ཀྲུང་གོ་བོད་ཀྱི་དྲ་བ།

མནའ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྡོ་རྗེ་དོན་གྲུབ།   སྤེལ་དུས། : 2018-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་ཟླའི་གཙང་ངོགས་ན་འཕྱོ་བའི་སེམས་པ་འདི་ཕ་ཡུལ་དུ་སློན་དུས། ངའི་སེམས་སུ་གནོན་མི་ཐུབ་པའི་ཁྲེལ་དགོད་ཅིག་ཆུ་ཁོལ་བཞིན་ལྷོག་ལྷོག་ཏུ་གདུ་ངེས་ལ། དེའུ་མུར། ཤོག་དཀར་དང་སྨྱུག་གུས་ཕ་ཡུལ་གྱི་འདས་དོན་དེ་དག་གཙང་པོ་བཞིན་ཡིད་ཀྱི་ཞིང་སར་དྲངས་ཏེ་སེམས་ཀྱི་གས་སྲིབ་ཏུ་འཐིམ་འགྲོ།

ཉིན་དེར། མདོ་དབུས་མཐོ་སྒང་གི་གུད་དུ་གནས་པའི་ཕ་ཡུལ་གསེར་གཞོང་སྔར་བཞིན་སྨུག་པ་སྟུག་པོ་ཞིག་གིས་བཏུམ་འདུག་ལ། ཕར་བལྟས་ཚོད་ལ་མིག་དབང་རྟབ་རྟབ་པོར་གྱུར་ནས་ཅི་ཡང་མི་སྣང་ཞིང་། ངའི་བསམ་ཚོད་ལ་མཐོ་སྒང་འདི་གཞི་ནས་གཉིད་དུ་ཡུར་བ་ཡིན་ནམ། ཡང་ན། གླིང་གཞན་པའི་སྨུག་རྒྱུ་སྟུག་པོ་བཤད་མི་ཤེས་པ་ཞིག་སླེབས་པ་ཡིན། དེ་དུས། ནམ་རྒྱུན་བཏང་སྙོམས་སུ་གནས་པའི་ངའི་སེམས་པ་འདི་ཚོད་ཚོད་ལ་ལུ་གུ་ལྟར་བྲང་གཞུང་དུ་ལྡིང་ལ། རྐང་མཐིལ་ནས་སྤྱི་གཙུག་བར་དུ་བཤད་མི་ཤེས་པའི་ཟུག་གཟེར་ཞིག་དྲག་ཏུ་ལངས། མཚམས་རེར་བལྟས་ཚོད་དུ་ཕ་ཡུལ་གྱི་གཡུ་ཆུ་སྔོན་མོའང་གཉིད་དུ་ཡུར་བ་ལྟར་དལ་ཅག་གེར་གནས་ཤིང་། སྒོ་ཁྱི་གཅིག་པུས་མགོ་བོས་རྐང་ལག་བཞི་མར་མནན་ཞིང་གུག་འཁྱོག་ངང་ལྕགས་ཕུར་གྱི་གམ་དུ་གཉིད་འདུག

ངས་བེའུ་ཚང་མ་རྡང་ལ་བཏགས་ཚར་རྗེས། སྦྲ་གུར་དུ་འཛུལ་ནས་ཨ་མས་བཅས་པའི་ནུབ་ཚལ་བཏུང་ནས་ཨ་མར་བསྒུགས་ཀྱང་། གཉིད་ལྕོག་གིས་ཨ་མར་བསྒུག་མི་སྲིད་པས། ང་རང་ཡང་སྲབ་སྐྱོགས་ཤོར་བའི་རྟ་རྒོད་བཞིན་རྨི་ལམ་དུ་འཁྱམ་སོང་།……

ང་རང་ཉིན་གཅིག་གི་ངལ་དུབ་ཀྱི་འགག་འཕྲང་ལས་ཐར་ཏེ། རང་ཉིད་ལ་དབང་བའི་རྨི་ལམ་གྱི་ཐང་ཆེན་ནས་འགྲེ་ལོག་བརྒྱབ་པ་ཡིན། དེའུ་མུར། ང་རང་ཕྱེ་མ་ལེབ་ཅིག་ཏུ་གྱུར་ཅིང་། ཉིན་ཞག་བརྒྱ་ཕྲག་ལྷག་བརྒྱུད་དེ་ལྷ་སར་འབྱོར། དེ་དུས། ངའི་ལུས་སྟོབས་ཀྱི་ཟིལ་ཤུགས་ཟད་པས། པོ་ཏ་ལའི་རྡོ་ཐེམ་ནས་ཟླ་ཕྱེད་རིང་ངལ་གསོས་ལ། ཆོས་ལྡན་ཞིང་གི་བཀོད་པ་ངོ་མཚར་བ་དང་། པོ་ཏ་ལའི་རྡོ་ཐེམ་དུ་འཚང་ག་རྒོད་པའི་མི་ཚོགས་ལ་བལྟས་ནས་བསྡད་པ་ཡིན། ཏག་ཏག་སྐབས་དེར།AདངBགཉིས་ཀྱི་རྐང་པའི་འདེགས་འཇོག་ཀྱང་ལྗིད་ཏིག་གེར་པོ་ཏ་ལའི་རྡོ་ཐེམ་དུ་སྤོས་བྱུང་། ཁོང་གཉིས་ནི་བཤད་སྒྲུབ་དར་རྒྱས་གླིང་དང་གསེར་གཞོང་ཡུལ་ཚོའི་འཐུས་མི་རེ་ཡིན་ལ། མདོ་ཁམས་སྨད་ནས་མེ་འཁོར་ལ་བསྡད་དེ་ལམ་ལ་ཆས་ཀྱང་།ཉིན་ཤས་བརྒྱུད་དེ་ད་གཟོད་པོ་ཏ་ལའི་ཐང་ཆེན་དུ་ཐོན་བྱུང་། ཁོང་གཉིས་ཀྱིས་ལྷ་མོ་ལྷ་མཚོར་གསེར་གཞོང་མ་ཎི་ཁང་བཞེངས་ཡུལ་གྱི་ས་གཟིགས་གནང་བར་འོང་བ་ཡིན། དེ་དུས། པོ་ཏ་ལའི་རྡོ་ཐེམ་དུ་ངང་ཆུང་གིས་ལུས་པའི་ངའི་སྤྱི་གཙུག་ཏུ་ཁོང་གཉིས་ཀྱི་ཐེག་དཀའ་བའི་རྐང་པའི་འདེགས་འཇོགས་དེ་བསམ་གཟས་ནས་སྤོས་སོང་།“ཨ་མ……”ཞེས་པའི་ཐ་སྙད་དྲོན་མོ་དེ་ངག་ནས་ཤོར་སོང་ལ། “ཚེ་རིང་། ཅི་མ་ཉན་ཐལ།”ཞེས་པའི་ལྷོད་ཤ་ཆགས་པའི་འབོད་སྐད་སྙན་མོ་ཞིག་ངའི་རྣ་ལམ་དུ་རྒྱུ་ཞིང་།ང་རང་འཇིགས་ཡེར་བའི་རྨི་ལམ་དེ་ནས་ཡོངས་སུ་སད་དུས།དོན་ངོ་མར་སྦྲའི་ཁ་འཚུབ་ནས་འཁྱུད་འོང་བའི་ཆུ་ཐིགས་ལྡོག་གཅིག་རློན་ཤིག་གེར་སྤྱི་གཙུག་ཏུ་ལྷུང་འདུག ངའི་མཇིང་བ་ན་ཚ་དྲོད་ཅིག་མཆེད་ཀྱིན་འདུག་ལ། ལུས་ཡོངས་རྔུལ་ཆུས་བརླན་ཞིང་། བ་སྤུའང་ལབ་ཙེ་ལྟར་རང་གནས་ནས་མཐོངས་སུ་གཟེངས་འདུག

“ཚེ་རིང་། མྱུར་དུ་ལོངས་ཤིག མལ་སའི་ནང་གྲ་དག་པར་བཅའ་རོགས།”

“ཨ་མ། ……”

“རེམ།ངེད་ཚང་དུ་དོ་ནུབ་འདུན་མ་ཞིག་བསྡུ་རྒྱུ་ཡིན་ཟེར། ཁྱོད་དེ་གར་རྨི་ལམ་འགྲིམས་ཁོམ་ཞིག་ག་ལ་ཡོད། རེམ།”ཟེར་བཞིན་འོ་ཟེའུ་ཁྱེར་ནས་སྦྲ་ནང་དུ་འཛུལ་བྱུང་། ངས་གཉིད་ཐུན་ཙམ་ནང་རྨིས་པའི་རྨི་ལམ་དེ་ཨ་མར་བཤད་པས་ན། མོར་དགོད་ཁ་འགོག་མིན་ཞིག་འཆོར་ཞོར“གླེན་ཕྲུག མི་ཞིག་ཕྱེ་མ་ལེབ་ཏུ་འགྱུར་ག་ལ་སྲིད།འཕྲུལ་སྣང་རེད།འོན་ཀྱང་།དོ་ནུབ་ཀྱི་འདུན་མ་དེའང་དོན་དམ་པར་དེའི་སྐོར་ཞིག་ཡིན་ཤས་ཆེ” ཟེར། ང་ལའང་འགོག་ཐབས་བྲལ་བའི་དགའ་སྤྲོས་བཏུས་ཏེ“ང་ལ་མཁྱེན་པ་ཡོད་དམ……”

ཁྱི་རྒན་རྒྱ་ཐོ་དེས་ཉིན་མོའི་ངལ་དུབ་ཀྱང་གཡུགས་ཏེ།རང་ཉིད་ལ་དབང་བའི་ལྕགས་ཕུར་གམ་གྱི་ས་ལག་མཐིལ་ལྟ་བུའང་ཤུགས་ཀྱིས་ལག་འབྲད་ཅིང་ཟུག་སྐད་ཀྱིས་ལྷིང་འཇགས་ཀྱི་རུ་ཁྱིམ་དཀྲོགས་པར་བྱེད། མཚན་ནུབ་ནི་ཁོའི་གཡུལ་ས་ལྟ་བུར་ངེས་ལ། ཉིན་མོའི་ཁྱི་རྒན་ཉམ་ཐག་དེར་སྲོག་གི་དབང་པོ་ཞུགས་པ་ལྟར་བར་མེད་དུ་ཟུག་བྱུང་། དེ་དུས། ངས་སྦྲའི་ཁ་འཚུབ་ནས་ཕྱི་ལ་མགོ་བོ་བསྲིངས་ཏེ་བལྟས་ཙ་ན། CDསོགས་གཅིག་རྗེས་གཉིས་མཐུད་དུ་ཕ་གའི་ཉག་ལམ་བརྒྱུད་དེ་ཐོན་བྱུང་། ངས་མགོ་བོ་ཕྱིར་དགྱེ་དུས་སྦྲའི་ཁ་འཚུབ་ནས་འཁྱུད་འོང་བའི་ཆུ་ཐིགས་ཤིག་གཉའ་གོང་དུ་ལྷུང་སོང་། སྐད་ཅིག་མ་དེར་དངང་འདར་ཅིག་དབང་མེད་དུ་བརྒྱབ།

ཚང་མས་ཆར་ལྷམ་འདམ་བག་ཅན་རེ་གྱོན་ཞིང་། Cཡིས་ཆར་ལྷམ་ནག་པོ་ཞིག་གྱོན་ཞིང་།ཆར་ལྷམ་གྱི་ཡུ་བའི་དཀྱིལ་ནས་གྲུ་གཟིངས་ཀྱི་རྟགས་ཤིག་གསེར་མདོག་དང་བཅས་གསལ་ལེར་མཐོང་ཐུབ། དེ་ནི་ཆར་ཤ་རྒོད་པའི་དུས་ཚིགས་འདིར་ཧ་ཅང་འཕྲོད་ལ། མདོ་དབུས་མཐོ་སྒང་གི་གས་སྲིབ་ག་ས་གང་དུའང་ཆུ་བོ་རྒྱས་ཤིང་། གནས་འདི་གའི་གཙང་པོའི་ངོགས་གཉིས་ཀྱི་འགྲོ་འོང་ཡང་གནད་དོན་ཞིག་ལ་ཐུག་འདུག་ཅེས་བརྗོད་ནའང་འཕལ་ཀ་འཕྲོད་པ་རེད། ཚང་མ་གོ་རིམ་མེད་པར་སྒྱེད་པུའི་གམ་དུ་བསྡད་ཅིང་། ཨ་མས་ཀ་རའི་སྟེང་དུ་བཀལ་བའི་སྒྲོན་མེ་དེ་བཀར་ཞིང་། སྒྱེད་པུའི་ནང་དུའང་མེ་ཁ་གསོས་རྗེས། “ཨ་ཁུCདངDགཉིས་ཀྱིས་བརྡ་བཏང་བའང་འཕྱི་ལ། དེའི་ཁར་ངེད་ཚང་ལ་བཞོན་མ་མང་བས། དུས་ཚོད་ཀྱི་དབང་གིས་འོ་ཇའང་སྲོ་ཁོམ་མ་བྱུང་། ……”

“ཡ་ཡ་དབང་མོ།”ཞེསCཡིས་འཛུམ་གྱི་ལེར་དེ་སྐད་སྨྲས།

“ཚེ་རིང་།མལ་སའི་ནང་དུ་གཉིད་རོགས། ངེད་ཅག་གྲང་ནས་རྐང་ལག་ཀྱང་སྦྲིད་འདུག་པའི་ཚོད་ལ། མལ་ས་ལས་སྒྱེད་པུ་འདི་སྐུ་དྲིན་ཆེ། དེ་བས་ན། ཁྱེད་རང་སང་ཉིན་སྔར་བཞིན་བེའུ་རྫིར་འགྲོ་དགོས་པས། སྔ་ས་ནས་གཉིད་རོགས། ”ཞེསDཡིས་རུམ་ནས་ཚི་དྲག་ཆགས་པའི་སྣ་ཐའི་ཁུག་མ་དེ་ཕྱིར་ལེན་ཞོར་དུ་བཤད།

“ཡ་ཡ། ཨ་ཁུ། ངས་ཨ་མར་རོགས་བྱས་ཏེ་འོ་ཇ་བླུགས་ནའང་ཆོག སྔོན་ཏག་ཏག་ལ་ཅུང་ཙམ་གཉིད་ཟིན།”ཞེས་ལན་བཏབ་ཅིང་། ཡིན་ནའང་།སེམས་སུ་མདང་དགོང་ལྟར་ཁྱེད་རང་ཚོས་ཚར་རྒྱུ་མེད་པའི་མནའ་བསྐྱལ་བའི་འུར་སྐད་དེའི་འོག་ཏུ་གཉིད་ཅེས་པའི་ཐ་སྙད་སྐམ་པོ་དེ་མི་འཕྲོད་ཅེས་མགྲིན་པར་འཚང་འོང་ལ། འོན་ཀྱང་། ཨ་མས་གཤེ་གཤེ་གཏོང་བར་སྐྲག་ནས་ངག་སྒོ་ནས་མིད་ཅི་ཐབས་བྱས་པ་ཡིན།

“… …”

“ད་ནི་གཞི་ནས་ཐོན་སོང་བ། མ་ཐོན་པ་ཨེ་ཡོད།”ཟེར་བཞིནCཡིས་རུམ་ནས་ཤོག་དྲིལ་ཞིག་དང་སྨྱུ་གུ་ཞིག་བླངས་བྱུང་།

ཚང་མ་ཐོན་ཟིན། དོ་ནུབ་ཡང་ཅི་ཞིག་ལ་གྲོས་བྱེད་དམ། མཚན་ཞག་བསྟུད་མར་འདུན་མ་བསྡུས་ནས་གཉིད་ཆག་པའང་སུ་ཞིག་ལ་བཤད། ཧུ་ཧུ་ཞེས་ཁ་ཅིག་གིས་མགྲིན་པ་གཟེངས་སུ་བཏེགས་ནས་བཤད།

“དོ་ནུབ་ཀྱི་འདུན་མ་ནི་ཆེས་གནད་འགག་གི་སྐབས་ཡིན་པས། ཚང་མས་རྣམ་རིག་གཏོད་དགོས།”Dཡིས་སྣ་སྟེང་དུ་ཤུད་ལ་ཉེ་བའི་རྩིད་སྐུད་ཅན་གྱི་མིག་ཤེལ་དེ་ཡར་དེད་ཅིང་། སྣ་ཐའི་དུ་བ་ཞིག་སྣ་ཁུང་ལས་ཕྱིར་འབྱིན་བཞིན་བཤད།

Cསྒྱེད་པུའི་གམ་དུ་བསྐྱར་འདུག་ཅིག་བྱས་ཤིང་།མེ་འོད་ཀྱིས་གདོང་བའང་ས་དམར་གྱིས་བཟོས་པའི་འཇིམ་སྐུ་ཇི་བཞིན་མངོན་ཡོང་།“རེད་ཡ།ABགཉིས་ལྷ་མོ་ལྷ་མཚོ་རུ་སོང་ཤུལ་དུ་ཡུལ་ཚོའི་མ་ཎི་ཁང་བཞེངས་སྤྱད་ཀྱི་དངུལ་ཡོན་བོར་བརླག་བྱུང་ཟིན་པས།ང་ཚོས་བསྟུད་མར་ཉིན་ཞག་གསུམ་བཞིའི་རང་མནའ་བསྐྱལ་པས་ཅི་ལ་ཕན། ……”ཡང་ཁ་ཅིག་གིས་བཤད་རྒྱུར། བོར་བརླག་བྱུང་ཟིན་ནའང་། ངེས་པར་དུ་གསལ་ཐག་ཆོད་པ་ཞིག་དགོས། གཡག་ཞར་གྱིས་རྩྭ་ཟ་བ་ལྟར་བསྐྱུར་ན་ག་ལ་ཆོག རྐུ་མཁན་ཡོད་མི་སྲིད། རྒྱུ་འབྲས་ཀྱི་རྒྱ་མ་བསྲིངས་ཡོད་པས།དཔེ་མི་སྲིད། Aནི་བཤད་སྒྲུབ་དར་རྒྱས་གླིང་གི་དོ་དམ་པ་ཡིན་པ་དང་གཅིག Bནི་ཡུལ་ཚོའི་སྡེ་དཔོན་དང་སྤྲུལ་སྐུ་རིན་པོ་ཆེ་དང་ཆེས་འབྲེལ་བ་བཟང་ཤས་དེ་ཡིན་པས། ཁོང་གཉིས་ཕྱིར་བསླེབ་རག་ཏུ་དངུལ་ཡོན་འདུ་དགོས། དེ་མིན། སྤྲུལ་སྐུ་མཆོག་གིས་བཀའ་བཀྱོན་དཔེ་མེད་གཅིག་གནང་ངེས་ཡིན།

ངས་ཨ་ཞང་བསྟན་ཁོས་བཟོས་པའི་སློག་ཧྲུལ་དེ་གཡང་ཤམ་བྱས་ཏེ་ཨ་མར་འོ་ཇ་སྲོ་རོགས་བྱས་ལ།སེམས་སུ་ཚོགས་མི་འདི་དག་གིས་དངུལ་ཡོན་བོར་བརླག་བྱུང་རྐྱེན་དེ་རྩད་གཅོད་མི་བྱེད་པ་ཅི་ཡིན་ནམ་སྙམ།

Dཡིས“རིག་གསར་སྐབས་དང་དམངས་གཙོ་བཅོས་བསྒྱུར་སྐབས་སུ་ལྟོགས་སྡུག་གིས་མནར་ཡང་ཟས་མཛུབ་མོ་ཙམ་ཡང་བརྐུས་མ་མྱོང་ཁར། ཡུལ་ཚོའི་ནང་གྱོད་གཞི་གང་མང་ཞིག་བྱུང་ནའང་མནའ་བསྐྱལ་མ་མྱོང་ལ། དེ་དུས། ཁ་ཅིག་གིས་མནའ་འདྲ་མིན་སྣ་ཚོགས་བསྐྱལ་ཅིང་།མཇུག་མཐར་ཕན་ཚུན་མ་མཐུན་པར་ཁྱོད་ཤི་ང་གསོན་གྱི་འཁྲབ་གཞུང་མང་པོ་ཞིག་བྲིས་ཡོད།”ཟེར།

“… …”

ནམ་ཕྱེད་ལ་གཟུར་འདུག  CDསོགས་ད་དུང་ཡུལ་ཚོའི་མ་ཎི་ཁང་བཞེངས་སྤྱད་ཀྱི་དངུལ་ཡོན་དེ་སུས་གཏའ་མར་བཞག་པའམ་ཇི་ལྟར་བོར་བརླག་བྱུང་བའི་སྐོར་ལ་གྲོས་བསྡུར་བྱེད་ཅིང་། ཁ་ཅིག་གི་མིག་མཐར་གཉིད་ལྕོག་གི་རྦ་རླབས་སྐྱོམ་ཞིང་། ཆར་ལྷམ་སྟེང་གི་འདམ་བག་ཡོངས་སུ་སྐམ་པས་ཁ་སྐྱུག་སྣ་སྐྱུག་བྱེད་སྲིད་པའི་དྲི་མ་ཁྱད་པར་བ་ཞིག་འཐུལ་བྱུང་། སྒྱེད་པུའི་གམ་དུ་གཉིད་མ་སད་ངང་བསྒུར་བའི་ཚོགས་མི་ཞིག་གིས་གླལ་སྒྱིང་ཞིག་བྱས་ཏེ། ཡ་ཡ། ད་ནི་ཉིན་ཞག་བསྟུད་མར་མནའ་བསྐྱལ་ན་དགོས་པ་མི་འདུག བཤད་སྒྲུབ་དར་རྒྱས་གླིང་དུ་སོང་ནས་མནའ་བསྐྱལ་ནའང་མི་ཕན་པར་མ་ཟད། སྤྲུལ་སྐུ་མཆོག་འོ་བརྒྱལ་བཟོས་པ་རང་རེད་ཟེར།

Cཡིས“གང་ལྟར་བོར་བརླག་བྱུང་ཟིན། ང་ཚོས་མནའ་བསྐྱལ་ནས་ཉི་མ་ཕུད་ཐབས་མི་འདུག ABགཉིས་ཀྱང་ཕྱིར་ཐོན་ཚོད་ལ་ཉེ་བས། དུད་ཁྱིམ་རེ་ནས་ཅིས་ཀྱང་གཡག་གཅིག་དང་ཡང་ན་དམངས་སྒོར་ལྔ་སྟོང་སྤྲད་ན་མ་གཏོགས་དངུལ་ཡོན་དེ་གསབ་ཐབས་མི་འདུག ཐེངས་འདིའི་མནའ་བསྐྱལ་བའི་མཇུག་འབྲས་ཀྱི་རྣམ་སྨིན་དེ་རང་བཞིན་གྱིས་འཁོར་ཁོ་ཐག་ཡིན”ཟེར། ཚང་མས་མ་བགྲོས་རང་མཐུན་གྱིས“མནའ་བསྐྱལ་ན་བསྐྱལ། དཀོན་མཆོག་གསུམ”ཞེས་ལྷས་འདབས་ཀྱི་ཁྱི་རྒན་རྒྱ་ཐོའི་ཟུག་སྐད་དེའང་མནན་སོང་།

ཡང་ཚོགས་མི་ཞིག་གིས་བྲང་གཞུང་དུ་ལྷུང་ལ་ཉེ་བའི་མགོ་བོ་ལ་སྲོག་གི་དབང་པོ་ཞུགས་པ་ལྟར་འཕྲལ་མར་ཡར་དགྱེ་ཞིང་། CD གཉིས་ཀྱི་གདོང་ལ་ཅེར་ནས།“ངས་ཚོས་ད་དུངABགཉིས་ལ་གསང་རྒྱ་བྱེད་པའི་མནའ་གཅིག་མི་བསྐྱལ་ལམ། གལ་ཏེ། ཁོང་གཉིས་ཀྱིས་ཤེས་ཚེས་ང་ཚོས་ཀྱང་ཁྱོད་ཤི་ང་གསོན་གྱི་ཟློས་གར་ཐེངས་གཅིག་འཁྲབ་པར་ཐེ་ཚོམ་མི་འདུག་སྙམ”ཟེར།

Cཡིས《ཞལ་འདོན་ཕྱོགས་བསྒྲིགས》དེ་རུམ་དུ་སྡུད་ཞོར་ལ“དེ་ངོ་མ་ཡིན་འདུག ད་ནི་གསང་རྒྱ་ཡི་མནའ་དེ་ཅིས་ཀྱང་བསྐྱལ་དགོས”ཟེར།

Dརང་གནས་སུ་ཡར་ལངས་ཏེ། ཤིང་སྡོང་ལྟར་སྦྲིད་པའི་རྐང་པ་དེ་མཉེད་ཕུར་གཅིག་བྱས་ཏེ།“ཡ་ཡ། དེ་གཙོ་བོ་ཡིན། ཨ་ནེ་ཟླ་སྒྲོན་ཚང་གི་ལུག་ཚེ་ཐར་ལྟར་རྒྱ་ཡན་དུ་གཏོང་ག་ལ་རུང་།……”

“… …”

“ཡ་ཡ། ཡང་བསྐྱར་མནའ་གཅིག དཀོན་མཆོག་གསུམ་པོ་མཁྱེན།”ཞེས་ལྷིང་འཇགས་ཀྱི་རྩྭ་ཐང་དང་དེའི་གཞི་བདག་ཀྱང་གཉིད་ལས་དཀྲོགས་ཤིང་། ཟླ་ཕྱེད་ལྷག་རིང་འཐིབ་པའི་སྨུག་པ་དེའང་གར་སོང་ཆ་མེད་དུ་གྱུར་སོང་། །   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།