ད་ནི་གཞི་ནས་ཁྱོད་ཀྱི་ལག་ལ་བྱ་བ་ཞིག་རེག་སོང་། ཁྱོད་ལ་རྟེན་འབྲེལ་ཞུ། ”སུན་སྣང་གིས་གཙེས་པའི་སྐད་ཆ་འདི་ནི་ཡིད་སེམས་ཀྱི་གཏིང་ན་འཕྱོ་བའི་སེམས་ཀྱི་སྐད་ཆ་ཞིག་མ་ཡིན་པར་མི་ཞིག་གིས་བཙན་གྱིས་ང་ལ་བསྒུལ་བའི་སྐུལ་ལྕག་ཅིག་གི་ཚབ་ཏུའོ། །

ངའི་ཨ་ཕ་ནི་ཆང་འཐུངས་རྗེས་མི་ཞིག་དང་ཆང་མ་འཐུངས་ན་མི་ཞིག་ཡིན་མོད། བཟང་བཤད་ན་ངན་བཤད་ན་རང་གི་ཨ་ཕ་རེད། ཚང་མས་བཤད་ན“ངའི་ཨ་ཕ་ནི་ཆང་རྐྱལ་ཞིག་རེད”ཟེར། “ངའི་ཨ་ཕ་ནི་ཨ་ཕ་གཞན་དག་དང་མི་འདྲ་བར་ནམ་རྒྱུན་ཆང་འཐུངས་ནས་ར་བཟི་རྒྱུར་དགའ་བའི་ཆང་གི་རྫ་མ་ཞིག་རེད”ཟེར། “ཐུན་མོང་གི་ཨ་ཕ་ཞིག་རེད”ཟེར། “གཞན་གྱི་རྟོགས་སད་ཁྲོད་ཀྱི་ཨ་ཕ་ཞིག་རེད”ཟེར། “གཅར་རྡུང་བསྐོར་གསུམ་བྱེད་མཁན་གྱི་ཨ་ཕ་ཞིག་རེད”ཟེར། ནམ་རྒྱུན་ང་རང་སློབ་གྲྭ་གྲོལ་ཡོང་དུས། ཨ་མའི་གདོང་གི་རྨ་ཁ་ཇེ་མང་ལ་འགྲོ་བཞིན་འདུག  དེ་བས་མི་ཚང་མས་ང་ལ“ཆང་རྐྱལ་གྱི་བུ”ཞེས་དུས་གཏན་དུ་བརྗེད་མི་སྲིད་པའི་མཚང་མིང་རྫོབ་པོ་ཞིག་བཏགས་ཡོད།

སློབ་མགོ་བརྩམས་བྱུང་།

སློབ་གྲོགས་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་རང་གི་མ་ཡུམ་ལྟ་བུའི་སློབ་གྲྭའི་ཕྱོགས་སུ་གོམ་ཁ་སྒྱུར་མགོ་བརྩམས།

ངའི་ད་བར་དུ་སེམས་ཀྱི་བདེ་སྡུག་ཡོད་ཚད་སུ་ལ་ལའང་བཤད་མྱོང་མེད། དེ་རིང་ངས་འདི་ལྟར་བཤད་འདོད་དེ“ང་ལ་སེམས་ཚེགས་དང་རེ་ཆད་ཀྱིས་མགོ་བོ་ན་བས་སློབ་གྲྭར་འགྲོ་རྒྱུ་ནི་ཅི་འདྲའི་སུན་སྣང་ལྡན་པ་ཞིག་རེད་ཨང་། ང་ནི་མི་ལས་ངན་ཞིག་རེད། དངོས་ནས་བཤད་ན་ང་ནི་སློབ་གྲོགས་གཞན་དག་དང་བསྡུར་ན་སློབ་གྲྭར་འགྲོ་འཕྱི་བས་དགེ་རྒན་གྱི་གསུང་ལ་གོ་བ་ཏོག་ཙམ་ལེན་ཐུབ། མཚམས་རེར་འདང་རྒྱག་སྟངས་ཤིག་གིས་ངས་སློབ་སྦྱོང་ནི་དགེ་རྒན་གྱིས་ང་ཚོར་བཞག་པའི་ཁོ་བོའི་འགན་ཁུར་ལྷག་མ་ཞིག་ཨེ་ཡིན་བསམས་བྱུང་། གང་ལྟར་སློབ་གྲྭར་འགྲོ་མི་འདོད་པ་ནི་ངས་ཚེ་རབས་འདིར་ལས་ཀྱིས་བསགས་པའི་སྡུག་བསྔལ་ཞིག་ཡིན་པར་འདོད་དེ། དུས་ད་ནས་བཟུང་ངས་ཐབས་བརྒྱ་ཇུས་སྟོང་གིས་ང་རང་སློབ་གྲྭ་ལས་ཕྱིར་འབུད་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན།”

ཁ་སང་ཁ་པར་ལས་གཏམ་ངན་ཞིག་ཐོས་བྱུང་། ཁོ་རང་འཆི་རྐྱེན་ཡང་མཐར་གཏུགས་ན“རྒྱུགས”འདིས་བཟོས་པ་རེད་ཟེར། དོན་འདི་དང་འབྲེལ་ནས་ངས་དོན་དག་མང་པོ་ཞིག་དྲན་བྱུང་། “ན་ནིང་གསེར་སྒྲོན་བཟའ་ཟླ་གཉིས་ཀས་ཀྱང་བུ་མོས་སྐར་གྲངས་མཐོན་པོ་ཞིག་ལེན་མ་ཐུབ་པས་སློབ་གྲྭ་བརྗེ་དགོས་ཚུལ་གྱི་ཐོག་ནས་བཟའ་འཐོར་བྱུང་བ་མ་ཡིན་ནམ། འདིའང་རྒྱུགས་འདི་ལ་འབྲེལ་བ་ཡོད་པ་ཁོ་ཐག་རེད། ”

ཚང་མས“སྐར་འབྲས་བཟང་ན་ཕ་མའི་མིག་འབྲས་རེད་ལ། སྐར་འབྲས་ལེགས་ན་དགེ་རྒན་གྱི་གཅེས་ནོར་རེད། སྐར་འབྲས་མཐོ་ན་ཤ་ཉེ་རིང་གི་གཟི་བརྗིད་ཀྱང་རེད”ཟེར་བའི་སྐད་ཆ་ཞིག་རླུང་ལྟར་གྲགས་ཀིན་འདུག

“ངའི་མི་ཚེའི་སྟེང་གི་ཕམ་ཁ་ཐོག་མའང་རྒྱུགས་འདི་ལས་བྱུང་བ་མ་ཡིན་ནམ།”

“རྒྱུགས་འདིས་མི་ཚེར་སྡོམ་ཚིག་ཅིག་འགོད་བཞིན་ཡོད་པ་ཨེ་རེད།

“རྒྱུགས་འདིས་རིན་ཐང་ཅན་གྱི་མི་བུ་ཚོར་སྒྲོམ་གཞི་ཞིག་བཟོ་བཞིན་ཡོད་པ་ཨེ་རེད། ”

ད་བར་དུ་སྐར་གྲངས་མཐོན་པོ་བླངས་པ་མཐའ་དག་ཁྱོད་ཀྱི་ཚེ་ནོམ་རེད།

“རྒྱུགས་བླངས་བླངས་པའི་མཐའ་མར་ཁྱོད་རང་མི་ཚེ་གང་པོར་ཅི་ཞིག་བྱ་རྩིས་ཡིན། ”

ང་དང་ན་མཉམ་གྱི་སློབ་གྲོགས་ཚོས“ང་གཞུང་ཞབས་པ་ཞིག་བྱ་རྩིས་ཡིན། གཞུང་ཞབས་པ་ནི་རྒྱལ་ཁབ་ཀྱིས་ཚེ་གང་པོར་གསོ་བཞིན་ཡོད་པ་མ་རེད་དམ། ”

“ཧ་ཧ་ཧ། ཡིན་ན་ཐང་། དེའི་ཡན་གྱི་དྲིས་ལན་ཞིག་ང་ལའང་གདབ་རྒྱུ་མེད།”

རང་གིས་རང་ལ་ཚ་འདྲི་ནན་མོ་ཞིག་བྱས་རྗེས་གློ་བུར་དུ་དོན་གཞན་ལ་བསམ་བློ་གཏོང་མི་འདོད་པར་གྱུར་འགྲོ།

“འགྲོ་རོགས་མི་དགོས། ང་རང་གཅིག་པུ་སོང་ན་ཆོག དེ་རིང་ཡང་ཁ་སང་དང་འདྲ་བར་གནམ་ངོ་ཤིན་ཏུ་དྭངས་པས་རང་གི་སེམས་ཁམས་དང་བསྟུན་ནས་ཕྱི་རོལ་ལ་འཆམ་འཆམ་དུ་འགྲོ་དགོས་བྱུང་། འཆམ་འཆམ་ཟེར་ན་གཞན་མ་ཡིན་ཏེ་ང་ཚོའི་སྡེ་བའི་ཁ་སྟོད་ན་བཞུགས་པའི་རྫོང་ནང་དགོན་པར་ཕྱི་སྐོར་ཞིག་བྱེད་དུ་འགྲོ་བསམ་པ་ཡིན། ”

“ངོ་མ་བཤད་ན། དེ་རིང་ལམ་ནས་འགྲོ་སྐབས་སྟེས་དབང་གིས་རིག་བྷ་མཐོང་བྱུང་། ངེད་གཉིས་ཀྱི་འདས་ཟིན་པའི་དོན་དག་དེ་སེམས་ལ་ཝ་ལེར་དྲན་བྱུང་།

ཁོ་ཡང་ཕལ་ཆེར་དགོན་པར་མཆོད་མཇལ་དུ་ཡོང་བ་འདྲ། མཛེས་མ་དེ་ཁོའི་ཆུང་མ་ཡིན་རྒྱུ་རེད་དམ། དེས་ན་བྱིས་པ་དེ་གཉིས་ནི་ཁོའི་བྱིས་པ་ཡིན་རྒྱུ་རེད་པ། ཨ་ལ། འཚོ་བར་བདེ་སྐྱིད་ལྡན་པ་ལ། ལས་ཐུག་མེད་རུང་ལམ་ཐུག་ཟེར་བ་འདི་ཡིན་ནམ། ཕར་བལྟས་ཚོད་དུ་སྐྲ་ཚུགས་ཡག་ཅིང་ལྭ་བ་གཙང་ལ་ཤ་ཅུང་ཙམ་རྒྱགས་པོ་ཆགས་འདུག ཡ་མཚན། ཁོས་ང་ལ་ཁ་ཡ་མི་བྱེད་དོན་ཅི་ཡིན་ནམ། མ་རེད། རང་གིས་གཞན་ལ་ཁ་ཡ་མ་བྱས་ན་གཞན་གྱིས་རང་ལ་ཁ་ཡ་མི་བྱེད་པ་དཔེ་རེད། ངས་བསམས་ན། འཇིག་རྟེན་འདིའི་སྟེང་ནས་ང་ནི་ཁོའི་དྲིན་ཆེན་ཡིན། ལོ་ངོ་མང་པོ་འགོར་སོང་། ད་ཆ་ཕལ་ཆེར་བརྗེད་ཡོད་ཚོད་རེད། དོན་དག་དེ་ནི་སློབ་མཐར་ཕྱིན་སྐབས་ང་ཚོར་ལས་བགོས་བྱེད་དུས་ནོར་འཛོལ་ཐེབས་པའི་དོན་དག་ཅིག་རེད། ”

“ཁྱོད་ཀྱིས་སེམས་རྣལ་མས་མཉན་ན་མི་ཆོག་གམ། ང་ཚོའི་སྡེ་བ་ནི་རུ་སྡེ་ཆུང་ཆུང་ཞིག་གི་འདབས་སུ་ཆགས་ཡོད། མེ་ཏོག་བཞད་ན་ཉམས་དགའ་ལ་ཁངས་ཆར་བབས་ན་སེམས་སྐྱོ་བའི་སྣང་ཚུལ་ཞིག་ང་ཚོའི་སྡེ་བར་རྟག་ཏུ་འབྱུང་ངེས། ད་བར་དུ་འགྲིམ་འགྲུལ་གྱི་སྟབས་མི་བདེ་བ་དང་རྗེས་ལུས་བག་འཁུམ་གྱི་ཞྭ་མོ་དེ་མི་རེ་རེའི་ལུས་སྟེང་ལ་ནད་ཡམས་ལྟར་ཁྱབ་ཡོད་པས་ང་ཚོའི་སྡེ་བ་ནི་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་ཁར་སྙེག་མ་ཐུབ་པའི་དབུལ་ཕོངས་ཀྱི་སྡེ་བ་ཞིག་ཡིན། ”

“སྡུག་སྨྲེ་ལུང་བ་གང་བཤད་རུང་ཕན་པ་ཅི་ཡོད། གནའ་སྔ་མོར་ང་སློབ་གྲྭ་འགྲོ་དུས་ཤིག་ལ། གསེར་གྱི་སྨྱུ་གུ་ཞིག་ཤིང་གི་ཐོང་གཤོལ་ལ་འཁྲུལ་ཏེ་ད་ཆ་ཐོང་གཤོལ་ལག་པས་སྐྱོར་མཁན་ནི་ང་ལས་སུ་ཞིག་མཆིས་སམ། ད་ལྟ་ཞིབ་འདང་རེ་བརྒྱབ་ན། དམིགས་ཡུལ་གཞན་མེད་དེ་རང་ཉིད་སློབ་བཤོལ་ཐེངས་ཤིག་བྱེད་འདོད་པས་ཡིན། ངོ་མ་ཡིན། ཨ་ཕའི་མི་ཚེ་ཆང་གིས་བརླག་པའི་དུས་དེ་ནས་བཟུང་ངའི་དྭངས་གཙང་གི་བྱིས་བློར་གས་ཆག་ཐེངས་ཤིག་ཐེབས་ཏེ་རེས་སྐྱིད་རེས་སྡུག་གི་འཚོ་བའི་ཀློང་ལ་ཉམས་དམས་ཀྱིས་ཁ་བ་བབས་ཏེ་ཁྱིམ་གྱི་དྲོད་ཁོལ་ཡང་སྐད་ཅིག་ཉིད་དུ་ཡལ་བར་གྱུར། ”

“ད་མི་བཤད། རིག་བྷ་ངེད་གཉིས་ཀའི་དོན་དག་གླེང་། རིག་བྷ་ནི་ང་ཚོའི་སྡེ་བའི་ནང་གི་ལས་བྱེད་པ་གཅིག་པུ་ཡིན་ལ་དཔའ་ལུང་ས་ཆར་མངགས་པའི་ཞང་ཞིག་གི་ཞང་གཙོ་གཞོན་པའང་རེད།”

“ཞང་གཙོ་གཞོན་པར་དབང་མེད་པ་མ་རེད་དམ། ”

“གླེན་བཤད། ཚང་མ་དེ་འདྲ་ག་ལ་ཡིན། ད་བར་དུ་རིག་བྷ་ངེད་གཉིས་ལ་འདྲ་ས་ཞིག་ཡོད་པ་ནི་ངེད་གཉིས་ཀྱི་མིང་ལ་རིག་བྷ་ཟེར། དེ་དུས་ང་རང་སློབ་བཤོལ་བྱས་མེད་དུས་རེད། ང་ཚོ་ཐོག་མར་བྱ་བའི་སྟེང་ཞུགས་དུས་ང་ལ་ཟློག་ཏུ་མེད་པའི་ཕམ་ཁ་ཆེན་པོ་ཞིག་བྱུང་སོང་། རིག་བྷ་ནི་དེ་དུས་ནས་སྦྱངས་སྟོབས་ཞན་ཡང་བློ་རིག་རྣོན་པོ་ཞིག་ཡོད་པ་ནི་ཁོ་ཐག་ཡིན། ང་རང་ཁོ་ལ་ཡིན་སྨོན་འཆོར་མྱོང་། དུས་དེ་ནས་བཟུང་ཁོའི་མིང་ལ་རིག་བྷ་རྡོ་རྗེ་ཞེས་ཐོགས། དྲང་མོར་བཤད་ན་ཁོའི་མིང་ལ་རིག་བྷ་རྡོ་རྗེ་ཞེས་ཐོགས་དོན་ནི་ད་བར་དུ་སུ་ལའང་བཤད་མ་མྱོང་བའི་གསང་བ་ཞིག་ཡིན་ལ། བཤད་མི་རུང་བའི་གསང་བ་ཞིག་ཀྱང་ཡིན་པ་འདྲ། མི་ཚེ་གང་པོར་སློབ་གྲྭ་འགྲིམས་འགྲིམས་རྗེས་བྱ་བ་ཞིག་ལ་རེ་སྙེག་བྱེད་པ་ནི་མི་ཞིག་གི་མི་ཚེ་འདིའི་དོན་དག་གལ་ཆེན་ཞིག་ཡིན་ཏེ།  དེར་གེགས་དང་བར་ཆད་ཅིག་མི་འབྱུང་བར་ནམ་ཡང་སྨོན་ལམ་རྒྱག་གིན་ཡོད།

ཁྱོད་ལ་མ་གསང་བར་དྲང་མོར་བཤད་ན། དེ་དུས་ངེད་གཉིས་ཀྱི་མིང་ནོར་འཛོལ་ཐེབས་ཏེ་ངའི་བྱ་བའི་ལས་སྐལ་ཡོད་ཚད་ཁོར་དབང་སོང་ལ་ངའི་མི་ཚེ་འདིའི་ཤེས་པ་ཡོད་ཚད་ཁོས་ཕྲོགས་སོང་། གོང་རིམ་ལ་ཞུ་གཏུག་བྱས་རུང་མཇུག་འབྲས་སྔར་བཞིན་སྣང་མེད་དུ་བསྐྱུར། ཡང་ཅིག་བཤད་ན་ངས་ཁོ་ལ་གཏོང་ཕོད་ཀྱི་ཕྱག་ཟུང་བརྐྱངས་ཏེ་སྦྱིན་པ་བཏང་བ་དང་ཀུན་ནས་འདྲའོ། ། ཧ་ཧ་ཧ། ད་ཚང་མ་ཆིག་ལབ་ཡིན།”

“ངས་བདེན་དུ་འཛིན་ཀི་མེད། ཨ་ཙི། དངོས་གནས་དེ་འདྲ་ཞིག་ཡིན་ནམ། ”

“ལྟོས་དང་། ང་ཚོའི་སྡེ་བ་ཨེ་རིག་གི། སྡེ་བའི་དཀྱིལ་གྱི་མ་ཎི་ཁང་གི་འགྲམ་ན་མཆོད་རྟེན་ཞིག་ཡོད་པ་ཨེ་རིག་གི། གན་རིག་བྷས་སྒོར་ཁྲི་བཅུ་གཉིས་བྱིན་ནས་བཞེངས་པ་རེད། སྔོན་ཆད་ང་ཚོའི་སྡེ་བ་འདི་ཆོས་ལ་མི་དགའ་ཞིང་ལས་ལ་མི་བརྩོན་པའི་སྡེ་བ་ཞིག་ཡིན། ལོ་ཞིག་ལ། སྡེ་བ་འདིར་ཆག་འཇིག་ཉམ་ང་བྱུང་ནས་མི་རྟ་གཉིས་ཀར་གོད་ཆད་བྱུང་ཞིང་སེམས་ཅན་ཀུན་པོར་སྡུག་ལ་ཐུག་ཡོད་དུས་ཨ་ལགས་ཀོའུ་བ་ཆོས་ཀྱི་རྒྱ་མཚོས་ལུང་བསྟན་ལྟར་བྱིན་རླབས་ཀྱིས་དངོས་གྲུབ་བསྩལ་མྱོང་། དུས་དེ་ནས་བཟུང་སྡེ་བ་འདིའི་མི་རྣམས་ཀྱི་བསམ་པ་ཇེ་བཟང་དང་རྣམ་དཀར་དགེ་བའི་ཕྱོགས་ལ་སེམས་པ་རྩེ་གཅིག་ཏུ་གཞོལ་བས་ལོ་གཅིག་གི་བཅའ་བ་རིམ་གྲོ་དང་། བཅའ་ཁ་ཕྱག་ལེན། འབུད་རྡུང་དཀྲོལ་གསུམ་སོགས་གང་ཡིན་རུང་ཆད་ལྷག་མེད་པར་ཉམས་ལེན་གཙང་དག་ཅིག་བྱེད་བཞིན་ཡོད།”

“ཁྱོད་རྒས་ན་ཅི་ཞིག་བྱ་རྩིས་ཡིན།”

“ང་རྒས་ན་ཕ་ཡུལ་འདིའི་ནང་མི་ངོ་མ་ཞིག་བྱ་རྩིས་ཡིན།”

“ཁྱོད་རྒས་ན་མཆོད་རྟེན་འདིར་སྐོར་བ་སྟོང་ཕྲག་ལྷག་རྒྱོབས།”

“ང་རྒས་ན་མཆོད་རྟེན་འདིར་སྐོར་བ་ཁྲི་ཕྲག་ལྷག་བརྒྱག་རྒྱུ། །”

རྩོམ་སྒྲིག་པ། : ཀླུ་མོ་མཚོ།