ཀྲུང་གོ་བོད་ཀྱི་དྲ་བ།

དབྱར་ཟླ་ར་བའི་ཐན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་།   སྤེལ་དུས། : 2019-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རི་ཁུག་གི་ཞིང་གྲོང་འདི་གཉིད་ཀྱི་གཏིང་རིམ་དུ་བྱིང་བ་ན། ཁོ་གཉེར་རིས་ཤིག་ཤིག་གིས་གོ་ཁ་རུ་མངོན་བྱུང་།

མོས་ཁོར་ལྟ་བཞིན“སྤོ་བོ་ཁྱོད་ཀྱིས་ང་གཅིག་པུ་ཁང་རྙིང་འདིའི་ནང་བསྐྱུར་ཏེ……ཨུན་ཨུན”བཤུམ་སྐད་དེ་དང་ལྷན་དུ།གཉེར་རིས་ཤར་ཤུར་གྱི་སྐྱི་མོས་རུབ་སྟེ་སྲན་རྡོག་གི་ཆེ་ཆུང་ལས་མེད་པའི་མིག་ཀོང་ལས་མཆི་མ་རྙོག་པོ་ཞིག་རགས་ལས་ཤོར་བ་བཞིན་ནར་གྱིས་ཕྱུངས་སོང་།གཤེར་གཟུགས་ནར་ནུར་དེའི་རྒྱུན་བུ་མཁུར་མགོ་རུ་དུམ་བུར་ཆད་པ་ན།དེ་ནི་ལྕགས་ནག་གི་སེར་བ་སྟོང་ཕྲག་དུ་མ་དང་འདྲ་བར་ཕ་གིའི་ཁོའི་ལུས་ཀྱི་ཕྱི་ནང་གཉིས་ཀ་བརྟོལ་ཏེ།གློ་སྙིང་གི་ཁོང་གསེང་དུ་དྲག་ཏུ་རྒྱུག་པ་ལྟར་ཁོར་འཁུན་སྒྲ་ཞིག་དབང་མེད་དུ་ཤོར་སོང་།ཁོས་ཨམ་གཙིགས་ཤིག་སྡོམ་གྱིན་ལག་པ་གཉིས་ཀས་བྲང་གཞུང་སྐྱོར་ཞིང་།ལུས་སྒུར་སྒུར་ངང་ཤུགས་རིང་ནར་ནར་དུ་འབྱིན།དེ་ལྟར་ཡུད་ཙམ་ཕྱིན་པ་དང་།ཁོ་ག་ལེར་ཡར་དགྱེ་ཞིང་མོའི་ཕྱོགས་སུ་འཁོར།ཁོའི་ན་ཟུག་གི་མནར་གཅོད་མྱངས་པའི་གདོང་ལ་འཁང་ར་དང་སྐྱོ་སྣང་འདྲེས་མའི་མདངས་ཤིག་འཁྱུག་གིན་འདུག་མོད།འོད་དཀར་སྐྱ་འཕྲོ་བའི་གློག་སྒྲོན་འོག་གི་གཟུགས་པོ་ལོ་ན་བཅུ་ཡི་བྱིས་པའི་ཚད་ཙམ་དང་།སྐྲ་ལོ་ཐལ་མདོག་ཏུ་གཟེངས་ཤིང་།ངོ་གདོང་ཡང་དེ་བཞིན་དུ་ལ་ཕུག་བཞིན་རྙིད་ཅིང་རིད་པའི་མོ་མིག་ལམ་དུ་རྒྱུ་བ་ན་ཅི་ཡང་མི་ཟེར།

རེ་ཞིག་འགོར་རྗེས་ཁོས་མོ་ལ“ངས་ཁྱོད་བསྐྱུར་ཏེ་འགྲོ་ག་ལ་ཕོད།འགྲོ་མ་ཕོད་པས་འཇིག་རྟེན་འདི་ཕྱིའི་མཚམས་སུ་ལུས་སོང་།སང་ཉིན་ནས་བཟུང་ཁྱོད་ཀྱིས་མིག་ཆུ་མི་འདོན་པར་ཞུ།ང་ལ་མཁོ་བ་མཆོད་མེ་བསྒྲོན་རྒྱུ་དེ་ཡིན”ཞེས་བཤད་པ་དང་།ཡང་མཐུད་དེ“ཁྱོད་ཀྱིས་མཆི་མ་ཐེངས་གཅིག་བཏོན་ཚེ།ང་ལ་མཚོན་ན་ལྕགས་ནག་གི་སེར་བ་གྲངས་མེད་རེད།འོན་ཀྱང་ཁྱོད་ཀྱིས་མཆི་མ་འདོན་རྐྱང་བྱས་ཏེ།མཆོད་མེ་བསྒྲོན་རྒྱུ་དང་ཚ་གསུར་འཇོག་རྒྱུ་བརྗེད་སོང་བས།ངས་མུན་ནག་གི་ནང་ནས་གར་འགྲོའི་ལམ་མ་རྙེད་ལ།ལྟོགས་སྐོམ……”ཁོས་བུ་ཕྲུག་ཅིག་གིས་རང་གི་མ་ལ་འཁོང་བྱེད་པ་བཞིན་སྐད་འདར་འདར་གྱིས་དེ་ལྟར་བཤད་པ་ན།མོ་ལ་ཆད་པའི་བུ་ལོན་ཞིག་མ་བསབས་པའམ་ཁས་འཆེས་པ་གང་ཞིག་དོན་ཐོག་ཏུ་མངོན་འགྱུར་མ་བྱུང་བ་ལྟ་བུའི་ནོངས་འགྱོད་ཅིག་དང་ཁ་སྐྱེངས་རྒྱུ་ཞིག་ལྷན་ཅིག་ཏུ་སྐྱེ་བྱུང་བས།མོས་མུ་མཐུད་དེ་ཁོའི་ཕྱོགས་སུ་བལྟ་མ་ཕོད་པར་མིག་ཕབ་སྟེ་བསྡད་བྱུང་།

ཁོ་མལ་དུ་ལྷུང་བ་དང་།མོས་ད་དུང་ཡང་ཁོ་མལ་ནས་ཡར་ལངས་ཐུབ་པ་མ་ཟད།རྐང་བ་ཡང་ས་ལ་སྤོ་ཐུབ་སྙམ་མོད།ཁོ་ནི་རྒོད་པོ་སྒྲོག་གིས་བཅིངས་པ་བཞིན་འཕག་འཚག་ཇི་ལྟར་བྱས་ཀྱང་མཐའ་མར་སྒྲོག་དེ་ལས་ཐར་མ་བྱུང་།ཁོའི་དབུགས་ལྷེམ་ལྷེམ་ཕྱེ་མ་ལེབ་ཀྱི་གཤོག་སྒྲ་ལྟར་གཉོམ་པ་དེ་རིམ་གྱིས་ཆད་ཅིང་།མོར་འཇུས་པའི་ལག་པ་དེ་ལྷོད་པ་ན།མོ་ནི་གཅིག་པུ་ལུང་སྟོང་ཞིག་ཏུ་བསྐྱུར་ཞིང་།ཁོ་ཡང་གྲོགས་མེད་ལུང་སྟོང་ཞིག་ཏུ་སྐྱོད་འདྲའི་ཚོར་བ་ཞིག་གིས་མོའི་རྒྱབ་གཞུང་རིལ་བོ་འཁྱག་ཤུར་ཤུར་དུ་བཏང་།ཡིན་ན་ཡང་མོའི་ངུ་ངག་དང་མཆི་མ་ཡིས་ཁོ་ཐག་རིང་ཐག་རིང་གི་གནས་ཤིག་ལ་སླེབ་ཏུ་མ་བཅུག་པ་འདྲ།མོའི་ངུ་སྐད་དང་འགྲོགས་པའི་མཆི་མ་དེས་ཁྱོ་བོའི་མདུན་ཕྱོགས་སུ་ཆུ་བོ་རབ་མེད་ཅིག་བསྐྱིལ་སོང་བ་ཡིན་ནམ།ཁོ་ཕྱིར་འཁོར་ཏེ་འོངས་པ་འདིས་མོ་ལ་འཇིག་རྟེན་གསོན་ངོགས་སུ་སླར་ཡང་འཕྲད་པ་ལྟ་བུའི་བདེ་བ་དང་དགའ་བ་ཞིག་སྟེར་མོད།མོའི་མཆི་མ་རེ་རེ་ལྕགས་ནག་གི་སེར་བར་གྱུར་སོང་ཟེར་བ་འདིས་མོ་ལ་ཡང་གློ་སྙིང་དུམ་བུར་གཏུབ་འདྲའི་ཟུག་རྔུ་དང་འགྱོད་གདུང་ཞིག་གིས་མནན་ཡོང་།མོས་དེ་ལྟར་སྙམ་གྱིན་སླར་ཡང་མིག་གྱེན་དུ་བཏེགས་ཏེ་བལྟས་པ་ན།ཁོ་ནི་ཉིན་ཐུང་ཐུང་གི་རིང་ལ་བརླན་གྱིས་བཏང་བའི་སྡོང་གོག་ཅིག་དང་མཚུངས་ཤིང་།འོབས་སུ་ལྷུང་བའི་མིག་དང་ཚུར་བརྒྱངས་པའི་མཁུར་མགོ་རུ་ངལ་དུབ་དང་ཉབ་ཉོབ་ཀྱི་མདངས་ཀྱིས་ཁེངས་འདུག་ལ།མཆུ་འདབ་གཉིས་ལ་སེར་ག་གས་པ་ནི་ཁོགས་ལ་ཁད་པའི་སྡོང་ཤུན་ཞིག་དང་མཚུངས།

“བདེན་ཨང་།སྐབས་རེར་ངས་མཆོད་མེ་བསྒྲོན་རྒྱུ་དང་ཚ་གསུར་འཇོག་རྒྱུ་བརྗེད་པ་མ་ཟད།མ་ཎི་ཚར་རེ་འདོན་རྒྱུ་ཡང་ཁ་ནས་ཆད་འགྲོ།ངས་ཁྱོད་ལ་བསྔོ་སྨོན་མང་དུ་ཞུ་རྒྱུ་ཁས་བླངས་ཟིན་མོད།ཡིན་ཡང་ང་སྡུག་གི་ནང་འཁོར་ཏེ ……”

“ད་ཁྱོད་ཀྱིས་མུ་མཐུད་དུ་མཆི་མ་བཏོན་ཚེ་ངའི་རྣམ་ཤེས་བར་དོར་ལུས་སྲིད།”

“ཡ་ཡ།ཡིན་ཡང་སྡེ་བ་འདིའི་ནང་དུ་ང་ལ་ཤ་ཉེ་རིང་ཞེས་འབོད་ས་གཅིག་ཀྱང་མེད་པ་ཁྱོད་ལ་མི་གསལ་རྒྱུ་ཅི་ཡོད།ཕྱི་ཡོང་གི་ཨ་ཡེ་ཚེ་མོ་ང་སྙིང་མ་རྗེ།ཁེ་ཉིན་ཁྱོད་ཀྱི་ཚ་མོ་འུ་ཚང་གི་སྒོ་ཁ་བརྒྱུད་དེ་འགྲོ་བར།ངས་ནང་དུ་འགྲོ་ཞེས་བོས་ཀྱང་མོ་ཞིང་ཁར་བྲེལ་ནས་མ་ཡོང་ཐལ།”

མོས་དེ་ལྟར་བཤད་པ་ན།ཁོས་ཅི་ཞིག་ལ་བསམ་བློ་གཏོང་བ་ལྟར་ཡུད་ཙམ་ལ་ཅི་ཡང་མི་སྨྲ་བར་ཁུ་སིམ་མེར་བསྡད་བྱུང་།

སྐབས་དེར་གྲམ་ཆུའི་ཤང་ཤང་དང་།མཁར་གཉའི་དབྱར་སྡོང་རླུང་གིས་སྐྱོད་པའི་ཤག་ཤག་གི་སྒྲ་ཁང་མིག་འདི་རུ་རྒྱུ་ཡོང་ལ།སྡེ་བའི་བྱང་མཐའི་ལུང་ཤུར་ནས་བུས་པའི་ངུ་སྐད་ལྟ་བུའི་ཝ་མོའི་བརྒྱལ་སྐད་རེ་ཡང་འདི་ཕྱོགས་སུ་རྒྱུ་ཡོང་།

རེ་ཞིག་འགོར་རྗེས།ཁོས“ངས་རང་གི་ཚ་མོར་གཅེས་གཅེས་ཤིག་སུ་ལའང་གཅེས་མ་མྱོང་།རྡོ་ཀ་ར་རྡོག་པོ་གཅིག་ཡོད་རུང་བཟའ་མ་ཕོད་པར་མོ་ལ་བྱིན་པ་ཡིན།ང་ཤི་ཁར་མོ་ལ་ཨ་ནེ་ལ་སྐོར་རེ་རྒྱག་གིན་སྡོད་ཅེས་བཅོལ་གདམས་བྱས་ཟིན་མོད།འདི་ལྟར་བྱས་འགྲོ་བ་སུའི་ཡིད་ལ་འཆར་ཐུབ”ཅེས་བཤད་པ་དང་དབུགས་རིང་ཞིག་འཐེན་བྱུང་།“ད་ཁྱོད་མ་གཏོགས་ང་ལ་མཆོད་མེ་སྒྲོན་ནི་ཕར་ཞོག མ་ཎི་འདོན་ནི་ཞིག་ཀྱང་སྡེ་བ་འདིར་ཧ་ལམ་ཡོད་མི་སྲིད།ཡིན་ཡང་ཁྱོད་ཀྱིས་ཀྱང་མིག་ཆུ་ཁོ་ན་བཞུར་ཏེ།བསང་མཆོད་བྱ་རྒྱུ་དང་མ་ཎི་འདོན་རྒྱུ་བརྗེད་སོང་ན་ངས་ཇི་ལྟར་བྱ་ཨང་།ངའི་བེམ་པོའི་སྟེང་ལ་བྱ་འཁོར་མ་བྱུང་བ་ཁྱོད་ཀྱིས་ཀྱང་གོ་ལོས་ཡོད”ཁོས་དེ་སྐད་བཤད་པ་ན། ཉིན་དེར་དུར་ས་ནས་འོངས་པའི་སྐྱེས་པ་ཚོས་མོར་འཕངས་པའི་ཕངས་སེམས་དང་གདུང་སེམས་ཀྱིས་ཁེངས་པའི་མིག་མདངས་དེ་ད་ལྟ་སླར་ཡང་མོའི་མིག་ལམ་དུ་ཤར་ལ།སྡེ་མི་ཚོས་ལྐོག་ལྐོག་སུད་སུད་ངང“བྱ་འཁོར་མ་ཐལ”ཞེས་པའི་ཤབ་ཤུབ་ཀྱི་སྒྲ་དེ་སྔར་བཞིན་མོའི་རྣ་ལམ་དུ་གྲགས་བྱུང་།

མོས་ཅི་ཞིག་བཤད་རྩིས་ཀྱིས་ཁ་མུར་མུར་འགུལ་བ་ན།ཁོས“སྔོན་ཆད་ངས་ཀྱང་གཞན་གྱི་ཅི་ཟེར་བདེན་དུ་སྒོམ་བཞིན་དཀར་ནག་གི་དབྱེ་བ་མི་འབྱེད་པར་ཀི་འདེབས་རྐྱང་དང་ཁུ་ཚུར་གནམ་ལ་འཕྱར་ཏེ་རྒྱུག་རྐྱང་བྱས།སྨྱོ་རྟགས་མང་དུ་བསྟན་པས་མཐའ་མར་རང་གི་བེམ་པོ་བྱ་ཡིས་མ་བླངས་པ་འདི་རེད།ངོ་མ་དེ་དུས་ངའི་ཁོག་ལ་གདོན་ཞུགས་སོང”ཞེས་བཤད།

“ད་ནས་བཟུང་ངས་མཆོད་མེ་གང་ནུས་ཀྱིས་བསྒྲོན།ཁ་ཏོན་འཆག་མེད་དུ་འདོན།ཁྱོད་སེམས་བདེ་བར་གྱིས།”

“དེ་ལྟར་བྱ་ཐུབ་ན་བཟང་གི”ཁོས་འཛུམ་ཆུང་ཞིག་དམུལ་བ་དང་།ཅང་མ་འགོར་བར་གདོང་ལ་སླར་ཡང་སྐྱོ་ངལ་གྱིས་ཁེངས་སོང་།“ད་དེ་བྱོས།ང་འགྲོ་རན་སོང”ཁོས་གོམ་པ་ཡུན་གྱིས་ཕྱི་སྣུར་བྱས།“སྤོ་བོ་ཁྱོད་ད་དུང་ཅུང་ཟད་སྡོད་དང་།ང་ལ་ཁ་བརྡ་བྱེད་གྲོགས་ཤིག……”མོ་མཆོང་མ་ལྡིང་གིས་ཕར་སོང་སྟེ་ཁོ་ལ་འཐམ་འཁྱུད་བྱ་འདོད་ཀྱིས་དཔུང་བ་གཉིས་ཤུགས་ཀྱིས་བསྲིངས་མོད།ལག་པའི་ཁྱུད་མོ་རུ་ཁོ་མི་འདུག ཁོ་མགྱོགས་མྱུར་ངང་ཁྱིམ་སྒོར་གཏད་དེ་འགྲོ་བཞིན་གདའ།ཁོ་ཅང་མ་འགོར་བར་ལྷས་རར་ཡལ་ཞིང་།དེ་ནས་རླུང་བསེར་བུའི་འགྲོས་ཀྱིས་སྐད་ཅིག་ཙམ་ལ་རྒྱ་སྒོའི་ནང་རོལ་ཏུ་མངོན།མོ་ཇི་ལྟར་བརྒྱུགས་ན་ཡང་། ཁོས་མོ་རིང་དུ་བསྐྱུར་སོང་།

རུ་བར་གྱི་སྲང་ལམ་ན་དཀར་སིང་སིང་གི་ཟླ་འོད་ནི་ཆུ་བོ་ལྟར་བཞུར་གྱིན་འདུག་ལ། ཆུ་དེའི་ངོས་སུ་ཁོ་ནི་རྐང་མགྱོགས་བསྒྲུབས་པའི་མཐུ་རྩལ་པ་ཞིག་བཞིན་སྐྱོད།སྐབས་དེར་མོས་དབུགས་ཧལ་ཧལ་འབྱིན་པ་ལས་མུ་མཐུད་དུ་ཁྱར་ཁྱོར་གོམ་པ་མདུན་དུ་བསྒྱུར་མ་ཐུབ་པས།མོ་མར་བསྒུར་ཞིང་གློ་ལུ་རྒྱག་བཞིན“སྤོ་བོ་ཁྱོད་མ་འགྲོ་ཨང……”ཞེས་ལག་པ་གཡུག་གཡུག་གིས་གཡབ་མོ་བྱས་མོད།ཁོ་ནི་དེ་སྔ་ནས་སྲང་སྣེ་ནས་ཡལ་ཏེ་མཐོང་ལམ་དུ་མི་འདུག ངུ་ངག་ཕྲ་མོ་དེ་རླུང་གིས་ཤུགས་ཀྱིས་སྐྱོད་པའི་སྡོང་པོའི་ཤག་ཤག་གི་སྒྲ་དང་གྲམ་ཆུའི་ཤང་སྒྲར་འཐིམ་སྟེ་ཡུན་གྱིས་མི་གོ་བར་གྱུར་མོད།སྐབས་དེར་སྡེ་བའི་སྟོད་སྨད་བར་གསུམ་གང་ས་གང་ནས་ཁྱི་དག་ནི་དཀར་འཚེར་འཚེར་ཟླ་འོད་ཀྱི་མཚན་མོ་འདིར་གསལ་ལྷང་ལྷང་དུ་ཟུག་པ་ན།དེའི་མུར་མདུན་རྒྱབ་ཀྱི་ལུང་གྲོག་ནས་འབ་འབ་ཀྱི་བྲག་སྐད་རྩུབ་མོ་བསྟུད་མར་མཆེད་བྱུང་།

ཤིང་གི་སྒོ་ཆེན་དེ་ནས་བུད་མེད་དར་མ་ཞིག་མངོན་བྱུང་།བུད་མེད་དེས་རྒྱབ་ཏུ་སླེ་བོ་རྙིང་ཟད་ཅིག་ཁུར་ཅིང་ནང་དུ་ཁྱེམ་བུ་ཞིག་བཞག་འདུག མོ་སྡེ་བའི་དཀྱིལ་གཤགས་ཏེ་སྡེ་མཐའི་ཕྱོགས་སུ་བསྙེགས་པ་ན།མཐའ་རུ་ཟྭ་ཚེར་ཕོན་པོར་འཛིང་བའི་གཡོན་ཕྱོགས་ཀྱི་སྲང་ལམ་ནས་མོ་ལས་ལོ་གཞོན་པའི་བུད་མེད་ཅིག་ཚུར་འོང་བཞིན་འདུག ལོ་གཞོན་དེས་ཀྱང་རྒྱབ་ལ་ཁྱེམ་བུ་བཅུག་པའི་སླེ་བོ་ཞིག་ཁུར་འདུག

བུད་མེད་ལོ་གཞོན་དེས་བུད་མེད་དར་མ་ལ“ཁྱོད་ཀྱང་ཞིང་ཁར་འགྲོ་ཡི་ཡོད་དམ”ཞེས་ཁ་གྲགས་བྱུང་།

ཁོ་གཉིས་སྡེ་མཐའི་ལམ་འགྲམ་གྱི་མཁར་རྙིང་ཆུང་ཆུང་དེའི་ཉེ་འགྲམ་དུ་སླེབས་པ་ན།མཁར་རྙིང་དེ་ལས་ཤབ་ཤུབ་ཏུ་ཅི་ཞིག་ཟློ་བཞིན་པའི་སྐད་སྒྲ་ཞིག་གྲགས་འོང་།

“སྤོ་བོ་ལགས།ད་ནས་བཟུང་ངས་མིག་ཆུ་མི་འདོན་པར་སྲལ་ལེན་བྱས་ཏེ་ཁ་ཏོན་བྱ་རྒྱུ། འདི། དེ་རིང་ངས་མར་ཁུ་བཞུ་རྒྱུ་ཡིན”དང་ཐོག་མཉན་པ་ཙམ་གྱིས་མི་གཉིས་ཀྱིས་ཕར་ལབ་ཚུར་བཤད་བྱེད་པ་དང་འདྲ་མོད།རྣ་བ་བླགས་ཏེ་ཉན་དུས་མི་གཅིག་གིས་ཁེར་ལབ་བྱེད་བཞིན་པ་གཞི་ནས་ཤེས།

“ཨ་ཡེ་ཚེ་མོས་རྟག་ཏུ་འདི་ལྟར་ཁེར་ལབ་རྒྱག་གིན་འདུག”བུད་མེད་དར་མ་དེ་ལམ་དཀྱིལ་དུ་འགྲེང་སྟེ་དེ་སྐད་ཟེར།

བུད་མེད་ལོ་གཞོན་གྱིས་སྐད་གདངས་དམའ་མོས“འུ་གཉིས་རེམ་མར་འགྲོ།དེའི་འཕྲོར་ཨ་ནེ་མོ་སྒོར་ཡོང་སྟེ་འུ་གཉིས་རིག་ན།ནང་དུ་འགྲོ་ལ་ཁ་བརྡ་བྱ་ཟེར་ནས་འགྲོ་རུ་མི་འཇུག”ཅེས་གདོང་ལ་འཚུབ་ཆས་ཁེངས་བཞིན་གོམ་པ་མདུན་དུ་མྱུར་སྤོ་བྱས།

“སྡེ་བའི་ནང་དུ་ཤ་ཉེ་རིང་ཞིག་ཡོད་ན་བཟང་སྟེ།མོ་ལ་ཁ་བརྡ་དང་སེམས་གསོ་རེ་བྱས་ན་ཡང་དགེ་བ་ཞིག་ཡིན་མོད”བུད་མེད་དར་མས་སྔོན་ན་ཤོར་བའི་ལོ་གཞོན་དེའི་རྗེས་སྙེག་གིན་ཤབ་ཤུབ་ཏུ་དེ་འདྲ་ཞིག་བཟློས་ཤིང་། 

ཡང་གོམ་འགྲོས་ཅུང་ཟད་ཇེ་མགྱོགས་ཀྱིས་སྔུན་གྱི་མི་དེའི་དཔུང་བ་དང་གཤིབ་ལ་ཁད་བྱས་ཏེ“ཁྱོད་མོའི་སྤོ་བོའི(མཚོ་སྔོན་ཡ་རྫི་ཁོངས་ཀྱི་རྡོ་སྦིས་སོགས་བོད་སྡེ་ལ་ལའི་ལོ་ན་མཐོ་བའི་བགྲེས་མོ་ཚོས་རང་གི་བཟའ་ཟླ་ལ་སྤོ་བོ་ཞེས་འབོད་སྲོལ་ཆགས་ཡོད)ཚ་མོ་རེད།ཨ་ནེའི་རྩིབ་ལ་འགྲོ་ཡི་ཡོད་དམ”ཞེས་དྲིས་བྱུང་།

“ཞིང་ལ་ཡུར་མ་ཡུར་བ་དང་།ཆུ་གཏོང་མགོ་བརྩམས་པ་ནས་བཟུང་འགྲོ་ཁོམ་ཞིག་གང་ན་ཡོད།ངའི་སྐྱེས་པ་ཡང་ཞོར་ལས་ལ་སོང་སྟེ་ཡུལ་ན་མེད་པས”བུད་མེད་ལོ་གཞོན་གྱིས་བདེན་ཅོག་ཅོག་གིས་བཤད་པ་ན། བུད་མེད་དར་མས་ཡང་བསྐྱར་ཅི་ཟེར་རྒྱུ་མ་རྙེད་པ་ལྟར་ཁ་རོག་གེར་བསྡད།

བུད་མེད་དར་གཞོན་གཉིས་ཀ་གྲམ་ཆུའི་ཕ་རོལ་གྱི་རྣང་ཞིང་གི་བར་དུ་ཐོན་ལ་ཉེ།སྐབས་ཤིག་ལ་བུད་མེད་དར་མས“ཨ་ཡེ་ཚེ་མོ་སྙིང་རེ་རྗེ།རང་གིས་རང་ལ་ཟ་སྐོལ་འཐུང་སྐོལ་ཞིག་ཀྱང་བྲ་ཡི་ཡོད་མེད་ཤེས་དཀའ།བཟའ་ཟླས་ཀྱང་བློས་མ་ཆོད་ཅིང་།མོ་ལ་ཞེན་ཆགས་པ་ལོས་ཡིན།སྡེ་མི་མང་པོ་ཞིག་གིས་མུན་རུབ་ཁའམ་ནུབ་མོར་ཁོ་རང་ཚང་གི་སྒོ་ཁའམ།གཡུལ་ཁའི་ཁ་དང་ཆུ་རྫིང་ཁ་རུ་ལངས་ཡོད་པ་མཐོང་མྱོང་ཟེར་ལ།ངས་ཀྱང་ཐེངས་མང་པོ་ཞིག་ལ་མཐོང་མྱོང”ཞེས་བཤད་པ་དང་།ཡང་མཐུད་དེ“ད་ནི་ཞག་ཞེ་དགུ་འགོར་ཟིན།ཤི་བོ་ཁོས་རང་གི་རྣམ་ཤེས་འཁོར་ས་ཞིག་རྙེད་ཡོད་པའི་སྨོན་ལམ”ཟེར།

“ཨ་ཞང་ཁོ་ཕར་འཁོར་ཏེ་མི་འགྲོ་བར་ཕྱིར་ཡོང་སྟེ་ཅི་བྱ།”

“ཁོ་བཞུད་ཟིན་མོད།ཤུལ་གྱི་ཨ་ཡེ་སྙིང་རྗེ།ལོ་ན་མཐོ་བས་ལས་ཀ་ཅི་བྱེད་ཀྱང་ལུས་ཀྱིས་མི་ལྕོགས། ”

“ཨ་ནེས་ཀྱང་མིག་བཙུམས་སོང་ན་བཟང་ནི་རེད།ད་བསྡད་དེ་ཅི་བྱ”གཞོན་སྐྱེས་དེའི་ཁ་ནས་སྐད་ཆ་དེ་འདྲ་ཞིག་ཕྱུང་བར།ལོགས་ཀྱི་བུད་མེད་དེ་གློ་བུར་བ་ཞིག་ཏུ་བཏང་བས།གོམ་མཚམས་ངང་གིས་བཞག་སྟེ་ལོ་གཞོན་ཁོའི་གདོང་ལ་ཅེར་མོད།ལོ་གཞོན་གྱིས་ད་དུང་མཚམས་མི་འཇོག་པར“ལན་ཆགས་མ་དག་ན།ད་དུང་ལོ་འགའ་རེར་འདུག་ན་ཐང”ཞེས་རང་གི་ལོ་ཚོད་ལས་བརྒལ་བའམ་མི་རྒན་སུ་ཞིག་གི་ངག་ནས་ཐོས་པ་ཇི་བཞིན་བརྒྱུད་སྒྲོག་བྱེད་པ་ལྟ་བུའི་སྐད་ཆ་དེས་ལོ་ལྔ་བཅུར་ཉེ་བའི་བུད་མེད་དར་མ་ཁོར་སྔར་བས་ཀྱང་ཧད་དུ་བཅུག་སོང་།

དབྱར་ཟླ་ར་བའི་ནང་ཡིན་ན་ཡང་།གནམ་ནས་ཆར་ཐིགས་གཅིག་ཀྱང་མ་བབས་པས།རི་གྲོང་འདིའི་སྒང་གཤོང་ཀུན་གྱི་རྩྭ་ལྗང་རྣམས་ཉི་མས་སྐེམ་སྟེ་ལོ་འདབ་དག་ཐུར་དུ་དཔྱངས་ཤིང་ཉམས་ཤོར་འདུག་ལ།ཐོག་ཏུ་རྐང་བས་བརྫིས་ཚེ་ཧྲོག་སྒྲ་ཞིག་ལོས་གྲགས་ཡོང་སྙམ།སྐབས་རེར་ལམ་བུ་དག་ཏུ་གློ་རྡེག་ཏུ་ཐན་རླུང་ལྡང་སྟེ་ས་རྡུལ་ཡར་འཕྱུར་ཞིང་ནམ་མཁའ་སྐྱ་མོག་གེར་བཏང་འགྲོ།ཞིང་ནང་དུ་ཡུར་མ་ཡུར་བའི་མ་སྲུ་ཚོས་མཚམས་མཚམས་སུ་ཁོག་སྟོད་ཡར་དགྱེ་ཞིང་།མགོ་དཀྲིས་བླངས་ཏེ་གདོང་དང་སྐེ་ཡི་རྔུལ་ཆུ་འབྱིད།ཞིང་དུ་ཆུ་འདྲེན་པའི་ཕོ་སྐྱེས་ཚོས་ཀྱང་ལྕགས་ཁེམ་ས་ལ་བཙུགས་པ་དང་།ཞྭ་མོ་བླངས་ཏེ་ཡུར་མ་ཡུར་བའི་མ་སྲུ་ཚོ་བཞིན་གདོང་དང་སྐེ་ཡི་རྔུལ་ཆུ་འབྱིད་ལ།ཚང་མས་ཆར་ཆུ་མི་འཇོ་བར་ཚ་ལམ་ལམ་གྱི་ཉི་འོད་ཁོ་ན་སྤྲོ་བའི་མཁའ་དབྱིངས་སུ་ཅེར་བཞིན་གདོང་ལ་དོ་ཚིགས་ཐན་སྐམ་གྱི་ལོ་ཞིག་མིན་ནམ་སྙམ་པའི་སེམས་ཁྲལ་ལམ་ཡི་མུག་ཅིག་གིས་ཁེངས་འདུག

ཉིན་ཕྱེད་ཡོལ་བ་ན།ཉི་འོད་སྔར་བཞིན་མི་རྣམས་ཀྱི་ཀླད་པའི་གཙུག་དང་རྒྱབ་གཞུང་དུ་དྲང་ཐད་ཀྱིས་ཟུག་འོང་བས།མེ་ཡིས་སྲེག་པ་ལྟར་བཟོད་དཀའ།ཚ་གདུག་གིས་ཡུར་མ་ཡུར་མཁན་ཚོའི་མིད་པ་ཡང་སྐམ་དུ་བཅུག་སོང་།མ་སྲུ་ཚོས་ཁྱེམ་བུ་ས་ལ་འཛུགས་མཚམས་བཞག་པ་དང་དེ་ཁྱེར་ཡོང་སྟེ།ཞིང་ཁའི་སླེ་བོའི་ནང་འཕངས།ཁོ་ཚོ་མི་བཞི་དང་གསུམ་མམ་གཉིས་བྱས་ཏེ་ཤུལ་ལམ་དུ་ཞུགས།ཚ་གདུག་གིས་ཁོ་ཚོ་ཉབ་ཉོབ་སྒྱིད་ལུག་པར་གྱུར་ན་ཡང་སོང་གིན་སོང་གིན་ཚ་བྱོལ་ལ་བྲེལ་བའི་ལུག་སྐོར་ཞིག་དང་འདྲ་བར་གོམ་པ་མྱུར་སྤོ་བྱས།སྔ་དྲོ་ལྷན་དུ་ཞིང་ཁར་འོང་བའི་བུད་མེད་དར་གཞོན་དེ་གཉིས་ད་ལྟ་ཡང་འགྲོ་རོགས་གཅིག་ཏུ་ཁེལ་འདུག

“ཚ་བ་འདི་འདྲའི་ཆེ་བ་ལ།”

“ངོ་མས་དྲུག་པའི་ཙད་པ་ལྟར་བསྲེག་ལ་ཁད་དུ་གཏོང་།”ཁོ་གཉིས་ཀྱིས་མགོ་སྒུར་གྱིན་ཁ་བརྡ་བྱེད་བཞིན་འགྲོ།

ཁོ་གཉིས་གྲམ་ཆུ་བརྒལ། ཁོ་གཉིས་དང་བར་ཐག་ཅུང་ཙམ་ཡོད་པའི་ས་ན་མ་སྲུ་གསུམ་འགྲོ་ཡི་འདུག ལམ་འགྲམ་གྱི་མཁར་རྙིང་དེའི་སྒོ་ཁ་ན་ཨ་ཡེ་ཚེ་མོའི་གཟུགས་པོ་ཐུང་ཐུང་དེ་ལྕོག་ལྕོག་འགུལ་ཞིང་།མོ་ཞིང་ཁ་ནས་ལྡོག་པ་དེ་ཚོའི་ཕྱོགས་སུ་འཁོར་ཏེ་ལག་པ་ཐུང་ཐུང་ཀྲབ་ཀྲབ་ངང་ཅི་ཞིག་ལབ་ཀྱིན་འདུག མ་སྲུ་དེ་ཚོས་ཀྱང་ཨ་ཡེ་ཚེ་མོར་གཏད་དེ་ལག་པ་གཡུག་གཡུག་བྱེད་ཀྱིན་གོམ་པ་རིང་ལེན་གྱིས་མདུན་དུ་བུད་སོང་།

མ་སྲུ་དེ་ཚོ་སོང་བའི་རྗེས་ན་ཡུན་རིང་པོར་ཆར་ཆུས་ཆག་ཆག་མ་བཏབ་པའི་ཨར་འདམ་གྱི་སྲང་ལམ་དེ།ཉི་མའི་ཚ་ཟེར་གྱི་འོག་ན་སྔར་བས་ཀྱང་གྱོང་ཞིང་མཁྲེགས་པོར་སྣང་ལ།ལྡོག་འོད་མིའི་མིག་བརྩེ་བ་ཞིག་བར་མེད་དུ་གྱ་གྱུར་འཁྱུག་གིན་འདུག

ཨ་ཡེ་ཚེ་མོས་བུད་མེད་དེ་གསུམ་པོའི་རྒྱབ་ཕྱོགས་སུ་འཕངས་པའི་མིག་ཞགས་ཚུར་བསྡུས་པ་དང་།ཁ་ཚུར་འཁོར་ཏེ་རྗེས་ན་འོང་བཞིན་པའི་བུད་མེད་དར་གཞོན་དེ་གཉིས་ཀྱི་ཕྱོགས་སུ་ཅེར།

ཨ་ཡེ་ཚེ་མོས་ནམ་མཁའི་མཐོངས་སུ་བལྟས་ཙམ་བྱས་རྗེས“དེ་རིང་གི་ཚ་གདུག་ལ་ལྟོས་དང”ཞེས་བཤད་ཀྱིན་བུད་མེད་དར་གཞོན་གཉིས་ལ་གཉེར་རིས་ཤིག་གེར་འཛུམ་མདངས་ཤིག་ཕྱུང་།

བུད་མེད་དར་མ་དེས་འགྲོ་མཚམས་བཞག་སྟེ་ལམ་ནང་དུ་ལངས་བསྡད། “ཨ་ཡེ་ཚེ་མོ་ཁྱོད་ཀྱིས་མགོར་ཞྭ་ཞིག་ཀྱང་མི་གྱོན་པར”མོས་མགོ་དཀྲིས་ཀྱིས་གདོང་གི་རྔུལ་ཆུ་འབྱིད་ཀྱིན་དེ་སྐད་བཤད།

“ང་སྒོར་ཡོང་སྟེ་ཅང་མ་འགོར།ཁྱོད་གཉིས་ངེད་ཚང་ལ་སོང་ནས་ངལ་ཞིག་གསོས་རྗེས་སོང་ན……”

“ཡ་ཡ”བུད་མེད་དར་མ་དེས་འཛུམ་དམུལ་ལེར་བཤད་རྗེས།ལོགས་ཀྱི་ལོ་གཞོན་གྱི་ཕྱོགས་སུ་འཁོར།ཡིན་ན་ཡང་ལོ་གཞོན་གྱི་གདོང་གི་སྨིན་དབྲག་ན་མི་འཐད་པའི་གཉེར་མདུད་ཅིག་བརྒྱབ་འདུག

ཨ་ཡེ་ཚེ་མོ་ཚུར་ཡོང་སྟེ་བུད་མེད་དར་མ་དེ་སྟོན་བཞིན་སྐད་མགོ་ཅུང་མཐོན་པོས“ཁོ་ལ་འདུག་ཁོམ་ཡོད་ན།ཁྱོད་ལ་ཅིའི་ཕྱིར་འདུག་ཁོམ་མེད།དུ་ཕྱི་ཡང་ཁྱོད་འགྲོ་ཁ་མི་ཉན།ང་ཁྱོད་ཀྱི་ཨ་ནེ་མིན་ནམ”ཞེས་བཤད་ཀྱིན་བུད་མེད་ལོ་གཞོན་གྱི་ལག་པར་འཇུས།གཟུགས་གཞི་ཐུང་བའི་ཨ་ཡེ་ཚེ་མོ་དེ་ལྟར་ཁྱོ་གའི་ཚ་མོའི་མདུན་དུ་འགྲེང་ཚེ།དངོས་གནས་བྱིས་པ་ཞིག་གིས་རང་གི་ཨ་མར་རེ་བ་འདོན་པའམ་ཅི་ཞིག་སློང་བཞིན་པ་དང་འདྲ།

“འགྲོ་ཡ།འུ་གཉིས་ཀྱིས་ངལ་ཅུང་ཟད་གསོས་རྗེས་འགྲོ”བུད་མེད་དར་མ་དེས་ཀྱང་དེ་ལྟར་བསྐུལ་བ་ན།ལོ་གཞོན་གྱིས་ཀྱང་ངོ་བཟློག་མ་ཐུབ་པས་ཨ་ནེ་དང་ཞིང་ཁར་འགྲོ་རོགས་གཉིས་ཀྱི་རྗེས་དེད།

མར་དྲི་དང་ཚིག་དྲི་འདྲེས་མ་ཞིག་མཁར་རྙིང་འདིའི་ནང་རོལ་ཀུན་ཏུ་འཐིབས་འདུག

“ངས་ད་ནངས་མར་ཁུ་བཞུས་པ་ཡིན”ཨ་ཡེ་ཚེ་མོས་བུད་མེད་དར་གཞོན་གཉིས་ཀ་གྲིབ་བསིལ་བཀུག་པའི་ཁྱམས་འོག་ཏུ་འཁོད་རྗེས་དེ་སྐད་སྨྲས།“ངས་དེ་དགོང་སྤོ་བོ་ལ་མར་མེ་ཚེ་འབར་རེ་བསྒྲོན་རྒྱུ་ཁས་བླངས་ཡོད།”

“ཁྱོད་ངར་བ་ཡིན་པ་ལ།ཤི་བོར་དགོས་པ་དེ་ཡིན་ནི་རེད”བུད་མེད་དར་མ་དེས་ཨ་ཡེ་ཚེ་མོ་ལ་ཡི་རངས་པའི་བསྔགས་བརྗོད་ཅིག་བྱས།

“ཨ་ཡེ་ཚེ་མོ།ཆུ་ཁོལ་མ་ལྡུག ང་ལ་ཆུ་འཁྱག་དཀར་ཡོལ་གང་བླུགས་དང་ཆོག”བུད་མེད་དར་མས་ཨ་ཡེ་ཚེ་མོས་ཚ་དེམ་བཟུང་ཡོང་བ་མཐོང་བ་དང་དེ་ལྟར་ཟེར།“ང་ལ་ཡང་ཆུ་འཁྱག་གིས་ཆོག”བུད་མེད་ལོ་གཞོན་གྱིས་ཀྱང་རྗེས་མཐུད་དེ་དེ་སྐད་བཤད།

སྡེ་བ་འདིའི་ཁྱིམ་དུད་ཕལ་མོ་ཆེའི་མཁར་སྟེང་དུ་ཆ་མ་བསྒྲིགས་ཏེ་བསྐོར་ཡོད་མོད།མཁར་ཆུང་ངུ་འདིའི་གྱང་སྟེང་རྩྭ་ལྡུམ་འཛིང་བའི་ས་རྗེན་ཁོ་ན་རེད།བུད་མེད་དར་མ་དེས་མིག་གཡེང་བྱེད་ཐེངས་ཤིག་གིས་ཁྱིམ་འདིའི་ཁོ་ར་ཁོར་ཡུག་ཀུན་གསལ་པོར་མཐོང་ལ།ཐ་ན་སྲིབ་སའི་བྱ་འོག(བྱ་འདབ་ཀྱི་འོག)ན་ཆ་མ་རྐང་ཐུར་འགའ་དང་།འབུད་རྩྭ་ཕོན་པོ་ཙམ་ལས་མེད་པ་དེ་ཡང་མོའི་མིག་ལམ་ནས་མ་ཡལ།

སྐབས་ཤིག་ལ་ཨ་ཡེ་ཚེ་མོས“ད་ང་ཡང་ཤི་སོང་ན་འགྲིག་མོད།མི་དགོས་པ་ཞིག་ནི་ངའི་རུས་པ་སྲ་མོ་རེད”ཅེས་ངུ་མ་དགོད་ཀྱི་མདངས་དང་བཅས་བཤད་པ་ན།ད་ཅི་ནང་དུ་འོངས་པ་ནས་སྡོད་མི་བཟོད་པ་ལྟར་གདོང་ལ་བྲེལ་འཚུབ་དང་སུན་སྣང་གིས་ཁེངས་པའི་ཁྱོ་གའི་ཚ་མོས་ཕྱིར་ཅི་ཡང་མི་ཟེར་མོད།བུད་མེད་དར་མས་མྱུར་དུ“ཁྱོད་ཀྱིས་དེ་ལྟར་ཟེར་ག་ལ་རུང་།ལོ་ཅི་འདྲ་ཞིག་ལ་འདུག་ཐུབ་ན་དེ་རང་གི་བསོད་ནམས་རེད”ཅེས་བཤད་པར།

“ད་བསྡད་དེ་ཅི་བྱ”ཨ་ཡེ་ཚེ་མོས་མགོ་ཐུར་དུ་བསྣར་བཞིན་བཤད།

བུད་མེད་དར་གཞོན་གཉིས་ཀ་མཁར་ཆུང་ངུ་དེ་རུ་ཡུད་ཙམ་ལ་བསྡད་རྗེས་རང་རང་གི་ཁྱིམ་དུ་ལོག

“ཚད་ག་འདྲར་ལྷུང་ན་སྙིང་རེ་རྗེ།ཁང་ཆག་གན་གྱི་ནང་དུ་གཅིག་པུ་འདུག་དགོས།རབས་ཆད་རྒན་རྒོན་གཉིས་ལ་ཤ་ཉེ་རིང་ཡང་དེ་འདྲ་ཞིག་མེད”བུད་མེད་དར་མ་དེ་རང་ཁྱིམ་གྱི་ལྷས་རར་སླེབས་ན་ཡང་།སེམས་ད་དུང་ཨ་ཡེ་ཚེ་མོའི་ཚང་ནས་ཚུར་བསྡུ་མ་ཐུབ་པ་བཞིན་དེ་འདྲའི་ཁེར་ལབ་ཅིག་བྱེད་པར།མོའི་ཁྱོ་བོ་དགོད་ཀྱིན་ཁྱོད་ཀྱིས་ཅི་ཞིག་ལབ་ཀྱིན་ཡོད་དམ་ཞེས་དྲིས།མོས་ཡོང་ཁར་ཨ་ཡེ་ཚེ་མོ་ཚང་ལ་སོང་ཚུལ་དེ་ཁྱོ་ག་ལ་བཤད།

“ཨ་ཡེ་ཚེ་མོ་ལ་བླ་བྲང་ན་ཤ་ཉེ་རིང་ཞིག་ཡོད་སྐད་མོད།མོ་ཚང་ལ་འོང་བ་ཐེངས་གཅིག་ལ་ཡང་མཐོང་མ་མྱོང”ཁྱོ་གས་དེ་ལྟར་བཤད།

“བླ་བྲང་ན་ཨ་ཅེ་ཞིག་ཡོད་ནི་རེད་ཟེར།ཕལ་ཆེར་དེ་ཡང་སྔོན་ཞིག་ནས་ཤི་སོང་བ་འདྲ།”

ཁྱོ་གས“འོ་ལེ།བུ་བུ་མོ་མེད་ཁར་ཉེ་དུ་ཞིག་ཀྱང་མེད་ན་ངོ་མའི་སྙིང་རྗེ།”ཞེས་བཤད།ཡུད་ཙམ་འགོར་རྗེས་ཁོས་ཡང“འུ་གཉིས་ལ་བུ་བུ་མོ་བཞི་ཡོད་ཀྱང་ཚང་མ་རང་རང་གི་སར་སོང་སྟེ།རྩིབ་ན་གཅིག་ཀྱང་མེད་པ་མིན་ནམ།ཟ་སྐོལ་འཐུང་སྐོལ་ཚང་མ་འུ་གཉིས་ཀས་བྱ་དགོས”ཞེས་འདང་མི་ཕོག་པ་ལྟར་མགོ་བོ་གཡུག་གཡུག་བྱས།

“ཁྱོད་ཀྱིས་དེ་ལྟར་བཤད་སྲོལ་ཡོད་དམ།བུ་དང་མནའ་མ་གཉིས་ཀ་ད་ཟླ་གཅིག་འགོར་ན་ཞོར་ལས་ནས་ཡོང་སྲིད།བུ་ཕྲུག་གཞན་ཚོས་ཀྱང་འུ་གཉིས་ལ་ལོ་གཅིག་ནང་སྐོར་བ་ཐེངས་འགའ་བྱེད་ཀྱིན་ཡོད།འུ་གཉིས་དང་འདྲའམ”ཆུང་མས་ཁྱོ་བོར་སྡང་མིག་ཅིག་བགྲད།

གུང་ཇ་འཐུངས་རྗེས།ཆུང་མས་འབུད་རྒྱུ་ལེན་བྱེད་ཀྱི་སླེ་ཆག་ཁུར་ཏེ་ཁང་ཐོག་ཏུ་སོང་།ཡོང་ཁར་མོའི་ལག་ན་ཆ་མ་ཤོག་གཅིག་ཀྱང་བཟུང་འདུག “ང་ཨ་ཡེ་ཚེ་མོ་ཚང་ལ་འགྲོ་རྒྱུ།མོའི་འབུད་རྒྱུ་ཚར་ལ་ཉེ”མོས་ཁྱོ་གས་རང་གི་ཅི་བྱེད་ལ་ཅེར་བ་མཐོང་བས་དེ་ལྟར་བཤད།

བུད་མེད་དར་མ་དེ་སྒོར་བུད་པ་ན།སྤྲིན་པ་ནག་ཡོར་ཡོར་ཞིག་སྨད་ཕྱོགས་ཨ་མྱེས་སྟོང་རིའི་མཁའ་དབྱིངས་ན་འཁྲིགས་ཀྱིན་པ་མཐོང་།“ཆར་བ་ཤག་ཤག་ཅིག་འབབ་ཐུབ་བྱུང་ན་ཅི་མ་རུང”མོས་སྨོན་ལམ་རྒྱག་གིན་ཨ་ཡེ་ཚེ་མོ་ཚང་གི་ཕྱོགས་སུ་ཕྱིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།