རྡོ།

དེ་རིང་ཕྱི་དྲོའི་གནམ་གཤིས་ཧ་ཅང་གྲང་། དེ་ནི་ཁྱོད་གཅིག་པུའི་དགུན་གནང་གི་སེམས་ཁམས་དང་འདྲ་བར་ནང་སེམས་ནས་གྲང་འདར་བརྒྱག་དགོས་པ་ཞིག་རེད་ཨང་། དེ་བཞིན་དུ་དེ་རིང་ཕྱི་དྲོའི་གནམ་གཤིས་ལན་པ་ཡིན་ནམ་ཡང་ན་དགུན་གནང་གི་རྙོག་འཛིང་དེས་ལན་པ་ཡིན་པ་ཆ་མི་འཚལ་མོད། ཁྱོད་ལ་དེ་རིང་ཕྱི་དྲོ་ནས་སྐད་ཆ་ཇེ་ཉུང་དུ་འགྲོ་བཞིན་ཡོད་དེ། ཕ་མ་གཉིས་ཀྱིས་ཁྱོད་ལ་དོན་དག་ཅི་བྱུང་གི་གནས་ཚུལ་རེ་དྲིས་ཀྱང་། ཁྱོད་ཀྱིས་རང་གི་ལག་པ་གཉིས་ཀྱིས་མགོ་བོ་བསྐྱོར་ནས་འདང་རྒྱག་གི་རྒྱ་མཚོའི་ཕ་རོལ་ཏུ་འགྲིམ་མགོ་བརྩམས། འདང་རྒྱག་གི་རྒྱ་མཚོའི་ཕ་རོལ་ཏུ་ཁྱོད་ཀྱིས་ད་གཟོད་དགུན་གནང་སྐབས་ཀྱི་གནད་དོན་ཆེན་པོ་གསུམ་དང་དེ་དག་གིས་རེ་རེ་བཞིན་ཁྱོད་ཀྱི་སེམས་ནས་ལྗིད་ལྟིག་གེར་མནན་ཏེ་ཁྱོད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་བར་ཆད་ཆེན་པོ་ཞིག་བཟོ་བཞིན་ཡོད་པ་ཤེས།

ཁྱོད་ཀྱིས་དེ་ལྟར་ལག་པ་གཉིས་ཀྱིས་མགོ་བོ་བསྐྱོར་ནས་འདང་རྒྱག་གི་རྒྱ་མཚོའི་ཕ་རོལ་ནས་རང་ཉིད་མ་ཟད། ཕ་མ་གཉིས་ཀའང་བརྗེད་ཆུ་འཐུང་བ་བཞིན་བརྗེད་སོང་ན་འདོད་ཀྱང་། ཁྱོད་ཀྱི་ཕ་རྒན་གྱི་མནའ་ཡ་དང་ཁོའི་ཆུང་མ་གཉིས་ཕྱི་དྲོར་འཕྲུལ་རྟ་ཞིག་ལ་འཕོངས་བྱས་ནས་ཁྱེད་ཚང་གི་སྒོ་ཁར་སླེབས་བྱུང་། ཁྱོད་ཀྱི་ཨ་ཕའི་གདོང་དུ་དགའ་སྤྲོ་སྐྱེ་བཞིན“མ་བོས་མགྲོན་པོ་ཟེར་ན་ཁྱོད་གཉིས་ལ་ཟེར་བ་རེད། དཀའ་བྱུང་ངམ”ཞེས་སྒོ་ཁར་སོང་བ་ན། ཁྱོད་ཀྱི་ཨ་མས་ཨོང་སྒམ་ནང་གི་མེ་ཡོག་ལག་ཏུ་ཕྱར་ནས་ཁྱོད་ཀྱི་མགོར་ཐེངས་འགར་རྡེག་བྱུང་། མོས་ཁྱོད་ལ“ཉིན་གང་པོར་མགོ་ལག་པས་བསྐྱོར་ནས་འདང་བརྒྱག་དགོས་ན་ཉལ་སའི་ནང་དུ་སོང་། ངོ་ཚ་རྒྱུ་མེད་པ་ལ”ཟེར་བཞིན་ཟུར་མིག་འགའ་འཕངས་རྗེས་མགྲོན་པོ་བསུ་རུ་བུད་སོང་།

“ཨ་ར་ར། ཨ་ན་ན།” ཁྱོད་ད་གཟོད་འདང་རྒྱག་གི་རྒྱ་མཚོའི་ནང་ནས་སད་པ་མ་ཟད། སེམས་པ་འཁྱག་སིབ་སིབ་ངང་ལག་སྣོད※བསྙེགས་ནས་སོང་། ལག་སྣོད་ནང་དུ་ཁྱོད་ཚང་ལ་དགོས་མཁོ་ཆེན་པོ་མེད་པའི་ཅ་ལག་འགའ་དང་ཉལ་ཁྲི་སྟོང་བ་ཞིག་ཡོད། ད་དུང་ཞོག་ཁོག་དང་ལ་སེར་བསྡུ་སའི་ས་དོང་ཆེན་པོ་ཞིག་ཀྱང་ཡོད། ཁྱོད་ལག་སྣོད་ནང་དུ་འཛུལ་རྗེས་ཁྱོད་ཀྱི་ཨ་མས་ཡང་ནས་ཡང་དུ་བོས་ཀྱང་ཁྱོད་ལ་ཁ་ཡ་བྱེད་འདོད་མ་བྱུང་། སྐབས་དེར་ཁྱོད་ཀྱིས་མིག་མདུན་དུ་ཡོད་པའི་ཉལ་ཁྲི་སྟོང་བ་དེ་མཐོང་བའི་མོད་ལ་ཐེ་ཚོམ་ཅི་ཡང་མེད་པར་དེའི་ཐོག་ཏུ་བསྡད། ཉལ་ཁྲི་སྟོང་བ་དེའི་སྟེང་ནས་ན་ནིང་དབྱར་ཁ་ཁྱོད་ཀྱི་རྨོ་བོ་ཚེ་ལས་འདས་སོང་བ་རེད། ཡིན་ནའང་ཁྱོད་ཀྱི་ཕ་མ་གཉིས་ཀྱིས་ལག་སྣོད་ནང་གི་ཉལ་ཁྲི་སྟོང་བ་དེ་ཐད་ཀར་ཁྱིམ་ནས་གཡུག་མ་ཐུབ་པར་བླ་མ་ཞིག་ཆེད་དུ་གདན་འདྲེན་ཞུས་ནས་གཡུག་དགོས་ཞེས་ད་བར་དུ་ལུས་སོང་། མལ་ཁྲི་སྟོང་བ་དེའི་སྟེང་ནས་ཁྱོད་ཀྱིས་རང་ཉིད་ཀྱི་རྨོ་བོ་ཚེ་ལས་འདས་ཁར་ཁྱོད་ཁོ་ནར་ཁ་ཆེམས་ཤིག་བཞག་པ་དེ་ཡིད་ལ་དྲན་པ་དང་། མིག་མཐའ་མཆི་མས་སྐོར་བཞིན་སེམས་སུ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བས་དེད་བྱུང་། ཚོར་བ་ཞེས་པ་འདི་གླེང་ཡོང་དུས་ཁྱོད་རང་ལྷག་པར་དུ་སྐྱོ་གདུང་གིས་མནར་ཡོང་བ་ཞིག་རེད་དེ། ཚོར་བ་རེ་ཟུང་བཤད་ཁུལ་བྱས་པས་ཁྱོད་དང་ཆེས་ཐོག་མའི་དགའ་གྲོགས་བར་ལ་འགལ་བ་བྱུང་བ་རེད།

ཁྱོད་ཉལ་ཁྲི་སྟོང་བ་དེར་ཁེན་ནས་གོམས་ལོབས་ལྟར་གློ་ཁུག་ནང་གི་ཁ་པར་བཙལ། ཁ་པར་ལས་སྐད་འཕྲིན་གྱི་སྒོ་ཕྱེས། ཁྱོད་ཀྱིས་སྔར་ནས་ཚོད་དཔག་བྱས་པ་བཞིན་ཁྱོད་ཀྱི་དགའ་གྲོགས་ཀྱིས་ཁྱོད་ཀྱི་སེམས་ལ་དྲོད་ཁོལ་སྟེར་བྱེད་ཀྱི་ཡིག་འབྲུ་ཚིག་གཅིག་ཀྱང་བསྐུར་མི་འདུག ཐ་ན་ཁ་སང་ཁྱོད་ཀྱིས་ཁོ་ལ་བཏང་བའི་འཕྲིན་ཐུང་དེ་ལ་ལན་ཡང་བསྐུར་མི་འདུག་པས། ཁྱོད་ཀྱི་སེམས་སུ་ལྷག་པར་དུ་ཚོར་སྣང་སྐྱོ་བོ་ཞིག་བྱུང་། དེ་ནི་རྟ་རྒྱུག་དགའ་ཅན་ལ་རྒྱུག་ཐག་ཐུང་། །མི་ཨ་གསར་ཅན་ལ་གསར་འགྲོགས་ཆེ། །ཞེས་པ་ལྟར་ཁྱོད་ཀྱི་དགའ་གྲོགས་ད་ནས་བཟུང་འགྱུར་འདུག་སྙམ་ཞིང་། དགའ་གྲོགས་གཅིག་པུའི་སྟེང་ནས་བསམ་གཞིག་མང་པོ་བྱས། ཁྱོད་ད་ལོ་ད་གཟོད་མོ་ལོ་ཉེར་གཅིག་ལ་བུད་པའི་བུ་མོ་ལོ་ཆུང་ཞིག་ཡིན་མོད། ཁྱོད་ཀྱིས་དགུན་གནང་འདིར་བསམ་བློ་གཏོང་སྟངས་ནི་རྒན་མོ་ལོ་ལོན་ཞིག་དང་འདྲ་བར་རང་ཉིད་ལ་ཡིད་རྟོན་དང་རེ་བ་ཆད་པ་ཞིག་རེད། ད་དུང་དགུན་གནང་འདིར་ཁྱོད་ཀྱི་ནང་སེམས་ནི་རྡོ་ཞིག་དང་འདྲ་བར་ནམ་ཡང་དྲོད་ཁོལ་འབྱུང་ཐུབ་ཀྱིན་མེད། དེའང་ཚེ་ལས་འདས་པའི་རྨོ་བོའི་ཁ་ཆེམས་དང་དགའ་གྲོགས་ཁྱོད་གཉིས་བར་གྱི་འགལ་བ་ཙམ་མ་ཡིན། ད་དུང་ཕ་མ་གཉིས་ཀྱིས་འཆར་གཞི་ལྡན་པའི་སྒོ་ནས་ནང་གཏམ་དང་ནང་གྲོས་བྱས་ནས་ཁྱོད་ཨ་ཕའི་མནའ་ཡ་ཚང་གི་བུ་འབྲིང་བར་མནའ་མ་ལ་སྟེར་དགོས་ཟེར། ཨ་ཕའི་མནའ་ཡ་ཚང་གི་བུ་འབྲིང་བ་ནི་ཁྱོད་ཀྱི་བྱ་བ་སྒྲུབ་སའི་སྨན་ཁང་གི་མགོ་བ་ཞིག་རེད། ཁོས་སྔོན་ཆད་འབྲོག་མོ་དཀྱུས་མ་ཞིག་ཆུང་མར་བླངས་མོད། བྱ་བ་མི་འདྲ་བའི་དབང་གིས་འབྲོག་མོ་ཕྱིར་ཕ་ཡུལ་དུ་ལོག་སོང་། དེ་ནས་བཟུང་ཁོ་མགོ་བ་བྱས་ནས་ལོ་གཉིས་འགོར་ན་ཡང་ཆུང་མ་མ་བླངས། ད་ལོ་ཁྱོད་ཀྱིས་དཀའ་ལས་མང་དུ་མྱངས་ནས་སྒེར་ཚུགས་སྨན་ཁང་ཞིག་གི་ནད་གཡོག་མར་གྱུར་པས། ཁྱོད་ཀྱི་ཕ་མ་གཉིས་སྔོན་ཆད་དང་བསྡུར་ན་ཁྱོད་ལ་རེ་བ་ཇེ་ཆེ་དང་མི་རྩིས་ཇེ་ཡོད་རེད། ད་དུང་ཁྱོད་ཀྱི་མ་འོངས་པའི་དོན་ལའང་བསམ་བློ་བཏང་ནས་སེམས་ཁུར་བྱེད་ཀྱིན་པ་འདི་དག་ཡོད་ཚད་བདེན་པ་བདེན་རྐྱང་ཡིན་མོད། འོན་ཀྱང་རྨོ་བོའི་ཁ་ཆེམས་དེ་ཁྱོད་ཀྱི་སེམས་ནས་འབོར་ཐབས་གཏན་ནས་མེད་པར་ནམ་རྒྱུན་འདི་ལྟར་འདང་མང་པོ་མང་པོ་ཞིག་བརྒྱག་དགོས་འབྱུང་བཞིན་ཡོད། རྨོ་བོས་ཁྱོད་ལ་བཞག་པའི་ཁ་ཆེམས་ནི་ཕ་མ་གཉིས་ལ་མཚོན་ན་ཁ་ཆེམས་ཙམ་ཡིན་མོད། ཁྱོད་ལ་མཚོན་ན་ཁ་ཆེམས་དེ་སྣང་མེད་དུ་གཡུག་དགོས་ཚེ་མི་སེམས་འཁྱག་བྱེད་དང་། ཁ་བཤད་དོན་ཐོག་ལ་མི་གནས་པའི་སྡར་མ་ཞིག་དང་ཁྱད་པར་མེད་སྙམ།

གང་ལྟར་ད་ལོ་དགུན་གནང་གི་སྐབས་སུ་ཁྱོད་ཀྱི་ནང་སེམས་རྡོ་དང་འདྲ་བར་ཧ་ཅང་འཁྱག ཕ་མ་གཉིས་ཀས་མནའ་ཡ་བཟའ་ཟླ་གཉིས་ཀར་བཟང་བཟང་རྒྱན་རྒྱན་བྱེད་པའི་སྐད་ཆའི་ཕྱེད་ཀ་རེ་ཁྱོད་ཀྱི་རྣ་ལམ་དུ་གྲགས་བྱུང་བ་ན། ཁྱོད་ལ་ལྷག་ཏུ་ཕྱིར་ཁྱིམ་དུ་འགྲོ་འདོད་མེད་ལ་ཨ་མས་བཤད་པ་བཞིན་ཉལ་ཁང་ནང་དུའང་འགྲོ་འདོད་མེད་བྱུང་། ཁྱོད་ཀྱི་མིག་ཟུང་གིས་ཞོག་ཁོག་དང་ལ་སེར་འཇོག་སའི་ས་དོང་ཆེན་པོའི་ཁ་ལ་བལྟས། དེ་དུས་ས་རུབ་ལ་ཉེ་འདུག ལག་སྣོད་ནང་གི་ཡོད་ཚད་མག་མོག་ཏུ་གྱུར་དང་འགྱུར་ལ་ཉེ།

“ཨ་ར་ར། ཨ་ན་ན།” ཁྱོད་ཀྱིས་ཨ་མས་མེ་ཡོག་གིས་རྡེག་སའི་མགོ་བོ་ཡང་བསྐྱར་སྐྱོར་བཞིན་ངག་ལས་དེ་ལྟར་ཤོར་མོད། སུ་ལའང་ལེ་བདའ་བྱེད་འདོད་མ་སོང་། ལག་སྣོད་ནང་གི་ས་དོང་ཆེན་པོ་དེའི་ཁར་ཨོང་སྒྱེ་སྟོང་བ་ཞིག་གིས་བཅད་འདུག དེ་ནི་བ་མར་ཁ་ལེབ་བཀབ་པ་དང་མི་འདྲ་བར་ཁུག་ལྷུང་ཡོད་ས་ཞིག་རེད། ཨ་མས་ནམ་རྒྱུན་བཤད་རྒྱུར།“དོང་ཁ་ཨོང་སྒྱེ་མ་ཟད་རྡོ་ལ་སོགས་པས་མ་བཅད་ན་དོང་ནང་དུ་འཁྱག་ཤོར་འགྲོ་བ་རེད”ཅེས་ཟེར་སྲིད་མོད། ཁྱོད་ཀྱིས་དེ་དག་ལ་སྣང་འཇོག་ཆེན་པོ་བྱེད་མ་མྱོང་། ས་རུབ་པས་ལག་སྣོད་ནང་གི་ཡོད་ཚད་ནག་ཐོམ་མེ་གྱུར་སོང་། ཁྱོད་ཀྱི་ཕ་མ་གཉིས་ཁྱོད་ལ་སེམས་གཏིང་ནས་སུན་པ་ལོས་ཡིན། ཁྱོད་ལག་སྣོད་ནང་དུ་འཛུལ་ནས་སའང་རུབ་སོང་མོད་ཁྱོད་ལ་ཁྱིམ་དུ་ཤོག་ཟེར་མཁན་སུ་ཡང་མ་བྱུང་། ས་རུབ་པ་དང་ཁྱོད་ལ་ཁྱིམ་དུ་ཤོག་ཅེས་བརྡ་གཏོང་མཁན་མེད་པ་ན། ཁྱོད་ཀྱི་སེམས་པ་སྔར་ལས་འཁྱག་སིབ་སིབ་ཏུ་གྱུར་པ་དང་ཡང་བསྐྱར་གློ་ཁུག་ལས་ཁ་པར་བླངས། ས་མ་རུབ་སྔོན་དང་འདྲ་བར་སྐད་འཕྲིན་གྱི་སྒོ་ཕྱེས་ནས་གནས་ཚུལ་ཉ་ཉོག་ལ་མིག་ཉུལ་ཙམ་བྱས་པ་དང་། དེ་ནས་ཁྱོད་ཀྱི་དགའ་གྲོགས་ཀྱིས་ཁྱོད་ལ་ཡིག་རྡོག་རེ་བསྐུར་ཡོད་མེད་ལ་བལྟས་མོད། དགའ་གྲོགས་ཀྱིས་ཁྱོད་ལ་ཅི་ཡང་བསྐུར་མི་འདུག རེད་དེ། དགའ་གྲོགས་ཀྱིས་ཁྱོད་ལ་འབྲེལ་བ་མ་བྱས་པར་གཟའ་འཁོར་ཧྲིལ་པོ་ཞིག་འགོར་ཟིན། ད་ནི་ཁྱོད་ལའང་སྐད་ཆ་ཅི་ཡང་བཤད་རྒྱུ་མེད་པའི་ཚད་ལ་སླེབས་འདུག ཁྱོད་ཀྱིས་ཁ་པར་ཕྱིར་གློ་ཁུག་ཏུ་བསྡུས་ནས་ཕྱི་དྲོ་བཞིན་བསམ་གཞིག་ཁོ་ན་བྱེད་དགོས་སྙམ། ཡིན་ནའང་ལག་སྣོད་ནང་གི་ས་དོང་ཆེན་པོ་དང་དེའི་ཁ་རུ་བཀབ་པའི་ཨོང་སྒྱེ་གཉིས་ཀྱིས་ཁྱོད་ཀྱི་བསམ་གཞིག་གི་ཁ་ཕྱོགས་གཞན་ཞིག་ལ་བསྒྱུར་སོང་། ཁྱོད་ཀྱི་སེམས་སུ་གལ་ཏེ་ཁྱོད་ཀྱི་དགའ་གྲོགས་ནི་ས་དོང་ཆེན་པོའི་ཁ་རུ་བཀབ་པའི་ཨོང་སྒྱེ་དེ་ཡིན་ན། ཨ་མས་བཤད་པ་བཞིན་ཨོང་སྒྱེ་དེ་ལ་རོགས་དང་ར་མདའ་བྱེད་པའི་རྡོ་བ་ཆེན་པོ་ཞིག་མེད་ན། ས་དོང་ནང་གི་ཞོག་ཁོག་དང་ལ་སེར་ལ་དྲོད་ཁོལ་ངོ་མ་ཞིག་སྟེར་མི་ཐུབ་པ་འདི་བདེན་ནམ་སྙམ་ཞིང་། ཡང་ཁྱོད་ཀྱིས་དགའ་གྲོགས་ཁྱོད་གཉིས་བར་ལ་བྱུང་བའི་འགལ་རྐྱེན་གཙོ་བོ་ནི་ཁྱོད་ཀྱི་ཚོར་བ་སྐྱེན་དྲག་པས། དགའ་གྲོགས་ཁྱོད་ལ་སུན་ནས་ཉིན་མཚན་མང་པོ་འགོར་སོང་། ཚོར་བ་བཤད་དུས་ཁྱོད་ཀྱི་ནང་སེམས་ཀྱི་སྡུག་བསྔལ་དེ་སུས་ཀྱང་རྟོགས་ཐབས་མེད་སྙམ།

ས་རུབ་ནས་དུས་ཡུན་ངེས་ཅན་ཞིག་འགོར་སོང་། ཁྱོད་ཀྱིས་ས་དོང་ཁ་རུ་བཀབ་པའི་ཨོང་སྒྱེ་ཉལ་ཁྲིའི་སྟེང་ལ་གཡུགས་རྗེས་ས་དོང་ནང་དུ་དངོས་སུ་བབས། དེ་ནི་ཁྱོད་ཀྱིས་རང་ཉིད་ཀྱི་ཚོར་བ་ཐམས་ཅད་ཁྱོད་དང་ཁ་ཁ་བྱེད་སྟངས་ཤིག་ཅི་ལ་མིན་ཏེ། ཁྱོད་ཀྱི་ཚོར་བ་འདི་རྨོ་བོའི་ཁ་ཆེམས་དང་དགའ་གྲོགས་ཀྱི་སྣང་མེད། ཕ་མའི་ནང་གྲོས་སོགས་མདོར་ན་ཁྱོད་ལ་ཁ་ཐག་ཉེ་ཞིང་། རྙོག་འཛིང་གི་བསམ་བློ་འཆར་སའི་དོན་དག་ཅི་རིགས་ལས་ཁ་འབྲལ་ཐབས་བྱས། ཁྱོད་ཀྱིས་རང་ཉིད་མ་གཞི་ནས་རྙོག་འཛིང་ཞིག་ཏུ་འདོད་ཡོད། ལག་སྣོད་ནང་གི་ས་དོང་ཆེན་པོ་དེ་ནི་ཁྱོད་ལ་མཚོན་ན་དངོས་ཡོད་ལས་ཕྱི་བྱོལ་བྱེད་སའི་ས་གནས་ཡག་པོ་ཞིག་ཡིན་པ་འདྲ། ས་དོང་ནང་གི་ཞོག་ཁོག་དང་ལ་སེར་དག་ནི་དགུན་གཞུང་འདིར་འཁྱག་ལ་ཤོར་ནས་ཁྱེད་ཚང་གི་ཁ་ཟས་བྱེད་ཐབས་མེད་པའི་ཚད་ལ་ལྷུང་འདུག ཁྱོད་གློ་བུར་གློ་བུར་དུ་ཞོག་ཁོག་དང་ལ་སེར་དེ་དག་ལ་སྙིང་རྗེ་སྐྱེ་དགོས་བྱུང་། དེ་ནི་ཁྱོད་ཀྱི་དགའ་གྲོགས་ཀྱིས་བཤད་པ་བཞིན་ཚོར་བ་དེའི་རིགས་ཡིན་ནམ། ཡང་ན་ཁྱོད་དང་ས་དོང་ནང་གི་ཞོག་ཁོག་དང་ལ་སེར་སོགས་ལ་འདྲ་སའི་ཆ་ཡོད་པས་ཡིན། ཁྱོད་ཀྱིས་ཡང་ནས་ཡང་དུ་རང་ཉིད་ལ་འདི་ལྟར་འདྲི་བཞིན་ས་དོང་ནང་དུ་ཙོག ཞོག་ཁོག་དང་ལ་སེར་ནི་མི་ཞིག་མིན་པས་ཁྱོད་ལ་ཁ་ཡ་དང་ཁྱོད་ལ་འདུག་ས་ཞིག་བསལ་མི་སྲིད། ཡིན་ནའང་ཁྱོད་ལ་འཁང་ར་དང་ཞེ་སྡང་། ཁོང་ཁྲོ། དགའ་སྡུག་མེད་པར་ལག་པ་གཉིས་ཀྱིས་དེ་དག་ཕྱོགས་གཅིག་ཏུ་རུབ་རུབ་བྱས་པ་ན།

“ཁྱོད་འདི་བུ་མོ་ཉམ་ཆུང་ཞིག་ཡིན་པ་འདྲ། སྨན་པ་ཞིག་ཡིན་རུང་བོད་སྨན་གྱི་སྐོར་ནས་ཅི་ཡང་མི་ཤེས་པ་འདྲ།”

“ང་སྨན་པ་ཞིག་ཡིན་པ་བདེན་མོད། རྒྱ་བོད་སོག་གསུམ་གྱི་སྨན་གྱི་སྐོར་གང་ཡང་མི་ཤེས།” སྐབས་དེར་ཁྱོད་ཀྱིས་ཁ་བཙོག་སེམས་བཟང་གི་རྨོ་བོ་ཡིད་ལ་དྲན་བྱུང་། ཁོང་དང་ཁ་བརྡ་བྱས་པའི་དོན་དག་རེའང་ཡིད་ལ་དྲན་བྱུང་། རྨོ་བོས་ཁྱོད་ལ་ཤ་ཚ་བས་ནམ་རྒྱུན་འདི་ལྟ་བའི་སྐད་ཆ་མང་པོ་བཤད་སྲིད་དེ། ཁོས་ཁྱོད་ལ་ཁ་ཆེམས་འཇོག་དགོས་དོན་ཡང་ཁྱོད་ལ་ཤ་ཚ་བས་ལོས་ཡིན་འདོད་མྱོང་།

“ཁྱོད་ཀྱིས་ཅི་ཡང་མི་ཤེས་ན་སྨན་པ་བྱས་ནས་སུ་ལ་མགོ་གཡོག་པ་ཡིན།”

“ང་གཡོག་མོ་ཞིག་ཡིན། ནད་གཡོག་མ་ཞིག་ཡིན། སུ་ལའང་མགོ་གཡོག་གིན་མེད།” ཁྱོད་རྨོ་བོ་ལ་ཅི་འདྲ་དགའ་ཡང་ཁོས་བཤད་པའི་སྐད་ཆ་དག་གིས་ཁྱོད་ཀྱི་སེམས་ལ་རྨ་ཁ་བཟོ་ཐུབ་སྟེ། རྨོ་བོའི་འགྲམ་ན་ཡོད་དུས་ཁྱོད་རང་ད་ལོའི་དགུན་ཁ་དང་འདྲ་བར་ཧ་ཅང་འཁྱག

 ད་ནི་ཕལ་ཆེར་སྡེ་བ་ཆུང་ཆུང་འདིའི་ཁྱིམ་ཚང་ཚོ་མལ་དུ་ཉལ་རན་ལ་སླེབས་ཡོད་ངེས་མོད། ཁྱོད་ལ་ཁ་པར་བླངས་ནས་དུས་ཚོད་ལ་བལྟ་འདོད་མི་འདུག ས་དོང་ཆེན་པོ་དེའི་ནང་ན་གར་ཡོང་འདིར་ཡོང་མི་ཤེས་པའི་གྲང་ངར་ཞིག་འདུག ཁྱོད་ཀྱིས་རྐང་ལག་ཚང་མ་གྲང་ནས་ཕྱིད་ལ་ཉེ་ཡང་། སེམས་པ་འཁྱག་པ་དང་གཏན་ནས་མི་འདྲ་བར་ཅིས་ཀྱང་གདོང་ལེན་བྱ་དགོས་སྙམ་པའི་དཔའ་ངར་ཞིག་སེམས་ལ་བཅངས་ཡོད། ཡིན་ནའང་ཁྱོད་དང་མཉམ་དུ་ཡོད་པའི་ས་དོང་ནང་གི་ཞོག་ཁོག་དང་ལ་སེར་རྣམས་སྔོན་ནས་ཕྱིད་འདུག ཐ་ན་ཁྱོད་ལ་འགྲན་སེམས་འཆང་སའི་ཡུལ་ཙམ་ཡང་མི་སྣང་བར་གྱུར།

འདི་ལྟར་ནག་ཐོམ་མེ། འཁྱག་སིབ་སིབ། ཁྱོད་གཅིག་པུ་མཚན་མོ་འདིའི་འུག་པ་བྱེད་དགོས་སམ། ས་དོང་ནང་གི་གྲང་ངར་གྱིས་གཙེས་པའི་བུ་མོ་ཐོག་མ་བྱེད་དགོས་སམ། ཁྱོད་ལ་ཡང་འདི་ལྟ་བུའི་སེམས་ཚོར་རེ་བྱུང་མོད། ད་ནི་ཁྱོད་ཀྱིས་རང་ཉིད་ཀྱི་ཚོར་བ་འཇོམས་དགོས་པའི་དམ་བཅའ་བཞག་ཡོད་པས། ཁ་རོག་གེར། ནག་ཐོམ་མེར། འཁྱག་སིབ་སིབ་ངང་འདུག་པ་ལས་ཐབས་གཞན་མ་བྱུང་།

དུས་ཚོད་ཁ་ཤས་ཀྱི་རྗེས་ནས་ཁྱོད་རང་ས་དོང་ནང་ནས་མགོ་བོ་ཞོག་ཁོག་དང་ལ་སེར་སོགས་ལ་ཁེན་ནས་གཉིད་ལ་ཤོར་སོང་། 

དགུན་གནང་འདིར་ཁྱོད་ཀྱིས་རྨི་ལམ་ཐེངས་གཅིག་ཀྱང་རྨིས་མྱོང་མེད་པ་འདྲ་སྟེ། ཁྱོད་ལ་རྨི་ལམ་རྨིས་པའི་དྲན་སྣང་ཅི་ཡང་བཤད་རྒྱུ་མི་འདུག འོན་ཀྱང་ས་དོང་ནང་དུ་ཁྱོད་ཀྱིས་སྔར་དང་མི་འདྲ་བར་རྨི་ལམ་མག་མོག་ཅིག་རྨི་མགོ་བརྩམས་བྱུང་།

རྨི་ལམ་ནང་དུ་ཁྱོད་ཆུ་ཆེན་པོ་ཞིག་གི་ཕ་རོལ་ཏུ་བརྒལ་ན་འདོད་ཀྱིན་ཡོད། ཆུ་བོ་ཆེན་པོ་དེའི་ཕ་རོལ་ན་རྨོ་བོས་ཁྱོད་ལ་གླེང་མྱོང་བའི་བོད་སྨན་ཁང་ཆེན་པོ་དེ་ཡོད་ལ་བོད་སྨན་ཁང་གི་ཕྱོགས་བཞི་མཚམས་བརྒྱད་དུ་མགོ་བོ་སྒུར་སྒུར་བྱེད་པའི་ནད་པ་མང་པོ་ཡོད། དེ་དག་གི་གྲས་སུ་ཁྱོད་ཀྱི་རྨོ་བོས་ཀྱང་མགོ་བོ་བསྒུར་ནས་འགྲོ་བཞིན་མཆིས། ཁྱོད་ལ་ལྷག་ཏུ་ཆུ་བོའི་ཕ་རོལ་ཏུ་བརྒལ་འདོད་ཀྱི་སེམས་ཤུགས་བྱུང་ཞིང་། རྨོ་བོས་ཁྱོད་ལ་བཞག་པའི་ཁ་ཆེམས་དེ་ངེས་པར་དུ་དངོས་སུ་ལག་ལེན་བྱས་ནས་རྨོ་བོའི་རེ་བ་སྟོང་ཟད་དུ་གཏོང་མི་རུང་སྙམ།

“ཟམ་པ་མེད་པའི་ཆུ་ཆེན་བརྒལ་དགོས་ན་ཁྱོད་ཀྱིས་ཇི་ལྟར་བྱ་ངེས།” རྨོ་བོ་ཚེ་ལས་མ་འདས་གོང་ཁྱོད་ལ་རྒྱུན་དུ་འདི་ལྟ་བུའི་སུན་སྣང་སྐྱེ་བྱེད་ཀྱི་དྲི་བ་ཏག་ཏག་བཏོན་མྱོང་།

“ཟམ་པ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། ང་ཆུ་ཆེན་ལ་རྐང་བས་བརྒལ་ཐུབ།” དེ་དུས་ཁྱོད་རང་མོ་ལོ་བཅོ་བརྒྱད་ལ་བུད་མ་ཐག་པའི་དུས་ཤིག་ཡིན་མོད། རྙོག་འཛིང་བརྒྱུད་མ་མྱོང་རུང་བྱིས་བློ་ལས་བརྒལ་འདུག ང་རྒྱལ་དང་སྣང་བ་མཐོ་ཞིང་ཕུགས་བསམ་དང་ཡིད་རྟོན་ཅན་ཞིག་ཀྱང་ཡིན། ད་དུང་དེ་དུས་ཁྱོད་ཀྱིས་རང་ཉིད་ཀྱི་ལང་ཚོ་གཞན་ལ་ངོམ་མྱོང་། རང་ཉིད་ཀྱི་ཕུགས་བསམ་གཞན་ལ་བཤད་མྱོང་།

“ཟམ་པ་མེད་དུས་ཆུ་འགྲམ་གྱི་རྡོ་བ་དག་ནི་ཆེས་སྲ་བརྟན་གྱི་ཟམ་པ་ཡིན། ཀློའུ་མོ།”ཞེས་ཁྱོད་ལ་རྨོ་བོས་དེ་ལྟར་གཤེ་གཤེ་བཏང་མྱོང་བ་དྲན་བྱུང་།

རྨི་ལམ་ནང་གི་ཆུ་ཆེན་དེ་ནི་ཁྱོད་ཀྱི་སྣང་བའི་ཡུལ་ལ་ཤར་མ་མྱོང་བའི་ཆེན་པོ་ཆེན་པོ་ཞིག་ཡིན་པར་མ་ཟད། ཟམ་པ་དང་རབ་ཁ་ཡང་མེད་པར། ཁྱོད་རང་ཆུ་བོའི་ཕ་རོལ་ཏུ་བརྒལ་བར་དོན་དངོས་ཀྱིས་བར་ཆད་བྱེད་ཐུབ་པར་ཐེ་ཚོམ་ཅི་ཡང་བྱེད་མི་དགོས། དེ་དུས་ཁྱོད་ཀྱིས་ཁྲ་ཆུང་མིག་ཟུང་བར་ནས་འབོར་མི་ཐུབ་པ་ནི་ཆུ་བོའི་ཕ་རོལ་གྱི་བོད་སྨན་ཁང་དང་མགོ་བོ་སྒུར་སྒུར་དུ་གནས་པའི་ཁྱོད་ཀྱི་རྨོ་བོ་དང་བཅས་པའི་ནད་པ་དག་རེད། ཆུ་ཆེན་འགྲམ་ནས་ཁྱོད་ཀྱི་སེམས་སུ་འཇིགས་སྐྲག་དང་རེ་ཆད་ཀྱི་རླུང་ནག་འཚུབ་ཀྱང་། རྨོ་བོས་སྔོན་ཆད་བཤད་པ་བཞིན་ཆུ་ཆེན་དེའི་མཐའ་འགྲམ་ནས་རྡོ་གྲུ་བཞི། རྡོ་ནར་ནར། རྡོ་འཇོང་འཇོང་སོགས་རྡོ་ཆེན་པོའི་རིགས་ཇི་སྙེད་ཅིག་ཆུ་ནང་དུ་གཡུགས་ཀྱང་། སྔར་བཞིན་ཆུ་བོའི་ཕ་རོལ་ཏུ་བརྒལ་མ་ཐུབ།

“ང་ལ་ལེགས་སྐྱེས་ཤིག་སྟེར་ཆོག་གམ།”

“ལེགས་སྐྱེས་ཅི་ཞིག”

“རྡོ་བ་ཞིག་ཡིན་ཡང་ཆོག” ཆུ་ཆེན་དེའི་འགྲམ་ནས་ཁྱོད་ཀྱིས་ཡང་བསྐྱར་དགའ་གྲོགས་ལ་བཏོན་མྱོང་བའི་རེ་བ་འདི་འདྲ་ཞིག་ཡིད་ལ་དྲན་བྱུང་། ཁྱོད་ཀྱི་སེམས་སུ་མི་གཉིས་ཀྱི་བརྩེ་བ་འདི་ཨ་གསར་རྐྱང་རྐྱང་གི་ལམ་དུ་སོང་ཚེ་སྙིང་བོ་མི་འདུག་སྙམ། དེ་ནི་ཁྱོད་ཁོ་ན་མ་ཡིན་པར་མི་ཚང་མས་འདི་འདྲ་བསམ་ཐུབ་སྙམ་ན་ཁྱོད་ལ་དགོད་རྒྱུ་ཞིག་ཀྱང་ཡོང་། དེ་ནས་ཁྱོད་ཀྱིས་རྒྱུ་མཚན་མེད་པར་དོན་དག་གཞན་ཞིག་ཡིད་ལ་འཁོར་བྱུང་།

“ཁྱོད་མི་སྲ་མོ་རྡོ་དང་འདྲ་བ་ཞིག་ལ་མནའ་མར་སྟེར་དགོས་པས། སྨན་ཁང་ནང་ནས་ཤུ་རེ་བྱོས།” ཁྱོད་རྒྱའི་སྒེར་ཚུགས་སྨན་ཁང་ནང་བྱ་བ་བསྒྲུབས་ནས་ཟླ་བ་གསུམ་འགོར་དུས། ཁྱོད་ཀྱིས་ཨ་ཕས་རྒྱ་ལྭ་ཞིག་གྱོན་ནས་ཁྱོད་ལ་ལྟ་རུ་ཡོང་བ་དང་། ཁོས་ཁྱོད་ཀྱི་མ་འོངས་པ་ཡང་ཡང་གླེང་མོད། ཁྱོད་ལ་ཁ་ཡ་བྱེད་འདོད་མ་བྱུང་།

རྨི་ལམ་ནང་གི་ཆུ་བོ་ཇེ་ཆེ་ནས་ཇེ་ཆེ་ཡིན་ལ། ཆུ་ནང་དུ་འཕངས་པའི་རྡོ་དང་ཆུ་འགྲམ་གྱི་རྡོ་བ་ཚང་མ་མི་སྣང་བར་གྱུར། ཆུ་བོའི་ཕ་རོལ་གྱི་བོད་སྨན་ཁང་དང་རྨོ་བོ་དང་བཅས་པའི་ནད་པ་དག་ཀྱང་ཁྱོད་ཀྱིས་མཐོང་ལམ་ནས་བོར།

སྐབས་དེར་ཁྱོད་ཀྱི་སེམས་སུ་འཇིགས་སྐྲག་དང་ཡིད་ཆད་ལས་མེད་མོད། ཕ་མ་གཉིས་ཀྱིས་ཁྱོད་ཀྱི་མིང་ནས་ཡང་ནས་ཡང་དུ་འབོད་བཞིན་ཡོད་པ་ཐོས་འཛིན་གྱི་རྣ་ལམ་ནས་གསལ་ལ་མི་གསལ་བ་ཞིག་གོ་བྱུང་། དེ་དུས་ཁྱོད་ཀྱིས་ད་གཟོད་འདི་དག་ཡོད་ཚད་རྨི་ལམ་ཡིན་པ་རྟོགས་ཤིང་འཇིགས་སྐྲག་དེ་འདྲ་ཞིག་སྐྱེ་དགོས་དོན་མི་འདུག་སྙམ། དེ་ནས་ཁྱོད་ཀྱིས་མིག་ཟུང་ཕྱེས་ནས་གང་སར་བལྟས་མོད་ཁྱོད་ད་དུང་ནག་ཐོམ་མེར་གྱུར་པའི་ས་དོང་ཆེན་པོའི་ནང་དུ་ཡོད། ཁྱོད་ཀྱིས་རང་ཉིད་ས་དོང་ནང་ནས་ཕྱིད་ལ་ཉེ་བསམ་ན་སེམས་སུ་གྲང་འདར་ཞིག་བྱེད་དགོས་ཐུག་པ་དང་། མགྱོགས་མྱུར་ངང་ཡར་ལངས་ནས་ས་དོང་ལས་ཕྱིར་འབུད་འདོད་དུས་ཁྱོད་ཀྱི་ལག་ཏུ་རྡོ་ཞིག་བཟུང་ཡོད་པ་མཐོང་ལ་སེམས་སུ་མཚར་སྣང་ཆེན་པོ་བྱུང་བ་མ་ཟད། ཁྱོད་སླར་ཡང་ས་དོང་ནང་དུ་འགྱེལ་ནས་ཡར་ལངས་མི་ཐུབ་པར་གྱུར། དེ་དུས་ཁྱོད་ཀྱིས་ཕ་མ་གཉིས་འབོད་འདོད་ཀྱང་ཁྱོད་ལ་སྐད་ཆ་བཤད་པའི་ནུས་པ་མེད་པར། ཁྱོད་ཀྱིས་སྔར་བཞིན་ས་དོང་ནང་ནས་ལག་ན་ཡོད་པའི་རྡོ་བ་ཆུང་ཆུང་དེ་ལ་བལྟ་འདོད་བྱུང་། ཡིན་ནའང་མཇུག་མཐར་ཁྱོད་ལ་མིག་ཟུང་ཡང་ཕྱེ་བའི་ནུས་པ་མེད་པར་གཉིད་མ་སད་དང་ཤི་མ་གསོན་དུ་ས་དོང་ནང་ནས་ལྷག་སོང་། ཁྱོད་དེ་ལྟར་ས་དོང་ནང་ནས་རྡོ་བ་ཞིག་དང་མཉམ་དུ་ལྷག་སོང་།

※ ལག་སྣོད་ནི་ཨ་མདོའི་ཁ་སྐད་དེ། ཅ་ལག་ཙག་ཙིག་འཇོག་སའི་ཁང་མིག་ལ་ཟེར།(《ཨ་མདོའི་ཁ་སྐད་ཚིག་མཛོད》དུ་གསལ།)    

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།