བསླུ་བྲིད།

འདུ་འཛི་ལ་དགའ་བའི་མལ་ཁང་གི་སློབ་གྲོགས་རྣམས་རྒྱ་སྲང་ལ་བུད་སོང༌། ཤུལ་དུ་སྐར་མ་མཚོ་གཅིག་པུས་ནམ་རྒྱུན་དང་འདྲ་བར་ནན་ཏན་གྱིས་དཔེ་ཆར་ལྟ་ཞིང་མཆིས། ཁོ་མོའི་མལ་ཁྲིའི་གྱང་ངོས་སུ་ཀྲུང་དབྱང་དང་ཞིང་ཆེན་རིམ་པས་གནང་བའི་གཟེངས་རྟགས་འགའ་བཀལ་ཡོད། སྔས་མགོ་རུ་བཞག་པའི་རྒྱལ་ཡོངས་ན་གཞོན་རྩོམ་རིག་འགྲན་སྡུར་སྟེང་བླངས་པའི་ཟངས་ཀྱི་རྟགས་མ་དེ་ལ་གཟི་འོད་ཀྱི་ཉམས་ཤིག་ཤར་ཞིང་དྲན་རྟེན་གྱི་ཟོལ་དུ་བཞག་འདུག

སློབ་གྲོགས་བློ་འགྱུར་མ་གང་ནས་ཐོན་པ་མ་ཤེས། མལ་ཁྲིའི་ཐོག་ན་ཙོག་འདུག་པའི་སྐར་མ་མཚོར་བསམ་གཟས་ནས་སུན་སྣང་བཟོ་བ་དང་འདྲ་བར་ལོབས་ཕྱོགས་ཀྱིས་ཁེན་ཞོར་དུ་གཟའ་ཉི་མར་སློབ་སྦྱོང་བྱས་ན་སེམས་ལ་ཅི་ཡང་མི་འབབ་པའི་གནས་ལུགས་ལུང་བ་གང་དྲངས་ནས་བསམ་དབང་དྲན་དབང་མེད་པར་བཙན་ཚུགས་ཀྱིས་ཞབས་བྲོ་ཁང་ཞིག་ཏུ་ཁྲིད་སོང༌། ཨ་ལ་ལ། ཞབས་བྲོ་ཁང་དེ་ནི་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་རེད། ཁ་དོག་མི་འདྲ་བའི་རེས་གསལ་རེས་ཡལ་གྱི་གློག་འོད་ཀྱིས་མིག་དབང་འཕྲུལ་བར་བྱེད་ལ། སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱིས་སེམས་ཀྱི་སྣང་བ་སྐྱིད་ལ་བསྐུར། འོན་ཀྱང༌། མགྲོན་པོ་རྣམས་གླུ་གར་ལ་མི་རོལ་པར་སྐོར་དང་སྐོར་བྱས་ཏེ་ཐ་མག་གི་དུ་སྤྲིན་ཁྲོད་དུ་མཱ་ཅང་རྩེ་ཞིང༌ཨ་རག་འཐུང་བཞིན་འདུག ད་དུང་འཕྱོན་མ་ལོས་ཡིན་འདོད་པའི་བུ་མོ་ཚོར་འདོད་གཏམ་སྨྲ་ཞོར་འཐམ་འཁྱུད་བྱེད་པའི་སྐྱེས་པའང་འགའ་ཤས་འདུག ཞིབ་ཏུ་ལྟ་དུས། དེ་ཚོ་ནི་གཞན་མ་ཡིན་པར་སློབ་སྦྱོང་ལ་དགའ་བའི་རང་གི་སློབ་གྲོགས་ཏག་ཏག་རེད། ཁོ་ཚོ་དུས་ནམ་ཞིག་ལ་མི་འདི་འདྲ་ཞིག་ཏུ་གྱུར་པ་ཡིན་ནམ། རྟག་ཏུ་རྒྱ་སྲང་ལ་འཁྱམས་ནས་འགྲོ་ལོབས་སུ་སོང་བ་ཨེ་ཡིན་ནམ། ཡང་ན......། མོ་ལ་སེམས་ཚེགས་ཤིག་བྱུང་ཞིང་ཡིད་སེམས་གཏིང་ནས་ཆད་དེ་ཕྱིར་འགྲོ་གྲབས་བྱེད་སྐབས། སློབ་གྲོགས་བློ་འགྱུར་མས་མོའི་འགྲོ་ལམ་བཀག་ཅིང་འབྲུག་སྟོང་ལྡིར་འདྲའི་ཧབ་ཆ་ཞིག་བརྒྱབ་མ་ཐག ཞབས་བྲོ་ཁང་དེ་ནི་སྐྱི་གཡའ་ཞིང་ཞེ་འཇིགས་པའི་བྲག་ཁུང་ཞིག་ཏུ་གྱུར་སོང་། བྲག་རྐེད་ན་དཔལ་འབར་མང་པོ་བསྒྲོན་ཡོད་པས་ཉིན་དཀར་དང་གཉིས་སུ་མ་མཆིས། བློ་འགྱུར་མ་སྟག་མོའི་ཁ་གདངས་པ་དང་འདྲ་བའི་གར་སྟེགས་སུ་མདུང་སེ་བུད་དེ་གཟུར་རིལ་རིལ་འཁོར་དུས། གློ་བུར་དུ་མཆེ་བ་རྣོ་ཞིང་སྐྲ་ལོ་རིང་བའི་ཝ་མགོ་མི་ལུས་ཅན་གྱི་བདུད་མོ་འཇིགས་སུ་རུང་བ་ཞིག་ཏུ་གྱུར་སོང༌།མངའ་འོག་ན་སྦྲུལ་མགོ་དང་གླག་མགོ ཕག་མགོ་མི་ལུས་ཅན་གྱི་གདོན་འདྲེ་གསུམ་འདུག སྐར་མ་མཚོས་དེ་དག་མཐོང་འཕྲལ་ཤིན་ཏུ་འཇིགས་ནས་ལག་པས་མིག་ཁ་བཅད་ཅིང་མགོ་བོ་བྲག་རྡོའི་འོག་ལ་གཞའ་ཅི་ཐུབ་བྱས་ཀྱང་འཇིགས་སྐྲག་གནོན་མ་ནུས་པར་དེ་མུར་བརྒྱལ་སོང་།

བསིལ་རླུང་ཞིག་དང་བསྡོངས་ནས་སྐར་མ་མཚོའི་དྲན་པ་སོས་དུས། བྲག་ཁུང་གི་གདོན་འདྲེ་རྣམས་གར་སོང་འདིར་སོང་མ་ཤེས། སྙིང་ཆུང་ལུ་གུ་འདྲ་བོ་ད་དུང་ལྟིག་ལྟིག་ལྟིག་ལྡིང་ནས་འཇགས་མ་ཐུབ། ཁོ་མོའི་སེམས་ལ་རང་ཉིད་ཐར་སའི་ལམ་ཞིག་ལོས་ཡོད་སྙམ་བཞིན་སྐྲག་ཞོར་དུ་དལ་གྱིས་མདུན་དུ་གོམ་གང་སྤོས་པ་ན།བྲག་ངོས་སུ་ཨ་ལོང་ཞིག་མར་ལ་བསྣར་འདུག་པ་མཐོང་། ཁོ་མོས་དེར་འཇུས་ནས་འགྲོ་གྲབས་བྱེད་སྐབས།འུར་སྒྲ་དང་འགྲོགས་པའི་དུ་སྤྲིན་ཞིག་འཕྱུར་བ་དང་མཉམ་དུ་མོའི་མདུན་དུ་རྫིང་བུ་ཞིག་གསལ་ལེར་མངོན་བྱུང་།རྫིང་བུ་དེ་ནི་ངོ་མ་ཡ་མཚན་ཞིག་རེད།ནང་དུ་འདྲེ་སྲིན་རྣམས་ཀྱིས་སྔོན་ཆད་བསྒྲུབས་མྱོང་བའི་བྱ་བ་རྣམས་ཡང་བསྐྱར་འཆར་ཐུབ་པའི་ནུས་པ་ལྡན་པའམ་ཡང་ན་འདྲེ་སྲིན་གྱིས་འཕྲུལ་སྣང་ཅི་ཡིན་ཆ་མི་འཚལ་མོད། གང་ལྟར་ཝ་མགོ་མའི་གཟུགས་བརྙན་རྫིང་བུའི་ནང་དུ་ཝ་ལེར་ཤར་བྱུང༌། སྐར་མ་མཚོའི་སྐྲ་དང་བ་སྤུ་གྱེན་དུ་གཟེངས་ཤིང་ཉྭ་ཤ་འདར་སིག་སིག་བྱས། ཁོ་མོས་ཁ་རོག་གེར་གཡས་གཡོན་དུ་ཡར་ལྟ་མར་ལྟ་ཇི་ལྟར་བྱས་ཀྱང་འདྲེ་སྲིན་གྱི་གྲིབ་མ་ཙམ་ཡང་མ་མཐོང་། དགྲ་བོ་འདུལ་བྱེད་ལག་ཟུང་ཡོད་བཞིན་དུ་བག་འཁུམས་ནས་འདུག་དགོས་དོན་མེད། སྐར་མ་མཚོས་རང་གིས་རང་ལ་སྙིང་སྟོབས་ཤིག་བསྐྱེད་དེ་རྫིང་བུའི་ནང་གི་གློག་བརྙན་འདྲ་བ་དེར་མུ་མཐུད་དུ་བལྟས། ཝ་མགོ་མ་སློབ་མ་ཕལ་བ་ཞིག་ཏུ་བརྫུས་ཏེ་བརྩོན་འགྲུས་དང་རེ་ལྟོས་ཅན་གྱི་སློབ་མ་མང་པོ་གཡོ་ཟོལ་སྣ་ཚོགས་ཀྱིས་འདྲེ་ཚོགས་ནང་དུ་ཞུགས་སུ་བཅུག་པ་དང༌། ཕག་མགོ་ཅན་གྱིས་གོས་གདན་བཏིང་འདྲའི་རྩྭ་ཐང་གི་ཁོར་ཡུག་ཀུན་ཏུ་དབྱར་རྩྭ་དགུན་འབུ་རྐོ་བའི་སྐུལ་མ་གཏོང་གིན་འདུག གླག་མགོ་ཅན་གྱིས་གྲོང་དང་གྲོང་ཁྱེར་གྱི་རྒྱུ་ནོར་རྣམས་ཁྲ་གླག་གིས་རྒྱག་རྒྱག་བྱས་ཏེ་རྐུན་འཕྲོག་བྱེད་བཞིན་འདུག ཞིབ་ཏུ་ལྟ་དུས། བྲག་ཁུང་གི་ཕུགས་སུ་ད་སོ་མར་བརྐུས་ཡོང་བའི་རླངས་འཁོར་དང་། གཡུ་བྱུ་རུ།ཐང་ཀ གསེར་སྐུ། པར་ཆས། གློག་ཀླད། ད་དུང་མིང་ཡང་མི་ཐོགས་པའི་ཅ་ལག་མོད་པོ་སྤུངས་འདུག སྐར་མ་མཚོའི་སེམས་སུ་རྒྱལ་ཁྲིམས་དང་འགལ་ཏེ་ལྐོག་ཏུ་ཚོང་ལས་གཉེར་ས་འདི་མིན་ན་གང་ཡིན་སྙམ་བཞིན་མུ་མཐུད་དུ་རྫིང་བུའི་ནང་དུ་བལྟས། སྦྲུལ་མགོ་མི་ལུས་ཅན་གྱིས་སྤྱི་ཚོགས་ཐོག་སྙན་གྲགས་འབར་བཞིན་པའི་མཁས་པ་ལ་ཕྲག་དོག་གི་དུག་ཞགས་འཕངས་ཏེ་ལྔ་ལམ་དུ་རྫོང་བཞིན་འདུག ད་དུང་རྒྱུ་ནོར་གྱི་ཆེད་དུ་བུས་ཕ་གསོད་པ། སློབ་ཕྲུག་གིས་དགེ་རྒན་གསོད་པ། ས་རྩོད་ཆུ་རྩོད། བཟའ་ཟླས་བཟའ་ཟླ་སླུ་བ་སོགས་མི་དགེ་བའི་ལས་ཐམས་ཅད་ནི་འདྲེ་སྲིན་འདི་དག་གི་ངན་བསླུའི་འབྲས་བུ་ཡིན་པ་གསལ་པོར་རྟོགས་སོང་། བསམ་བཞིན་དུ་འདི་དག་ལ་གནོད་འཚེ་བཟོས་ཤིང་ཤེས་བཞིན་དུ་མི་ལས་དགུ་ལས་བྱེད་སའི་འབྱུང་ཁུངས་མ་གཞི་བྲག་ཁུང་འདིའི་ནང་གི་འདྲེ་ཚོགས་རེད་འདུག་ལ། དེང་སང་རྒྱལ་ཁྲིམས་ཧ་ཅང་དམ་ཞིང་ཚན་རྩལ་གྱི་ཚད་རིམ་མཐོན་པོར་སླེབས་ཡོད་པས། ཁྱོད་ཚོ་བྲག་ཁུང་འདིའི་ནང་དུ་བསྐོངས་ནས་འདུག་ས་ཨེ་ཡོད་བལྟ། མྱུར་དུ་ཁྲིམས་ལུགས་ཀྱི་རྒྱ་མའི་སྟེང་དུ་མ་བཞག་ན་སྙམ་བཞིན་ཞེ་སྡང་མེ་ལྕེ་ལྟ་བུ་ཞིག་ལངས་ཏེ་བྲག་རྐེད་ཀྱི་དཔལ་འབར་བླངས་ནས་འདྲེ་ཁང་མེར་སྲེག་པའི་སྟ་གོན་བྱེད་སྐབས། རླུང་འཚུབ་ཅིག་གིས་ཁོ་མོའི་ལག་གི་དཔལ་འབར་དེ་མ་ཐག་གཟིམས་ཤིང་། རྫིང་བུ་དེ་ནི་བལྟས་བལྟས་རིག་རིག་ལ་སྲ་མཁྲེགས་ཅན་གྱི་བྲག་རྡོ་ལེབ་མོ་ཞིག་ཏུ་གྱུར་ནས་རྫིང་བུའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པར་གྱུར། འདྲེ་སྲིན་མང་པོས་དེ་མུར་ཁོ་མོའི་མཐའ་རུབ་ནས་ཐོན་པ་དང་།བྲག་ཁུང་དུ་སྐད་ཅིག་ལ་འུར་སྒྲས་ཁེངས་ཏེ་ཟང་ཟིང་ལང་ལོང་དུ་བཏང་། སྤྱིར་ན་སྐར་མ་མཚོ་ནི་སྐྲག་རྒྱུ་འཇིགས་རྒྱུ་མེད་པའི་བུ་མོ་ངར་བ་ཞིག་ཡིན་ཏེ།སློབ་གྲོགས་ཕན་ཚུན་ལ་འདྲེ་བཤད་བཤད་དུས་ཀྱང་མོས “ང་དངོས་སུ་འདྲེ་ལ་ཐུག་ཀྱང་སྐྲག་པའི་ཚོར་བ་རྙེད་རྒྱུ་མ་རེད”ཟེར།ཁོ་མོ་དེ་རིང་སེམས་བདེ་ལ་འབབ་ཐབས་མེད་ཅིང་སྙིང་ཆུང་ལུ་གུ་འདྲ་བོ་ཡང་མིད་པའི་ཁར་ཡང་ཡང་འཚང་སོང་།

ཝ་མགོ་མས“ཨ་རོགས་བུ་མོ། བྲག་ཁུང་འདིའི་ནང་དུ་འབུ་གྲོག་མ་ཡིན་ཡང་ཚུར་ཡོང་སླ་ལ་ཕར་ཐར་དཀའ། གལ་ཏེ་ངའི་བཀའ་ལ་མི་ཉན་ན་མཇུག་འབྲས་འདི་ལས་མེད།”ཟེར་བཞིན་སྡེར་མོ་གཡུགས་ཐེངས་གཅིག་གིས་མི་ཞིག་གི་རྐེད་པར་འཇུས་ཤིང་། སྡེར་མོའི་བར་ནས་བཙིར་བཙིར་བས་དོན་ལྔ་སྣོད་དྲུག་ཁྲག་དང་ལྷན་དུ་ཁ་ནང་ནས་ལྷུང་སྟེ་ཤི་སོང་།

“བུ་མོ། རྒྱལ་མོའི་བཀའ་ལ་མཉན་ན། རྗེས་སུ་ཁྱོད་རང་སྐྱིད་པོ་ཡོང་ཁོ་ཐག་ཡིན། ”ཕག་མགོ་ཅན་གྱིས་ཝ་མགོ་མའི་ངོ་སོ་ལེན་ཆེད་ཁ་ཡག་ངོ་དགའ་ཞིག་བཤད་དེ་བཙན་ཚུགས་ཀྱིས་འཛུམ་ཞིག་ལངས་ནས་མུ་མཐུད་དུ།

“རྒྱལ་མོས་དེ་རིང་ཡང་དཔོན་པོ་གནད་ཅན་འགའ་མགྲོན་ལ་འབོད་རྩིས་ཡོད་པས། ཁྱོད་ཀྱིས་ཀྱང་གོ་སྐབས་བཟང་པོ་དེ་འཆོར་དུ་མ་འཇུག”ཟེར།

འདྲེ་ཚོགས་ཀྱི་དཀྱིལ་དུ་ལྷུང་བའི་སྐར་མ་མཚོ་ནི་སྤྱང་ཀིའི་མདུན་གྱི་ལུ་གུ་ལྟར་ལུས་འདར་འདར་དར་ལྕོག་གཡོ་གཡོ། ངག་འདར་འདར་འུག་པ་གྲགས་གྲགས་ཤིག་བྱེད་ཀྱིན་ཡོད་ནའང་རང་གི་ཚོད་ཀྱིས་རང་ཚུགས་ཤིག་བཟུང་སྟེ། དགྲ་བོ་འདུལ་བྱེད་ཀྱི་ནུས་མཐུ་མེད་རུང༌། སྐད་ཆ་དྲང་མོ་ཞིག་ཅིས་ཀྱང་བཤད་དགོས་སྙམ་ནས་འདི་ལྟར་བསྙད།

“བདུད་འདྲེ་ཁྱོད་ཚོས་ཞིབ་ཏུ་ཉོན། ང་གེ་སར་རྒྱལ་པོ་ལྟ་བུའི་དཔལ་རྩལ་མེད་རུང་སེང་ལྕམ་འབྲུག་མོ་འདྲ་བའི་མོ་སྒོ་ཡོད་པ་བདེན་མོད། འོན་ཀྱང་ང་ལ་མཁོ་བ་རྒྱུ་ནོར་ལོངས་སྤྱོད་མིན། ཤེས་བྱ་ཡོན་ཏན་སྦྱོང་བའི་སླད་དང་མི་ཆོས་གཙང་མའི་དྲང་བདེན་སྐྱོང་ཆེད་དུ་ངའི་ཚེ་སྲོག་རྟ་རྔ་འདྲ་བོ་འབེན་ལ་འཇོག་དགོས་རུང་འགྱོད་པ་སྤུ་ཙམ་ཡང་མེད། གཞན་ལ་བཀུར་བསྟི་དང་རོགས་རམ་གནང་རྒྱུ་ནི་ཆུང་དུས་ནས་ངའི་རྒྱུད་ལ་འབྱོར་བའི་འོས་འགན་ཡིན། དེ་ལས་ལྡོག་སྟེ་གཞན་ལ་གནོད་འཚེ་གཏོང་ཟེར་ན་རང་ལུས་འདོམ་པ་གང་པོ་གསོད་ན་གཏུབ་ན་ཁྱོད་ཚོས་ལྟོས།”ཟེར་ནས་དཔའ་མ་ཞུམ་པར་བསྡད།

སྐབས་དེར། སྟག་མོའི་ཁ་གདང་འདྲའི་སྲིད་སྟེགས་སུ་བཞུགས་པའི་ཝ་མགོ་མི་ལུས་ཅན་དེ་ཞེ་སྤོ་གཏིང་ནས་ལངས་ཏེ་མིག་ལས་མེ་སྟག་མཆེད་ཅིང་མཆེད། ཁ་ནས་འབྲུག་སྒྲ་གྲགས་ཤིང་གྲགས། མཆེ་བ་རབ་ཏུ་གཙིགས་ཏེ་ངར་སྐད་འབྲུག་སྟོང་ལྡིར་ལྡིར་བྱས། བྲག་ཁུང་ནི་དེ་མུར་ཆུ་ཁར་གཡོ་བའི་ལོ་མ་ལྟར་ཡམ་ཡོམ་དུ་འདར་བ་དང་། མངའ་འོག་གི་འདྲེ་སྲིན་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་ཝ་མགོ་མར་རླུང་གཡབ་གཡུག་པ་དང་། གསོལ་ཇ་འདྲེན་པ། ཁ་ཡག་ངོ་དགའ་སོགས་ཇི་ལྟར་བྱས་ཀྱང་ངལ་བ་འབྲས་མེད་དུ་གྱུར། ཝ་མགོ་མས་མིག་ཟུང་ཆེས་ཆེར་བགྲད་དེ་སྐར་མ་མཚོའི་གདོང་ལ་ཅེར་ཅེར་རྗེས། སྲིད་སྟེགས་འགྲམ་གྱི་མདུང་རིང་ལྕགས་ཚེར་ཅན་དེ་ལག་ཏུ་བཟུང་སྟེ། ནམ་མཁར་འཕྱར་ནས་ཤུགས་གང་ཡོད་ཀྱིས་སྐར་མ་མཚོའི་སྙིང་ཁར་དམིགས་ནས་ཤུགས་ཀྱིས་འཛེར་བ་ན།སྐར་མ་མཚོའི་སེམས་སུ་ད་ནི་འཆི་བ་ལས་འོས་མེད་པས། འདྲེ་སྲིན་འདི་དག་གི་བྲན་དུ་ཚུད་པ་ལས་འཆི་ཡང་བློ་འགྱོད་སྤུ་ཙམ་མེད་སྙམ་ནས་ཨམ་གཙིགས་བསྡམས་ཏེ། འདྲེ་སྲིན་ཕམ་པར་རྒྱོབས་ཞེས་ངག་ལས་སྐད་ཆེན་པོ་ཞིག་ཤོར་བ་དང་ལྷན་དུ་མོ་གཉིད་ལས་སད་བྱུང་། ཅི་ཡིན་མ་ཤེས་མོད་མོའི་ཁ་གཏད་ཀྱི་སློབ་གྲོགས་བློ་འགྱུར་མས་ཨག་ཤེད་ཅིག་བྱས་ཏེ་མལ་ཁྲིའི་སྒང་ནས་སར་ལྷུང་སོང་། སྐར་མ་མཚོའི་ཨག་སྐད་དང་བློ་འགྱུར་མ་སར་ལྷུང་བའི་ལྟིག་སྒྲས་སློབ་གྲོགས་རྣམས་འཇིགས་ཡེར་སེ་བཏང་། སྐར་མ་མཚོ་འཕྲལ་མར་ཙོག་ནས་ཞིབ་ཏུ་ལྟ་དུས་སློབ་གྲོགས་ཚོས་ཁོ་མོ་རུབ་འདུག ཁོ་མོས་ད་གཟོད་རང་ཉིད་མལ་ཁང་དུ་ཡོད་པ་དང་རྨི་ལམ་འཇིགས་པོ་ཞིག་རྨིས་པ་གཞི་ནས་རྟོགས་ཤིང༌། མཚར་སྣང་དང་བཅས་སློབ་གྲོགས་བློ་འགྱུར་མའི་ཕྱོགས་སུ་བལྟས་པ་ན། མོ་ཤིན་ཏུ་ངོ་ནོངས་ཤིང་ཞེད་སྣང་སྐྱེ་བཞིན་འདུག

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།