ཀྲུང་གོ་བོད་ཀྱི་དྲ་བ།

ཡག་ལོ་ཤི་སོང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཚེ་རིང་བཀྲ་ཤིས།   སྤེལ་དུས། : 2019-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

ཨ་ཁུ་ཡག་ལོ་གཉིད་ལས་སད་དུས་ཕྱི་དྲོར་སླེབས་འདུག ཁོའི་ཁ་ངོ་ཧྲིལ་པོ་སྐྲངས་ཤིང་ཁྲག་ཐིག་ལྷུང་སྟེ་གྲོད་པུ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་མིག་གཉིས་ཆེས་ཆེར་འབྱེད་མ་ཐུབ། དེར་མ་ཟད་རོ་སྟོད་ཧྲིལ་པོ་ཟུག་གཟེར་གྱིས་བརྣད་འདུག་པར་མ་ཟད་གདོང་དབྱིབས་ཀྱང་འགྱུར་འདུག བལྟས་འོང་ན་མདང་ནུབ་ཡང་ཁོས་ནང་མ་ཁང་ནས་རིག་རིག་ཐུག་ཐུག་ལ“ཝེ། རིག་གནས་ཡོད་དམ”ཞེས་གསེག་འདྲི་བྱས་པས་ད་གཟོད་རྡུང་བཅོམ་དེ་ཉོས་པ་ཡིན་སྲིད། ནམ་རྒྱུན་ཨ་ཁུ་ཡག་ལོས་མཐོངས་དོག་པོའི་ཁང་མིག་ཆུང་ཆུང་དེ་ལས་རྐང་མཛུབ་ཆེན་པོ་དག་གི་སྲུབ་ཀར་འཕྲོས་པའི་ཉི་འོད་ལས་བདེ་སྣང་ཏོག་ཙམ་རེག་གིན་ཡོད་མོད་དེ་རིང་དྲོད་འཇམ་གྱི་ཉི་འོད་དེ་ཡང་སྡུག་བསྔལ་འབའ་ཞིག་ཏུ་སྣང་། ཁོས་གླང་རྫི་ལྭ་བའི་རྐང་སྣམ་གྱི་ཨམ་ཕྲག་ཕྱི་སློག་ནང་སློག་ཐེངས་འགར་བྱས་ཀྱང་ཐ་མག་རྐང་གཅིག་ཀྱང་མ་རྙེད་པས། ཤུགས་རིང་ཞིག་འཐེན་རྗེས་ཕྱིར་མལ་སའི་ནང་ཉལ་ཏེ་ཁང་པའི་གནམ་གཅལ་ལ་ཧྲིག་ནས་བསྡད། ཨར་འདམ་གྱི་གནམ་གཅལ་ངོས་སུ་ཅི་ཡང་མེད་པ་བཞིན་ཁོའི་ཀླད་པའི་ནང་ཧྲིལ་པོ་ཡང་སྟོང་སིང་ངེར་འདུག ཁོས་མཉམ་ཞིག་བཞག་ཚེ། རང་ཉིད་ཀྱི་རྣམ་རིག་གློག་འོད་འཁྱུག་པ་བཞིན་ཨ་རབ་རྒྱལ་ཁབ་ཀྱི་གཡུལ་སའི་སྐྱོ་གར་དང་། ཨ་རིའི་འཛམ་གླིང་ལྟེ་གནས་ཀྱི་ནེའུ་ཡོག་གྲོང་ཁྱེར། ཨ་ཧྥེ་རུ་ཁའི་ནགས་ཚལ་སྤྱི་གླིང་། རྒྱལ་ནང་གི་འདུ་འཛིའི་གྲོང་ཁྱེར། ཕ་ཡུལ་གྱི་གངས་རི་དང་རྩྭ་ཐང་བཅས་སུ་ཡུག་ཡུག་ཏུ་འཁྱར་གྱིན་འདུག

ཨ་ཁུ་ཡག་ལོའི་སྔས་འགྲམ་གྱི་རྐུབ་སྟེགས་ཟད་པོའི་སྟེང་ཅོང་རྡོག་སྐམ་པོ་གཉིས་དང་སྦི་རག་འཐུང་འཕྲོ་འགའ་ལས་གཞན། 《མདོ་མཛངས་བླུན》དང་སུའོ་ལུའོ་ཡིས་བརྩམས་པའི《ཝར་ཏུམ་མཚེའུ》 དེ་མིན་བོད་རྒྱ་དབྱིན་གསུམ་གྱི་རྩོམ་རིག་གི་དུས་དེབ་རེ་འགའ་ཡང་ཉལ་ཁྲིའི་གཡས་གཡོན་གཉིས་ལ་གང་སར་བདལ་འདུག གོ་ཐོས་ལྟར་ན། ཨ་ཁུ་ཡག་ལོ་ཚང་ནི་སྐུ་དྲག་གི་ཁྱིམ་རྒྱུད་ཅིག་ཡིན་ལ་ཕ་མ་གཉིས་རིག་གསར་གྱི་འཐབ་རྩོད་ཁྲོད་འདས་གྲོངས་སུ་གྱུར་པས།ཁོ་རང་བྱིས་དུས་ནས་དྭ་ཕྲུག་ཏུ་གྱུར་སྐད། ཁོའི་ཨ་ཞང་ཐུབ་བསྟན་ནི་རིག་གསར་སྐབས་བཙན་གྱིས་སྐྱ་སར་ཕབས་པའི་དགོན་པ་ཆུང་ཆུང་ཞིག་གི་དགེ་བཤེས་ཡིན་པས། ཁོང་གི་སྙོར་སྐྱོང་འོག་ཨ་ཁུ་ཡག་ལོ་རིམ་བཞིན་སློབ་ཆུང་ནས་སློབ་འབྲིང་དང་། དེ་ནས་རིམ་པར་སློབ་ཆེན་འགྲིམས་པའི་སྐལ་བ་ལྡན་པ་རེད། འོན་ཀྱང་། ཁོ་རང་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་ལོ་དེར་ཨ་ཞང་ཐུབ་བསྟན་ཡང་དབུས་ལམ་ནས་ཚེ་ལས་འདས་པ་རེད་ཟེར།

ཨ་ཁུ་ཡག་ལོར་གྲོང་ཁྱེར་ཆེན་པོ་འདིར་ཤ་རུས་ཁྲག་རྒྱུད་གཅིག་པའི་གཉེན་མི་ཕར་ཞོག་ཐ་ན་ཆུང་མ་ཞིག་ཀྱང་མེད། ཁོ་རང་ལས་བྱེད་པར་གྱུར་ནས་ལོ་ངོ་ཉི་ཤུ་ལྷག་འདས་པའི་རིང་ལ་སྔ་ཕྱིར་སྐྱེ་གཟུགས་དང་ན་ཚོད་མི་འདྲ་བའི་ཆུང་མ་བདུན་བླངས་མོད། གར་འོང་མི་ཤེས་པའི་སྐྱེས་མ་དེ་དག་གིས་བསམ་གཟས་ནས་ཇུས་འགོད་བྱས་པ་བཞིན་ཁོའི་ཁ་རྒྱབ་གཉིས་ཀ་བག་མེད་དུ་ལོངས་སྤྱོད་བྱས་རྗེས་མི་རིག་ཞྭ་མོ་གྱོན་ནས་གར་སོང་འདིར་སོང་གི་རྗེས་ཤུལ་མ་བསྐྱུར་བ་དེ་རེད། དེ་བས་གྲོང་ཁྱེར་འདིའི་བོད་རིགས་ལས་བྱེད་པ་ཕལ་ཆེ་བས་ཁོ་ལ“མི་རྐྱང་ཡག་ལོ”ཞེས་འབོད་པ་ལས“ཡག་ལོ”ཞེས་གཏན་ནས་མི་འབོད་ཅིང་།དོན་དུ་ཡག་ལོ་ཞེས་བོས་ཚེ་འབོད་མཁན་རང་ལའང་ཏན་ཏན་དོགས་མི་བདེ་བའི་ཚོར་སྣང་ཞིག་སྐྱེས་བཞིན་ཡོད། ཨ་ཁུ་ཡག་ལོ་གློ་བུར་དུ་ཤི་བའི་གཏམ་ངན་དེ་ཐོས་འཕྲལ།ང་ཚོ་གྲོགས་པོ་འགའ་དེ་མ་ཐག་ཁོའི་ཁྱིམ་དུ་ཕྱིན་པ་ན་ཁོ་རང་དངོས་གནས་ཤི་འདུག ད་དུང་གྲུ་ཁུག་ལ་ཆང་དམ་སྟོང་བ་ཞིག་པང་ནས་ཤི་འདུག

ཨ་ཁུ་ཡག་ལོ་ཤི་ནས་ལོ་ངོ་བཅུ་ཕྲག་ལྷག་འདས་ཟིན། ཁོ་མ་ཤི་བའི་སྔ་རོལ་དུ་གྲོང་ཁྱེར་པ་དག་གིས་ཨ་ཁུ་ཡག་ལོར་གྲོང་ཁྱེར་འདི་དང་འབྲེལ་མེད་དོན་གཞན་གྱི་རྣམ་འགྱུར་སྟོན་བཞིན་ཡོད་ནའང་། ཨ་ཁུ་ཡག་ལོ་ཤི་ཟིན་པའི་གཏམ་ངན་དེར་བདེན་པ་ར་འཕྲོད་བྱུང་རྗེས། རིམ་བཞིན་འདས་པོ་ཡག་ལོའི་སྐོར་ལ་ཕྲེང་བསྟར་གསར་འགྱུར་སྤེལ་མཁན་གྲོང་ཁྱེར་འདིའི་ག་ས་གང་དུ་ཚ་ཚ་འུར་འུར་གྱིས་ཁྱབ་ཡོད། ཨ་ཁུ་ཡག་ལོ་དང་ངེད་གཉིས་ལས་ཁུངས་གཅིག་གི་མི་ཡིན། ངེད་གཉིས་ཐོག་མར་ངོ་ཤེས་དུས་ཁོས་ང་ལ་བཞག་པའི་བག་ཆགས་ཟབ་མོ་ནི་ཕྱིའི་ཆ་བྱད་གཞི་རིམ་ནས་འོང་བའི་ཞིང་པ་ཞིག་དང་འདྲ་ལ།ང་རྒྱལ་དང་ཆང་སྐྱོན་གྱིས་རབ་ཏུ་ཕྱུག་པའི་མི་རྩུབ་མོ་སྐད་གྲགས་ཅན་ཞིག་ཡིན་པ་དེ་རེད། དེ་བས་གྲོང་ཁྱེར་འདིར་ཁོ་ལ་གྲོགས་པོ་རེ་གཉིས་ལས་མེད་ཅིང་། ངོ་མ་བཤད་ན། དོན་དུ་སུ་ཞིག་ནི་རང་ཉིད་ཀྱི་གྲོགས་པོ་ཡིན་པ་ཨ་ཁུ་ཡག་ལོ་འཆི་ཁར་ཡང་རྟོགས་མེད་སྙམ། དེ་དུས་ཟི་ལིང་གྲོང་ཁྱེར་དུ“གངས་རིའི་ནང་མ་ཁང་།”དང“ཇོ་མོ་གླང་མ་ནང་མ་ཁང་།” “དུང་དཀར་ནང་མ་ཁང་།”སོགས་བོད་ཀྱི་ནང་མ་ཁང་རེ་འགའ་ལས་མེད་མོད། ཞིང་འབྲོག་ལུང་པ་ནས་ཐོན་པའི་གཞོན་ནུ་ཕོ་མོ་དག་གི་རོལ་རྩེད་ཀྱི་ཚོར་བ་ནི་ས་བཀད་གནམ་འགས་ལྟ་བུ་ཞིག་ཡིན་ཏེ། སྐབས་རེར། གྲོང་ཁྱེར་ཧྲིལ་པོའི་བོད་ཀྱི་ལས་ཁུངས་ཀྱི་ལས་བྱེད་གཞོན་ནུ་ཕོ་མོ་ཕལ་ཆེར་ནང་མ་ཁང་གཅིག་ལ་འཛོམས་སྐལ་ཡང་ཡོད། སྐབས་དེར་ཨ་ཁུ་ཡག་ལོས་ཀྱང་ང་ཚོ་སྡོད་སའི་གྲོང་ཁྱེར་མཐའ་ཁུལ་གྱི་དབྱང་ཅཱ་སྡེ་བར་ཁང་པ་ཞིག་གླས་ནས་བསྡད་ཡོད་ཅིང་ཁོས་སྡེ་བ་དེར“གཡུ་ལུང་སྡེ་བ”ཞེས་པའི་བོད་མིང་སྙན་པོ་ཞིག་ཀྱང་བཏགས་ཡོད། དེ་དུས་ལས་བྱེད་རྒན་རབས་ཚོའི་ཁྲོད་དུ་ན་གཞོན་ཚོའི་སྡོད་སར་ལྦུ་ཆང་ཐག་སྐོར་འགའ་རེ་ཉོས་ཏེ་སྒོ་ཉུལ་བྱེད་པ་དང་དངོས་སུ་ཁྱིམ་ལ་བོས་ནས་ཤ་འཚོད་མཁན་ཨ་ཁུ་ཡག་ལོ་གཅིག་པུ་ལས་མེད། ཨ་ཁུ་ཡག་ལོའི་མི་གཤིས་ཀྱི་གཉོམ་སོ་ཉག་ཅིག་ནི་གཞན་གྱི་བསླུ་བྲིད་འོག་ཚུད་སླ་བ་དེ་ཡིན། དེ་བས་སྒོར་མོའི་དཀའ་ཁག་བྱུང་ཐེངས་རེར། ང་ཚོ་ཨ་ཁུ་ཡག་ལོའི་གམ་དུ་ཕྱིན་ནས“ཨ་ཁུ་ཡག་ལོ་ཇིང་གུར་རྒྱལ་པོ་དང་གཉིས་སུ་མེད” “ཨ་ཁུ་ཡག་ལོའི་སྐྲ་འཇོག་སྟངས་སོག་པོའི་གླུ་བ་གྲགས་ཅན་ཐང་དཀར་དང་འདྲ”ཞེས་ཁ་ཡག་ངོ་བསྟོད་འཐེན་རྗེས་ཁོའི་ལག་ནས་ནང་མ་ཁང་ལ་འགྲོ་སྤྱད་ཀྱི་དངུལ་རྡོག་ཁ་ཤས་རེག་བཞིན་ཡོད། ཨ་ཁུ་ཡག་ལོ་ཇིང་གུར་རྒྱལ་པོ་ལ་ཤིན་ཏུ་དགའ་བས་ཚོར་བ་ཤིན་ཏུ་རྣོ་བའི་སྐབས་སུ་ཁོས་ནང་མ་ཁང་གི་གར་སྟེགས་སྟེང་སོག་པོའི་གླུ་བ་གྲགས་ཅན་ཐང་དཀར་གྱིས་བླངས་པའི《ལྷ་ཡུལ》ཞེས་པའི་གཞས་དེ་གཏོང་ལ། སྐབས་རེར། 《པཎ་ཆེན་མཇལ་བ་རྨིས་སོང》ཞེས་པའི་གཞས་དེ་བཏང་ནས་པུས་མོ་ས་ལ་འཛུགས་ངེས།

2

“ངའི་ཨ་ཞང་ཡག་ལོའི་བཤད་པའི་ཉིན་དཀར་རྒྱུ་བའི་རིག་གསར་གྱི་འདྲེ་དེ་དག་ད་ལྟ་གྲོང་ཁྱེར་འདིར་གནས་སྤོར་བྱས་འདུག་པ་འདྲ། གྲོང་ཁྱེར་འདིའི་མཚན་མོ་དུར་ཁྲོད་ཅིག་དང་མི་འདྲའམ། གློག་སྒྲོན་གཟིམས་པའི་དྲ་མིག་གན་དག་ལ་ལྟོས་དང་ཅི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་། སྔོན་ཆད་དུར་ཁྲོད་ལ་བྱ་འབབ་མོད་དེང་སང་དུར་ཁྲོད་ལ་འདྲེ་བབས་འདུག”ངས་ཨ་ཁུ་ཡག་ལོའི་རྒྱབ་ནས་སྐྱོར་བཞིན་ཇོ་མོ་གླང་མ་ནང་མ་ཁང་ནས་ཕྱིར་ཐོན་དུས་མཚན་སྨད་ལ་སླེབས་འདུག གློག་འོད་ཁྲ་ཆིལ་དགུ་ཆིལ་གྱི་སྲང་ལམ་ཞིག་ཏུ་ཐོན་པ་ན་ཁོས་གློ་བུར་དུ་རྐང་སྣམ་སྒྱིད་ཁུག་ཏུ་འཕངས་པ་དང་གཅིན་པ་གཏོང་ཞོར་དེ་ལྟར་བཤད་མ་ཐག ངས་དང་ཐོག་ཁོའི་གབ་ཚིག་ཅིག་དང་འདྲ་བའི་སྐད་ཆ་དེའི་ཧ་མ་གོ་བ་དང་།རིམ་གྱིས་ཨ་ཁུ་ཡག་ལོས་སྐད་གྲགས་ཆོད་པོའི་གྲུབ་རྟགས་ཤིག་སྟོན་རྒྱུ་རེད་སྙམ་ནས་སེམས་བློང་བློང་པོར་གྱུར། ཁོས་ཁ་ལུད་ཆེན་པོ་ཞིག་སར་འཕངས་རྗེས།“མ་རེད། ཐམས་ཅད་འདྲེ་ག་ལ་ཡིན། ལྷ་དང་ལྷ་མོའང་ཡོད་སྲིད།”

“ཨ་ཁུ་ཡག་ལོ། འོ་ན། ལྷ་དང་ལྷ་མོ་ཟེར་བ་དེ་སུ་ཞིག་ཡིན”ཨ་ཁུ་ཡག་ལོའི་ཆང་སྐྱོན་ལ་གཡོལ་ཆེད་ངས་བསམ་གཟས་ནས་ཁོ་ལ་བསྟུན་ཐབས་ཀྱིས་དེ་ལྟར་དྲིས་པ་ན།ཁོས་མིག་ཟུང་བཙུམས་ནས་ཡུན་རིང་བསྡད་རྗེས།“གཡུ་མཚོ་སྒྲོལ་མ་ལྷ་མོ་ཞིག་ཡིན། གཡུ་མཚོ་སྒྲོལ་མ་ནི་སྐྱེས་ཕོ་སུས་ཀྱང་རེག་མ་ཐུབ་པའི་མེ་ཏོག་ནང་གི་མེ་ཏོག་ཅིག་ཡིན་པར་མ་ཟད་ངེད་གཉིས་ཆེས་ཐོག་མར་འཕྲད་དུས་མོ་ད་དུང་སློབ་ཆེན་གྱི་སློབ་མ་ཡིན། ན་ཚོད་ཀྱི་ཆ་ནས་ངེད་གཉིས་ཕ་བུ་བྱས་ན་འགྲིག་ཀྱང་། ཕྱིར་འདང་ཞིག་བརྒྱབ་ན། མཚན་མོ་དེར་ང་རང་གློག་བརྙན་ནང་གི་འདྲེ་དམག་དེ་ཚོ་དང་གཉིས་སུ་མེད་དེ། བཀྲེས་ལྟོགས་ཀྱིས་མནར་བའི་སྤྱང་ཀི་ཞིག་གི་ཁ་ལ་གཡང་མོ་ལུག་ཤོར་བ་བཞིན། ངས་ཨ་རག་གི་བཟི་སྟོབས་ལ་བརྟེན་ནས་མོ་གཅེར་བར་ཕུད་པ་དང་།གཡུ་མཚོ་སྒྲོལ་མའི་རབ་ཏུ་རྒྱས་ཤིང་མཁྲེགས་པའི་དྭངས་གཙང་གི་ལང་ཚོ་ལས་དཔག་ཏུ་མེད་པའི་བདེ་བ་མྱོང་དུས། ཨ་ཙི། ཁོ་མོའི་ཐོ་རངས་སྐར་ཆེན་ལྟ་བུའི་མིག་ཟུང་གི་མཐའ་ལ་ཞོགས་ཟིལ་ལྟ་བུའི་མིག་ཆུ་གཉིས་ལྷུང་འདུག གཡུ་མཚོ་སྒྲོལ་མའི་ཞི་དུལ་དང་སྨྲ་བ་དབེན་པའི་མིག་ཆུ་ཤམ་ཤམ་གྱི་མཛེས་པ་དེ་ངས་ད་དུང་ཡང་བརྗེད་མི་ཐུབ། གཡུ་མཚོ་སྒྲོལ་མ་ལྷ་མོ་མིན་ན་ཅི་ཡིན། ”

“དེས་ན་ངེད་གཉིས་ལམ་སེང་གཡུ་མཚོ་སྒྲོལ་མ་འཚོལ་དུ་སོང་ན་འགྲིག་ཨང་།”ཨ་ཁུ་ཡག་ལོའི་ཆང་སྐྱོན་ལ་ཅི་ནས་ཀྱང་གཡོལ་ཆེད་ངས་ཁོ་རང་གཡུ་མཚོ་སྒྲོལ་མ་ཞེས་པའི་བུ་མོ་དེའི་གམ་དུ་བསྐྱལ་བསམས་ཀྱང་། ཁོས་ཤུགས་རིང་ཞིག་འཐེན་རྗེས་གློ་བུར་དུ་ས་ལ་ཙོག་པ་དང་ཐ་མག་རྐང་གཅིག་ལ་མེ་བསྒྲོན་ནས་མཚན་མོའི་མཁའ་དབྱིངས་སུ་ལྟ་ཞོར།“གོ་ཐོས་སུ། མོ་ད་ལྟ་རྒྱང་ཐག་རིང་བའི་དབུས་གཙང་གི་ལུང་པ་ཞིག་ན་དགེ་རྒན་བྱས་འདུག ད་དུང་ཡང་མོ་ཧྲེང་དུ་བསྡད་ཡོད”ཟེར། རིམ་གྱིས་ཨ་ཁུ་ཡག་ལོའི་རྐང་ལག་གི་ཚིགས་མདུད་རབ་ཏུ་ལྷོད་ཅིང་སྐད་གདངས་ཀྱང་ཇེ་གཉོམ་དུ་གྱུར་པ་ནི་ཁོའི་ནམ་རྒྱུན་གྱི་གཤིས་ཀ་དང་ཤིན་ཏུ་མི་འཕྲོད་པ་ཞིག་དང་འདྲ་མོད། དུས་དེ་ནས་བཟུང་། ཨ་ཁུ་ཡག་ལོའི་ཆང་སྐྱོན་གྱི་ནད་རྙིང་འཕར་ཐེངས་རེར་ང་ཚོས་བསམ་གཟས་ནས་གླེང་གཞི་གཡུ་མཚོ་སྒྲོལ་མའི་སྟེར་དུ་བསྒྱུར་ཅིང་། ཁོས་རང་དབང་མེད་པར་སྐྱོ་ཤས་འདྲེས་མའི་ཁོང་དགོད་ཅིག་བྱེད་བཞིན“སྐྱག་ཕྲུག་ཚོ། སྐད་ཆ་མང་པོ་མ་ལབ། ཆང་འཐུང་ཐུབ་ན་ཆང་ཐུངས”ཞེས་སྐད་ཅིག་དེ་ཉིད་ལ་རང་ཉིད་བག་མེད་དུ་གཏོང་བ་ལས་ཆང་སྐྱོན་ཕུད་རྒྱུའི་གོ་སྐབས་རྩ་བ་ནས་མེད།

ཟླ་ཕྱེད་འདས་རྗེས་ཀྱི་སྣུམ་ཤིག་ཤིག་གི་དབྱར་ཟླ་དྲུག་པ་ནི་ལོ་རེར་ཐེངས་རེ་འཚོག་བཞིན་པའི་གནའ་མཁར་ཟི་ལིང་གི་བོད་ཚོགས་ཡིན། ཉིན་དེར་གྲོང་ཁྱེར་དེའི་བོད་རིགས་སྤུན་ཟླ་ཚང་མ་ལྷན་འཛོམས་ཀྱི་གླིང་ག་གཏོང་བའི་ལོ་གཅིག་གི་དུས་སྟོན་ཆེན་པོ་ཉག་གཅིག་ཀྱང་ཡིན། མགོ་ཁྲིད་ཀྱི་བཀོད་སྒྲིག་ལྟར། ང་ཚོ་གསར་བུ་ཚོས་ཞོགས་པ་སྔ་མོ་ནས་ནུབ་ཁུལ་སྤྱི་གླིང་དུ་སྦྲ་གུར་ཕུབ་ནས་གསོལ་སྟོན་གཤོམ་བཞིན་པའི་སྒང་དེར། བསམ་ཡུལ་ལས་འདས་པ་ཞིག་ལ་ཨ་ཁུ་ཡག་ལོས་ཉི་རྩེ་རི་ལ་བརྒྱབ་པ་དང་ལྷན་དུ་ཐེར་མའི་རས་ལ་གསར་པ་ཞིག་གྱོན་ནས་སླེབས་བྱུང་། ཨ་ཁུ་ཡག་ལོ་དང་ང་ཚོ་ལོ་ངོ་གསུམ་ལ་འགྲོགས་ནས་བསྡད་ཀྱང་ཁོ་ནི་ཤན་པ་ངོ་ལུག་ལྟ་བུའི་གསར་ཡག་སྟོབས་ཅན་ཞིག་ཡོད་པ་དེ་རིང་མ་རྟོགས་ཚོར་མ་བྱུང་། ཉི་འོད་འཕྲོས་ཕྱོགས་ཀྱིས་ཐེར་མའི་འོག་ལ་གྱོན་པའི་ནང་གོས་དཀར་པོའི་སྟེང་གི་རི་མོ་དག་འོད་འཚེར་འཚེར་བྱེད་ཅིང་།གསར་དུ་ཉོས་པའི་རྒྱ་གར་ལི་མོ་དང་ཀོ་བའི་འཇུར་རྟ་ཡུ་རིང་གཉིས་ཀྱིས་ཁོའི་གྲུང་ཤ་དོད་པོའི་ཕོ་སྒོ་ལ་དེ་བས་ཀྱང་མཛེས་ཆ་གསར་པ་ཞིག་བསྣན་འདུག ང་ཚོས་ཐེ་ཚོམ་གྱི་ངང་ནས་ཕན་ཚུན་གྱི་གདོང་ལ་ལྟ་བཞིན་ཕོ་ལོ་ཉི་ཤུའི་ནང་གི་མག་གསར་ཞིག་དང་གཉིས་སུ་མེད་པའི་ཨ་ཁུ་ཡག་ལོའི་སྔར་མེད་ཀྱི་སྣང་བརྙན་གསར་པ་དེར་ཧྲིག་ནས་བསྡད།

“ཨ་ཁུ་ཡག་ལོ་སྐུ་དྲག་གི་རིགས་རྒྱུད་ཡིན་ཟེར་བ་བདེན་སྲིད།”

“རིགས་རྒྱུད་མཐོན་པོའི་མི་དེ་ག་དུས་ཀྱང་གཞན་དང་མི་འདྲ་བ་ཞིག་མ་ཡིན་ནམ”ལས་གྲོགས་རིག་འཛིན་དང་རྡོར་བྷ་གཉིས་ཀྱིས་ལས་ཀ་བསྐྱུར་ནས་ཨ་ཁུ་ཡག་ལོའི་ཕོ་སྒོ་དང་རྔམ་ཟིལ་ལ་ཧང་སངས་ནས་དེ་ལྟར་ལབ་པ་ན་ལྕགས་བྱམས་ཀྱིས་ཀྱང་དེར་མཐུད་ནས“གོ་ཐོས་ལྟར་ན། ཨ་ཁུ་ཡག་ལོ་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་རང་རེའི་ལས་ཁུངས་འདིར་སླེབས་མ་ཐག ཁོའི་དར་ལ་བབས་པའི་ལང་ཚོ་དང་རིག་གནས་ཡོན་ཏན་གྱིས་གནའ་མཁར་ཟི་ལིང་གི་སྐྱེས་མ་ཚོར་འགྲམ་ཆུ་ལྡང་དུ་བཅུག་པ་དང་།སྐྱེས་པ་ཚོར་ཕྲག་དོག་གི་རླུང་ལངས་སུ་བཅུག་མྱོང་ཟེར། ཡང་གོ་ཐོས་ལྟར་ན........ ”

“སུན་པོ་མ་བཟོ་དང་ཁྱེད་ལ་གོ་ཐོས་ལས་གཞན་ལབ་རྒྱུ་མེད་དམ”ངས་ཅོག་ཙེ་སྟེང་དུ་ཟས་རིགས་ཀྱི་སྡེར་ཁ་གཤོམ་གྱིན་ལྕགས་བྱམས་ལ་དེ་ལྟར་ལབ་པར་ཁོས་ཅུང་མ་རངས་པའི་སྒོ་ནས “གྲོང་ཁྱེར་འདིའི་ནང་གི་མི་རྣམས་ལ་ཨ་ཁུ་ཡག་ལོའི་ཐད་མ་གཞི་ནས་ལོ་རྒྱུས་གསལ་པོ་ཞིག་འཆད་རྒྱུ་མེད་པ་ཁྱེད་ཀྱིས་མི་ཤེས་སམ། ཚང་མས་ཨ་ཁུ་ཡག་ལོའི་ཆང་སྐྱོན་ཁོ་ན་མ་གཏོགས་ཅི་ཞིག་རྟོགས”ཞེས་ཟེར། དེ་ཡང་བདེན་ཏེ། ང་ཚོ་གཞོན་རབས་དག་གྲོང་ཁྱེར་འདིར་འོང་ནས་མི་ལོ་ཁ་ཤས་འདས་ཀྱང་མི་རྒན་ཆེ་ཆེ་དྲག་དྲག་ཐམས་ཅད་ཀྱིས་ཨ་ཁུ་ཡག་ལོ་མི་རྐྱང་ཆང་རྐྱལ་ཞིག་ཡིན་པ་མ་གཏོགས་ཁོའི་ལེགས་ཆ་ཉག་ཙམ་ཡང་གླེང་མ་མྱོང་། ནང་སྒོས་སུ་ཁོ་དང་ན་མཉམ་གྱི་གསར་བུ་དེ་ཚོས་རྣམ་ཀུན་ཨ་ཁུ་ཡག་ལོའི་སྐོར་གྱི་གནས་ཚུལ་ངན་པ་ཞིག་ཨེ་གོ་ལ་རྣ་ཅོག་ཅོར་ཅོར་བྱེད་ཅིང་། གལ་ཏེ་ཨ་ཁུ་ཡག་ལོར་གྲག་འགུལ་ཅི་ཡང་མ་བྱུང་ཚེ་ཉིན་གཅིག་གི་དུས་ཚོད་ཇི་ལྟར་བསྐྱལ་དགོས་མིན་ཡང་མི་ཤེས་པའི་ཚད་དུ་སླེབས་ཡོད།

3

“དྲུག་པའི་ཚེས་པ་བཞི་ལ། ། བསང་ཞིག་གཏོང་བར་ཕྱིན་པས། ། དབུ་རྩེའི་སྨུག་པའི་དཀྱིལ་ནས། ། ཆོས་གྲོགས་རྙིང་བ་མཇལ་བྱུང་། །”ཨ་ཁུ་ཡག་ལོས་སྐྱིད་སྣང་གི་སྣ་གླུ་ཐན་ཐུན་ཞིག་ལེན་ཞོར་སྦྲ་གུར་ནང་དུ་འཛུལ་བྱུང་། ཁོས་སྐད་གསང་མཐོན་པོས་ང་ཚོར་ཁམས་འདྲི་ཞིག་བྱས་རྗེས་བྱིས་པ་ཞིག་དང་འདྲ་བར་མགྲོན་པོ་གལ་ཆེན་གྱི་འདུག་སྟེགས་སུ་བསྡད་དེ་ད་ལྟའི་བར་དེ་རིང་ལྟ་བུ་ཞིག་སྐྱིད་མ་མྱོང་ཟེར། རབ་ཏུ་གསལ་བའི་ཉི་འོད་དྭངས་མོ་ག་ལེར་རི་གསུམ་རྩེ་ནས་སྤྱི་གླིང་ཡོངས་སུ་འཕྲོས་པ་དང་ལྷན་དུ་ལས་གྲོགས་གཞན་དག་ཀྱང་གཞི་ནས་གཅིག་འཕྲོ་གཅིག་ལ་སླེབས་བྱུང་། ལས་གྲོགས་ཚང་མ་ལྷན་དུ་གསོལ་སྟོན་ལ་རོལ་ནས་རེ་ཞིག་འདས་པ་ན་ཨ་ཁུ་ཡག་ལོ་ཅུང་བཟི་བཞིན་པ་འདྲ་བས།ང་ཚོས་ཁོར་གསང་བའི་ཉེན་བརྡ་ཞིག་བཏང་བ་ན་ཁོས་མགོ་ཡི་རྒྱ་གར་ལི་མོ་ཁམ་ནག་ལ་རེག་ཙམ་བྱས་རྗེས་མུ་མཐུད་དུ་ཆང་འཐུང་། སྦྲ་གུར་ཧྲིལ་བོ་ཨ་ཁུ་ཡག་ལོའི་མཚར་གཏམ་གྱི་དགོད་སྒྲས་ཁྱབ་པ་ན་ལས་ཁུངས་གཞན་གྱི་ལས་བྱེད་པ་ཚོས་ཀྱང་སྦྲ་གུར་ནང་རོལ་ནས་ང་ཚོའི་ཕྱོགས་སུ་མཚར་འདུག ཨ་ཁུ་ཡག་ལོའི་སྣེ་ཁྲིད་བཀོད་སྒྲིག་འོག ང་ཚོས་ལས་གྲོགས་རྒན་པ་ཚོར་གླུ་གཞས་མཉམ་ལེན་བྱེད་བཞིན་བཀྲ་ཤིས་སྨོན་ལམ་གྱི་ཆང་སྐལ་བཞག་པ་དང་མཉམ་སྤྲོ་མཉམ་དགའི་ཀློང་ནས་ཕྱི་དྲོར་སླེབས་པ་ན་ཨ་ཁུ་ཡག་ལོ་གཞི་ནས་བཟི་འདུག་པ་ཁོས་ཁ་ལུད་གང་སར་འཕེན་པའི་བཟོ་ལྟ་ལས་རྟོགས་ཐུབ། ཁོས་ང་ཚོར་སྦྲ་གུར་ནང་རོལ་གྱི་ཚ་སྨུག་སྟུག་པོ་ལས་ཕྱི་རོལ་དབྱར་ཁའི་སྤང་ཐང་གི་བསིལ་རླུང་ལ་རོལ་ན་སྐྱིད་ཅེས་སྦྲ་གུར་ལྟག་རྒྱབ་ཀྱི་སྐྱེད་ཚལ་དེར་ཁྲིད་པ་དང་།ང་ཚོས་མུ་མཐུད་དུ་གླུ་ལེན་གར་རྩེད་བྱས་པ་ཡིན།

“དེ་རིང་ཨ་ཁུ་ཡག་ལོ་གསར་བུ་རྐང་རེད།”

“ཤུ་རེ་ཁོ། ཆུང་མ་ཞིག་ཡོད་ཚེ་དེ་བས་ཀྱང་རྐང་མ་ཡིན་ནམ། ཧ……ཧ......”

“ཨ་ཁུ་ཡག་ལོ་ཅུང་བཟི་འདུག་པ་འདྲ།”

“ཅི་ཟེར། ང་བཟི་འདུག”

ཨ་ཁུ་ཡག་ལོས་ཆེས་ཉན་མི་འདོད་པ་ནི་གཞན་གྱིས་ཁོ་རང་བཟི་འདུག་ཅེས་པའི་སྐད་ཆ་དེ་ཡིན་པས་གློ་བུར་དུ་ཁོང་ཁྲོ་ལངས་བྱུང་། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན། ཨ་ཁུ་ཡག་ལོ་བཟི་འདུག་ཅེས་པའི་སྐད་ཆ་དེར་གནོད་པ་ཁོ་ན་མ་ཡིན་པར། ཁོའི་རང་གཤིས་ཀྱི་བྱ་སྤྱོད་ལ་མི་གཞན་གྱིས་རང་དགར་དམའ་འབེབ་དང་སྡོམ་ཚིག་དགོད་རྐྱང་བྱེད་པ་དེ་ཡིན་སྲིད། དུས་དེར་ངས་ཨ་ཁུ་ཡག་ལོར་ཆང་ཞིག་འདྲེན་བཞིན་གཡུ་མཚོ་སྒྲོལ་མ་ཞེས་ལབ་མ་ཐག་ཨ་ཁུ་ཡག་ལོའི་དབུགས་ཐག་ཇེ་རིང་དུ་གྱུར་བ་དང་བསྟུན་ནས་ཁོའི་རྐང་ལག་གི་ཚིགས་མདུད་སྔར་བཞིན་རབ་ཏུ་ལྷོད་ནས་ངག་སྒོ་ཇེ་གཉོམ་དུ་གྱུར། ཨ་ཁུ་ཡག་ལོས་ཝུ་ཆང་ཤོག་ཕོར་གང་གཙང་བཞེས་གནང་བ་དང་ཡ་མཆུ་དང་མ་ནེ་སྟེང་གཏོར་བའི་ཝུ་དཀར་གྲུ་མོས་འཕུར་འཕུར་འགའ་བྱས་རྗེས།“ཟི་ལིང་བོད་ཚོགས་ཀྱང་ལོ་རེར་བཞིན་རྒུད་ཀྱིན་འདུག”

“དེའི་དོན་ཅི་ཡིན།”

“སྔོན་ཆད་ཀྱི་ཟི་ལིང་བོད་ཚོགས་ད་ལྟ་ཁྱིམ་ཚོགས་སུ་གྱུར་འདུག དེ་དུས་ཟི་ལིང་གི་མཁས་རྒན་ཚོའི་དྲིན་ལ་དུས་ཆེན་འདི་འདྲ་ཞིག་གསར་འཛུགས་བྱས་པར་མ་ཟད། ཉིན་མོ་འདིར་རང་རེའི་བོད་པའི་གོམས་སྲོལ་བཞིན་ལས་ཁུངས་སོ་སོ་ཕན་ཚུན་གྱི་མགྲོན་ལ་འགྲོ་བའི་ཕྱག་ལེན་ཆོ་ག་གྲ་དག་ཅིག་ཡོད། ཁྱེད་ཚོས་ལྟོས་དང་དེང་སྐབས་ལྷན་འཛོམས་ཀྱི་སྦྲ་གུར་རེ་རེ་གཡུལ་སའི་དམག་སྒར་ལྟར་དམ་པོར་བརྒྱབ་འདུག་པ་མི་རིག་གམ། “ཡ། ད་མི་བཤད། ངའི་བོད་ལྭ་དགའ་བོ་རྫོབ་ཀྱི་རེད།”དགོང་ཁའི་བསིལ་རླུང་འཇམ་པོས་སྤྱི་གླིང་གི་སྐྱེད་ཚལ་ཀུན་ལ་གྲིབ་མ་ལེབ་མོ་རེ་འཕེན་བཞིན་བསིལ་བསིལ་ལྡང་། བོད་ཚོགས་སུ་ཞུགས་པའི་བོད་པ་ཚོས་དུས་སྟོན་འདི་དང་འབྲེལ་ནས་ཨ་ཁུ་ཡག་ལོའི་ཆང་སྐྱོན་གྱི་གྲུབ་རྟགས་ལ་རོལ་མྱོང་བྱེད་མ་ཐུབ་པས་ཕངས་སེམས་སྐྱེས་པ་བཞིན་སྣོད་ཅ་བསྡུ་གསོག་བྱས་ཏེ་གདོང་ལ་ངལ་དུབ་ཀྱི་རྣམ་འགྱུར་ཞིག་མངོན་བཞིན་རང་ཁྱིམ་དུ་ལོག་བཞིན་འདུག

“གྲོང་ཁྱེར་གྱི་བོད་པ་འདི་ཚོའི་འགྱུར་ལྡོག་ལ་ང་ཤ་བརྩེད་གི”

“ཅི་ཞིག་འགྱུར་བཞིན་འདུག” ངས་དེ་མུར་ཨ་ཁུ་ཡག་ལོར་དྲི་བ་ཞིག་འཕངས།

“ཁོ་ཚོའི་འབྱུང་གཤིས་ཨར་འདམ་དང་རྣོ་ལྕགས་སུ་འགྱུར་གྱིན་འདུག”

“འབྱུང་གཤིས་ཅི་ཞིག”

“གླུ་ལེན་གར་རྩེད་ཀྱི་འབྱུང་གཤིས་ལྷོད་པོ་དེ་འགྱུར་གྱིན་འདུག” 

ཨ་ཁུ་ཡག་ལོས་གྲོང་ཁྱེར་ཆེན་པོ་ཞིག་གི་བདེ་སྡུག་ལ་བསམ་བློ་གཏོང་བ་དེར་ང་རང་དང་ཐོག་དགོད་སྙིང་ཞིག་བྱུང་བ་དང་ངེད་གཉིས་ཀྱིས་ཆང་ཕོར་ཞབས་བཏགས་གནང་རྗེས་ངའི་མགྲིན་པ་ལས་རང་དབང་མེད་པར་ཨ་ཁུ་ཡག་ལོ་ནང་བཞིན་ཐང་ཆད་པའི་དངན་པ་རིང་བོ་ཞིག་ཤོར། ཁོའི་འབྱུང་གཤིས་ཀྱི་སྟེང་དུ་རྣམ་ཀུན་འཚོག་རྒྱུར་དགའ་ལ་གྲོལ་རྒྱུར་སྡང་བའི་སེམས་ཁམས་མཁྲེགས་པོ་ཞིག་ཡོད་པས། ང་ཚོས་བབ་བསྟུན་གྱིས་གླུ་ལེན་གར་རྩེད་དང་ཁ་མཚར་དགོད་གཏམ་ཇི་ལྟར་བྱས་ནའང་ཨ་ཁུ་ཡག་ལོར་ཚོར་བ་ཅི་ཡང་མེད་པར་གཅིག་པུས་གཡའ་དག་པའི་སྤྱི་གླིང་གི་ནམ་མཁའ་ལ་ཧྲིག་ནས་བསྡད་འདུག མཁའ་དབྱིངས་སུ་སྤྲིན་པ་ལེབ་མོ་ཁ་ཤས་ལས་ཅི་ཡང་མཐོང་རྒྱུ་མེད་པ་བཞིན་ཁོའི་ཀླད་པའི་ནང་ཁོག་ཧྲིལ་བོ་སྟོང་བ་ཡིན་སྲིད་མོད། འོན་ཀྱང་ཁོའི་གདོང་གི་འགྱུར་བ་སྣ་ཚོགས་ལས་སྟོང་བའི་དབྱིངས་སུ་ད་གཟོད་རང་ཉིད་ཀྱིས་འཚོལ་བཞིན་པའི་འཚོ་བ་དེ་ཡོད་པ་འདྲ། གང་ལྟར། བདག་གིས་ད་དུང་ཡང་བརྗེད་མི་སྲིད་པ་ནི་ཁོའི་ཆང་སྐྱོན་མིན་པར“ད་མི་བཤད། ངའི་བོད་ལྭ་དགའ་བོ་རྫོབ་ཀྱི་རེད”ཟེར་བ་དེ་ཡིན་ཞིང་། དུས་དེ་ནས་བཟུང་། སྐད་ཆ་དེས་ཁོའི་རང་ཉིད་ཀྱི་ཆང་སྐྱོན་དང་སྦ་གསང་མེད་པར་གཞན་ལ་ཕོག་ཐུག་བཟོ་བའི་བྱ་སྤྱོད་ཅི་རིགས་སྔོན་འགོག་བྱེད་བཞིན་ཡོད་པར་མ་ཟད། རིམ་གྱིས་གྲོང་ཁྱེར་ཧྲིལ་པོའི་བོད་མི་ཕལ་ཆེར་ལའང་ཁོར་ཡུག་གང་རུང་ནས་རྒྱུ་མཚན་ཅི་ཡང་མེད་པར་ལབ་སྟངས་དེ་འདྲ་ཞིག་ཆགས་འདུག ས་རུབ་ལ་ཉེ་བ་ན། ལས་གྲོགས་སྙིང་ཉེ་བ་ཚོ་ཟོག་ལྡོམ་བཞིན་རེ་རེ་བཞིན་གར་སོང་ཆ་མེད་དུ་གྱུར་པ་དང་། གྲོང་ཁྱེར་ནུབ་ཁུལ་གྱི་སྤྱི་གླིང་དུ་ཨ་ཁུ་ཡག་ལོ་དང་ངེད་གཉིས་ལས་མི་འདུག

“ངས་ནམ་མཁའི་ངོས་སུ་རི་མོ་ཞིག་བྲི་འདོད།”

“རི་མོ་ཅི་ཞིག”

“གྲོང་ཁྱེར་འདི་དང་འབྲེལ་བ་མེད་པའི་རི་མོ་ཞིག་བྲི་འདོད།”

“གཡུ་མཚོ་སྒྲོལ་མ་འབྲི་འདོད་པ་མིན་ནམ།” ངས་དེ་ལྟར་ལབ་མ་ཐག་ཨ་ཁུ་ཡག་ལོའི་དབུགས་ཐག་ཇེ་རིང་དུ་གྱུར་བ་དང་བསྟུན་ནས་ཁོའི་རྐང་ལག་གི་ཚིགས་མདུད་སྔར་བཞིན་རབ་ཏུ་ལྷོད་ནས་ངག་སྒོ་ཡང་ཇེ་གཉོམ་དུ་གྱུར་པ་དང་དངན་པ་རིང་བོ་ཞིག་འཐེན་རྗེས།

“ཆང་ཡོད་དམ།”

“ཆང་ཚར་སོང་ཟིག”

ཨ་ཁུ་ཡག་ལོས་གཡས་གཡོན་ལ་ལག་སྙོབ་ཐེངས་འགའ་བྱས་རྗེས་གླང་རྫི་ལྭ་བའི་ཨམ་ཕྲག་ནང་བསློགས་པས་ང་ལ་དགོད་སྙིང་ཞིག་གཏིང་ནས་འོང་སྟེ།“ཨ་ཁུ་ཡག་ལོ། ཤེལ་དམ་ཨམ་ཕྲག་ནང་ཆུད་དམ”ཞེས་སྨྲས་པར་ཁོ་ཡང་བགད་བྱུང་། སྐབས་དེའི་ཨ་ཁུ་ཡག་ལོའི་དགོད་སྒྲའི་འགྱུར་ཁུགས་ལ་ངུ་སྐད་གཉོམ་པོ་ཞིག་ཀྱང་འཁྱིལ་འདུག དེ་ནས་ཁོས་ཐ་མག་ཅིག་མེར་སྒྲོན་རྗེས།

“སྐལ་བཟང་ཚེ་རིང་། ཁྱེད་ཀྱིས་ད་དུང་གཡུ་མཚོ་སྒྲོལ་མ་ཟེར་བར་གོ་བ་ལོན་གྱིན་མེད་པ་འདྲ།”

“ཅི་ཟེར། གཡུ་མཚོ་སྒྲོལ་མ་བུ་མོ་ཞིག་མ་ཡིན་ནམ།”ངས་དེ་ལྟར་བཤད་པར་ཨ་ཁུ་ཡག་ལོ་ཅུང་མ་རངས་པའི་ཉམས་ཀྱིས་སྔར་བཞིན་ནམ་མཁའ་ལ་ཧྲིག་འདུག་པས། ངས་དེ་མུར་ཧ་གོ་སོང་བའི་ཚུལ་གྱིས“ མ་རེད་མ་རེད། གཡུ་མཚོ་སྒྲོལ་མ་ལྷ་མོ་ཞིག་ཡིན།”ཞེས་ཁོ་ལ་བསྟུན་ཐབས་ཇི་ལྟར་བྱས་ཀྱང་ད་རེབ་ནམ་རྒྱུན་ལྟར་ཁོའི་དབུགས་ཐག་ཇེ་རིང་དུ་གྱུར་བ་དང་བསྟུན་ནས་རྐང་ལག་གི་ཚིགས་མདུད་སྔར་བཞིན་རབ་ཏུ་ལྷོད་ཅིང་ངག་སྒོ་ཡང་ཇེ་གཉོམ་དུ་འགྱུར་པའི་སྣང་ཚུལ་དེ་མངོན་མ་བྱུང་།

“ལྷ་མོ་སྒྲོལ་མ་ནི་ང་ཡག་ལོར་མི་རྐྱང་ཞེས་མི་འབོད་པའི་ལང་ཚོ་ཞིག་གི་དྲན་ཤིང་ཡིན།”

4

བྱ་ཁྲ་རྡོ་ཐོག་ནས་འཕུར་བ་བཞིན་ཨ་ཁུ་ཡག་ལོ་ཤི་ནས་ལོ་བཅུ་འགོར་ཟིན། ད་ལྟ་བདག་ཀྱང་སྐབས་དེའི་ཁོའི་ན་ཚོད་ལ་སླེབས་ཡོད་མོད་ཆུང་མ་དང་བྱིས་པ་ཡོད་པས་གཞན་གྱིས་མི་རྐྱང་ཞེས་འབོད་ཀྱིན་མེད། རྗེས་སུ་སྤུན་ཟླ་གཞན་གྱི་གམ་ནས་རྒྱུས་ལོན་པ་ལྟར་ན་ཨ་ཁུ་ཡག་ལོ་སློབ་ཆེན་མཐར་ཕྱིན་ནས་ལས་ཁུངས་འདིར་འོང་སྐབས། ཟི་ལིང་གི་མཁས་རྒན་འགས་ཨ་ཁུ་ཡག་ལོའི་རིག་གནས་ཡོན་ཏན་ལ་བསྟོད་བསྔགས་དང་མཐོང་ཆེན་ཚད་མེད་གནང་བཞིན་ཡོད་པར་མ་ཟད། ལས་ཁུངས་ཀྱི་མགོ་གཙོས་ཀྱང་ཁོའི་འཇོན་ཐང་ལ་གདེང་འཇོག་གང་ལེགས་བྱེད་བཞིན་ཡོད། རྗེས་སུ་རྣམ་དཔྱོད་ཅན་གྱི་མཁས་རྒན་ཚོ་བགྲེས་པོ་ཆགས་ནས་རིམ་གྱིས་ཚེ་ལས་འདས་པ་དང་།ཁོ་ལ་སྙིང་ཉེ་བའི་མགོ་ཁྲིད་བློ་དཀར་ཡང་ལས་གནས་ནས་བབས་རྗེས། དེ་སྔ་ཟི་ལིང་གྲོང་ཁྱེར་གྱི་རྒྱན་དུ་གྱུར་པའི་ཡག་ལོ་རིམ་གྱིས་གྲོང་ཁྱེར་འདི་དང་འབྲེལ་བ་མེད་པའི་མི་སྣ་ཞིག་ཏུ་གྱུར་པ་རེད། སྒྲུང་གཏམ་བྲིས་ནས་མཇུག་རྫོགས་ལ་ཉེ་བའི་དུས་འདིར། ངས་ཨ་ཁུ་ཡག་ལོར་སྒྲུང་གཏམ་ཞིག་བྲིས་པར་དོན་སྙིང་ཅི་ཞིག་ཡོད་མེད་ལ་རང་ཉིད་རང་ལ་དོགས་པ་ཟ་མོད། སྐབས་དེར་ང་ཚོ“གན་རྒྱའི་ལས་བྱེད་པ”ཡིན་དུས། ཁོའི་ཟླ་ཕོགས་ལོངས་སུ་སྤྱད་པར་ཡང་གྲངས་ཚད་ཅིག་མེད་པས་སྒྲུང་གཏམ་ཞིག་གིས་ཁོ་ལ་རྗེས་དྲན་བྱ་བ་འདི་ཡང་དྲིན་གཟོ་ལན་གཅིག་གི་རྣམ་འགྱུར་ལས་མ་འདས། ད་ལྟ་གྲོང་ཁྱེར་འདིར་སྐབས་དེའི་ནང་མ་ཁང་གཅིག་ཀྱང་མེད་ལ་མི་རྐྱང་ཡག་ལོ་དང་གཡུ་མཚོ་སྒྲོལ་མ་ཡང་མེད་པས་བདག་ལ་རྣམ་ཀུན་ཟད་མི་ཤེས་པའི་ཁེར་རྐྱང་གི་སྣང་བ་སྡུག་ཆག་ཅིག་གིས་གཙེས་འོངས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།