ཀྲུང་གོ་བོད་ཀྱི་དྲ་བ།

མི་སྐད་གོ་བའི་རྟ་ཕོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བྱང་གྲོལ།   སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

དགུན་ཟླ་བཅུ་པ་འབྲོག་ཐང་ནི་པིར་སྨྱུག་མཁན་པོས་བྲིས་པའི་རི་མོ་ཞིག་དང་འདྲ་བར་ཁུ་སིམ་མེར་གནས་ཤིང་། ཨ་ཁུ་ཀླུ་སྐྱབས་ཚང་གི་སྦྲ་ནང་ནས་མཆེད་པའི་དུ་སྤྲིན་སྔོ་ལྷོག་ལྷོག་ཏུ་འཕྱུར་བཞིན་པ་ནི་གཡུ་འབྲུག་རྒྱུ་བའི་ཟོལ་གྱིས་བར་སྣང་དུ་འཐེན་འདུག་པ་ཡང་དཀར་གསལ་ཟླ་ངོགས་སུ་ཧ་ཅང་གསལ།

ཨ་ཁུ་ཀླུ་སྐྱབས་ཚང་གི་སྦྲ་གུར་གྱི་གཤམ་དུ་རྟ་ཕོ་ཞིག་བཏགས་འདུག་ཅིང་། ལོ་འགའ་ལ་བསྟུད་མར་རྟ་རྒྱུག་ཁྲོད་དུ་ཨང་དང་པོ་བླངས་མྱོང་བས་ཀུན་གྱིས་གཤོག་པ་དྲུག་ཡོད་པ་དང་འདྲ་ཞེས་གཤོག་དྲུག་ཅེས་འབོད། གཤོག་དྲུག་ནི་དངོས་གནས་མིང་དོན་གཉིས་མཚུངས་ཀྱི་ཅང་ཤེས་རྟ་མཆོག་ཅིག་སྟེ། རྒྱང་ནས་བལྟས་ན་ཁོག་སྟོད་སེང་གེ་འགྱིང་འདྲ་དང་རྔ་རྔོག་དར་དཀར་འཕྱར་འདྲ། རྒྱུད་པ་རྒྱ་གཞུ་བཀུག་འདྲ། ཁོག་སྨད་ཁྱི་རོ་དྲུད་འདྲ་ལྟར་རྟའི་ཁྱད་ཆོས་མ་ཚང་བ་མེད་པར་ཀུན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་ལ། གམ་དུ་བཅར་ནས་ཞིབ་ཏུ་བལྟས་ན་འབྲོང་གི་རྭ་བ་ལྟར་རྣ་ཅོག་གི་བར་ཡངས་ཤིང་། སྦལ་བ་རྒྱལ་མོའི་མིག་ལྟར་དུ་མིག་ཁྲོམ་སྒམ་པོ་ཡིན་ལ། ཙི་ཙི་ར་མ་ལྟར་དུ་གདོང་རིང་ཞིང་ཕྲ་བ། སེང་གེ་དཀར་མོའི་རྣ་བུག་བཞིན་དུ་རྣ་བུག་གོར་ཅིང་ཆེ་བ། དམར་ཡག་སྟག་གི་ཁ་ཤ་བཞིན་དུ་ཁ་ཤ་ཆེ་ཞིང་ལྷབ་ལྷབ་ཡིན་པ། འབའ་འབའ་ལུ་གུའི་འགྲམ་རུས་ཇི་བཞིན་ལེབ་ཅིང་ཆུང་བ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཀུན་ནས་བརྒྱན་ཡོད་པས། སུས་མཐོང་ན་ཡང་རླུང་གི་ཤིང་རྟ་ནི་ཁྱོད་མིན་ན་སུ་ཡིན་སྙམ་པའི་འདོད་བློ་ཞིག་དབང་མེད་དུ་སྦྱིན་ཡོང་། གཤོག་དྲུག་གི་གམ་དུ་ད་རུང་ཐོ་རུ་ཞིག་ཡོད་པ་དེའི་མིང་ལ་འབུམ་ཐུབ་ཟེར་ཞིང་། དེ་ནི་ཨ་ཁུ་ཀླུ་སྐྱབས་ཚང་གི་ཨ་འབུམ་རྒྱལ་གྱིས་རྟ་འབུམ་བརྒྱ་ཐུབ་ནས་བྱ་དགའི་སྒོར་མོ་འབུམ་གཅིག་ལེན་ཐུབ་པའི་རེ་འདོད་ལྟར་དུ་བཏགས་པ་རེད། འབུམ་ཐུབ་དང་གཤོག་དྲུག་ནི་རྟ་རྒྱུད་གཅིག་ཡིན་པས་གཤོག་དྲུག་དང་འདྲ་བར་ཁྱད་ཆོས་མ་ཚང་བ་མེད། གཤོག་དྲུག་སང་ཉིན་རྟ་རྒྱུག་ལ་ཞུགས་དགོས་པས་སེམས་ཁུར་གྱིས་ཁེངས་ཡོད་ཀྱང་། འབུམ་ཐུབ་ལ་སྣང་བ་ཅི་ཡང་མེད་པར་གཤོག་དྲུག་གི་གམ་དུ་ལག་རྡབ་རེ་བྱས་ནས་བསྡད།

“འབུམ་ཐུབ། སང་ཉིན་ཕུ་བོ་རྟ་རྒྱུག་ལ་ཞུགས་དགོས་པས། སང་ཉིན་ཐག་རིང་དང་ལུང་ཤུར་སོགས་སུ་འགྲོ་མི་ཉན་ཨ།” ཞེས་གཤོག་དྲུག་གིས་ངག་འཇམ་པོའི་ངང་ནས་སྣ་ཕུར་ཞིག་བྱེད་བཞིན་དུ་བཤད།

“ཕུ་བོ། ཁྱེད་ཀྱིས་སེམས་བདེ་མོ་བྱོས་དང་། སང་ཉིན་ཁྱེད་ཀྱིས་རྒྱལ་ཁ་བླངས་ནས་ཡོང་ན། ངས་འདི་ནས་བསུ་མ་བྱ་ངེས། སང་ཉིན་ཁྱེད་ཀྱིས་རྒྱལ་ཁ་ལེན་པར་སྨོན”ཞེས་འབུམ་ཐུབ་ལོགས་ཤིག་ཏུ་བསྡད།

གཤོག་དྲུག་གི་སེམས་སུ་གནའ་དུས་དབྱར་ཁ་མེ་ཏོག་བཀད་དུས་སུ། རྟ་རྒྱུག་རེས་དང་མེ་ཏོག་འཐུ་རེས་བྱེད་སྐབས་ཡོད་ཀྱང་། ད་ལྟ་དགུན་དུས་ཀྱང་རྟ་རྒྱུག་བྱེད་པའི་སྲོལ་ཆགས་འདུག ལས་ཅི་འདྲའི་ངན་པ་ལ་ཨང་ཞེས་ཁེར་ལབ་ཅིག་བྱས།

སྐབས་དེར་སྦྲ་འདབས་ཀྱི་སྒོ་ཁྱིས་མར་གཤམ་གཞུང་ལམ་དུ་རླངས་འཁོར་རེ་འགའ་རྒྱུག་བཞིན་པ་མཐོང་ནས་ཡང་ཡང་ཟུག་པས། ཨ་འབུམ་རྒྱལ་སྦྲ་སྒོར་བུད་ནས་རྒྱང་ལྟ་ཞིག་བྱས་ཏེ་ཀི་རིང་ཞིག་བཏབ་རྗེས་ནང་དུ་ལོག

ཨ་མྱེས་ཀླུ་སྐྱབས་སྦྲ་ཡི་ཕུག་ཏུ་བསྡད་ནས་མ་ཎི་ལག་སྐོར་ཆུང་ཆུང་ཞིག་ཡོད་པ་དེ་སྐོར་བཞིན་ཨ་འབུམ་རྒྱལ་ལ་འདི་ལྟར་བཤད།

“ཨ། ཨ་འབུམ་རྒྱལ། སྤྱིར་ན་དགུན་གྱི་དུས་འདིར་རྟ་རྒྱུག་ལ་མ་ཞུགས་ན་བཟང་ཡང་། ཁྱོད་མི་ཁོག་གི། དེས་ན་ད་སང་ཉིན་ཚ་བོ་རིག་བཟང་འདི་ར་གཤོག་དྲུག་གཉིས་ཀ་སེམས་ཆུང་བྱེད་དགོས། བྱ་དགའ་མ་ལོན་ན་སྐྱོན་ཡོད་ནི་མ་རེད།”

“ཡ་ཡ། ཨ་ཕ། ད་རག་བར་དུ་གཤོག་དྲུག་གིས་བྱ་དགའ་ཏག་ཏག་བླངས་ནས་ཡོང་ནི་རེད། ད་ཐེངས་ཀྱང་འདང་རྒྱག་ཡོད་ནི་མ་རེད།”ཅེས་བུ་ཆུང་རིག་བཟང་གིས་མགོར་ཕུར་ཕུར་ཞིག་བྱེད་ཞོར་དུ་ལན་བྱིན།

“གནའ་དེང་མ་ཡིན་ན། དབྱར་དུས་སྤྲོ་གསེང་དང་བླ་མ་དཔོན་པོ་ཕེབས་ན་མ་གཏོགས་རྟ་རྒྱུག་མི་བྱེད། ད་བར་ད་དབྱར་དགུན་མེད་ལ་རྟ་རྒྱུག་ཀི ད་དུས་འགྱུར་སོང་ཟིག འུ་ཚང་གི་རྟ་རྒྱུད་འདི་ཡིན་ན་ཡང་།སྟོད་ཀྱི་རྟ་གསེབ་དང་སྨད་ཀྱི་རྒོད་མ་གཉིས་འདྲེས་ནས་བྱུང་ནི་རེད། མཚོ་སྔོན་པོ་མ་ཟེར་མདོ་སྨད་ན་ཡང་འདི་འདྲའི་རྟ་རྒྱུད་དཀའ་རྒྱུ་རེད། གླིང་གེ་སེར་གྱི་ཞོན་རྟ་ཉན་ནི་ཟིག་ཡིན་ར། ད་ཁྱོད་ཀྱིས་དབྱར་དགུན་མེད་ལ་རྟ་རྒྱུག་ཏག་ཏག་བྱས་ནས་བརླག་འཇོག་གི” ཞེས་འཁང་ར་དང་ལེ་བདའ་འདྲེས་མའི་ངང་ནས་བཤད་ཞོར་དུ་ཨ་ཁུ་ཀླུ་སྐྱབས་ཀྱི་རྒས་གཉེར་གྱིས་ཁེངས་པའི་གདོང་ལ་སྐྱོ་ཉམས་ཤིག་གིས་ཁེངས་འདུག

ལྷིང་ཞིང་འཇགས་པའི་འབྲོག་ཐང་སྔར་བས་ལྷིང་འཇགས་སུ་གྱུར་ཏེ། འབྲོག་ཐང་གི་ཉིན་གཅིག་དེ་ལྟར་མཇུག་རྫོགས་ནས་ཡོད་ཚད་ཁུ་སིམ་མེར་གཉིད་ལ་ཞུགས།

གཉིས།

ཞོགས་པའི་ཉི་ཟེར་དལ་གྱིས་མཁའ་ལ་འཕགས་པ་དང་བསྟུན་ནས། སྦྲ་ནག་གི་ཁ་ཚུབ་ལས་མཆེད་པའི་དུ་བ་དག་ནི་མཁའ་མཐའི་སྨུག་སྤྲིན་དང་འདྲེས་ནས་སྤྲིན་གྱི་རྒྱ་མཚོ་ཞིག་མ་བཅོས་ལྷུན་གྱིས་གྲུབ། སྐབས་དེར་འབྲོག་མོ་དག་སྔ་ས་ནས་ལངས་ཏེ་བཞོན་མ་བཞོ་བཞིན་ཡོད་ཅིང་། ཨ་ཁུ་ཀླུ་སྐྱབས་ཚང་གི་ཨ་ཅེ་འབྲུག་མོ་ཡང་སྔ་ས་ནས་ལངས་ཏེ་བཞོན་མ་བཞོས་ཚར་རྗེས། རྟ་གཤོག་དྲུག་ལ་ཆས་རེ་བྱིན་ཏེ་ནངས་ཇ་སྐོལ་མགོ་བརྩམས།

ཏག་ཏག་སྐབས་དེར་གཤོག་དྲུག་སེམས་ཁུར་གྱིས་ཁེངས་ནས་ཆས་ཀྱང་བཟའ་མི་འདོད་པར། ནུ་བོ་འབུམ་ཐུབ་མདུན་ལ་བོས་ཏེ་ཁ་བརྡ་ཞིག་བྱས་ན་སྙམ་སྟེ། “འབུམ་ཐུབ། འབུམ་ཐུབ། ཁྱོད་རང་འདི་གར་ཤོག་དང”ཞེེས་བཤད།

ལོགས་ཤིག་ཏུ་ལག་རྩེད་བྱེད་བཞིན་པའི་འབུམ་ཐུབ་ཀྱིས་ཅུང་ཙམ་སུན་མདོག་གིས“ཡང་ཅི་ཞིག་བཤད་རྒྱུ་ཡོད་དམ”ཞེས་འཐད་ལ་མ་འཐད་པའི་ངང་ནས་དལ་མོར་གཤོག་དྲུག་གི་གམ་དུ་ཡོང་།

“འབུམ་ཐུབ། དེ་རིང་ཕུ་བོ་རྟ་རྒྱུག་ལ་འགྲོ་དགོས། ད་ནི་དགུན་ཁ་ཡིན་པས། རྟ་རྒྱུག་ལ་ཉེན་ཁ་ཡང་ཆེན་པོ་ལྡན་པ་རེད།རང་རེའི་ཨ་མ་ཡང་འདས་སྔ་བས་འུ་སྤུན་གཉིས་གཅིག་ལ་གཅིག་བརྟེན་གྱིས་ཡོང་ནི་རེད། ཨ་མྱེས་ཀླུ་སྐྱབས་ཀྱི་རིང་དུ་ང་ཚོ་བླ་མ་དཔོན་པོ་ཕེབས་སྐབས་དང་དབྱར་སྟོན་གྱི་དུས་སུ་མ་གཏོགས་རྟ་རྒྱུག་བྱེད་མི་དགོས་ཀྱང་། ཨ་འབུམ་རྒྱལ་ནི་མི་ཧམ་སེམས་ཅན་ཞིག་ཡིན་པས། རྒྱལ་འཇོག་དང་བྱ་དགའི་ཆེད་དུ་དགུན་ཁ་ཡང་རྟ་རྒྱུག་བྱེད་དགོས་འདུག”ཅེས་བཤད།

“ང་ཚོ་ཅང་ཤེས་རྟ་ཕོ་ཞིག་ཡིན་ན། མགྱོགས་པ་རླུང་དང་འདྲ་བའི་རྩལ་ནུས་ཡོད། རྟ་རྒྱུག་ལོས་བྱེད་ཡ། ཡང་གཅིག་བཤད་ན། ཁྱོད་ནི་ཐེངས་དུ་མར་བྱ་དགའ་ཨང་དང་པོ་ལེན་མཁན་ཡིན་པས་ད་ཐེངས་ཀྱང་དང་པོ་ཡིན་ཁོ་ཐག་ཡིན་ནི་རེད”ཅེས་འབུམ་ཐུབ་ཀྱིས་ཅུང་ང་རྒྱལ་གྱི་མདངས་ཤིག་མངོན་ནས་བཤད།

གཤོག་དྲུག་གིས་དངན་པ་རིང་པོ་ཞིག་འཐེན་རྗེས། “ང་ཚོ་ཅང་ཤེས་རྟ་ཕོ་ཞིག་ཡིན་ན་བརྒྱུག་ལོས་དགོས། སྔོན་ཆད་རང་རེའི་མེས་པོ་དག་ནི། བོད་ཀྱི་མེས་པོ་དཔའ་རྩལ་ཅན་དང་འགྲོགས་ནས་འཛམ་གླིང་སུམ་གཉིས་དཀྱིལ་འཁོར་བདག་གིར་བཟུང་བའི་གཡུལ་འགྱེད་ལ་ཞུགས་དུས་ཀྱང་། མདའ་མོའི་ཆར་བ་བབས་ཀྱང་། རྦབ་རྡོའི་ཆུ་ལོག་བརྒྱུགས་ཀྱང་སྐྲག་མ་མྱོང་ལ་འདར་ཡང་མ་མྱོང་། ཕྱིར་སྣུར་གོམ་གང་ཡང་བྱས་མ་མྱོང་། གལ་ཏེ་ང་ཡང་དེ་འདྲའི་རང་གི་རྩལ་ནུས་ངོམ་ཆོག་པའི་གཡུལ་འགྱེད་ཅིག་ལ་ཞུགས་དགོས་དུས་སུ། ང་ལ་སྐྲག་རྒྱུ་བསམ་རྒྱུ་ཅི་ཡང་མེད་པར། རང་གི་བདག་པོ་རྒྱབ་ལ་ཁུར་ནས་མདུན་ལ་མཆོངས་ཁོ་ཐག་ཡིན། འོན་ཀྱང་དེང་སྐབས་རྒྱལ་འཇོག་དང་བྱ་དགའི་ཆེད་དུ་ངས་རང་གི་ཚེ་སྲོག་འབེན་ལ་འཇོག་མི་འདོད། མ་འོངས་པར་ཁྱོད་ཀྱང་འདི་འདྲའི་འགྲན་སྡུར་ལ་ཞུགས་མི་དགོས་པར་སྨོན”ཞེས་འཁང་ར་དང་ལེ་བདའ་འདྲེས་མའི་ངང་ནས་བཤད་ཞོར་དུ་མགོ་བོ་ཅུང་སྨད་སྨད་ཀྱིས་མིག་ཆུ་ཡང་བཞུར་བྱུང་།

“ཧིན། ངས་བལྟས་ན་རྟ་ཞིག་ཡིན་ན་རྒྱུག་རྩལ་ངོམ་དགོས། ང་རྗེས་ནས་ལག་ཆགས་ན་རྟ་རྒྱུག་ཆེ་མ་ཆུང་གསུམ་ལ་ཞུགས་ཏེ་ཨང་དང་པོ་ཏག་ཏག་བླངས་ནས། མཚོ་སྔོན་པོ་ཡོངས་ལ་གྲག་གི་འཇུག་རྒྱུ་ཡིན། ཕུ་བོ་ལགས། དེས་ན་ད་ཐེངས་འབུམ་ཐུབ་ཁྱོད་ཀྱི་ཚབ་ཏུ་འགྲོ་རེ”ཞེས་རེ་བ་ཞིག་གིས་ཁེངས་ནས་གཤོག་དྲུག་ལ་བལྟས་ནས་བསྡད།

གཤོག་དྲུག་གིས་སྣ་ཕུར་འགའ་བྱས་པའི་རྗེས་སུ། “ག་ལ། ག་ལ། ད་ཐེངས་དགུན་ཁ་ཡིན་པས་ཉེན་ཁ་ཡང་ཆེ། ཁྱོད་འགྲོ་ག་ལ་རུང་། གང་ལྟར་དེ་རིང་ནས་བཟུང་ལས་གང་ཞིག་བསྒྲུབས་ཀྱང་བསམ་བློ་གཏོང་དགོས་པ་ལས་ཧོལ་རྒྱུག་གཏན་ནས་བྱ་མི་རུང་། ཁྱོད་ད་རུང་ན་གཞོན་ཡིན་པས་དོན་དག་མང་པོ་ཞིག་གི་ཧ་གོ་ནི་མ་རེད”ཅེས་བཤད།

“ཤེས་ཀི ཤེས་ཀི ཕུ་བོ། དེས་ན་ང་རྩེད་ཀི་འགྲོ་རྒྱུ་ཡིན”ཞེས་མགོ་སྒུག་ཅིག་བྱས་ནས་བརྒྱུགས་སོང་།

གཤོག་དྲུག་ཡང་བསྐྱར་སེམས་ཁུར་གྱི་གཡང་ལ་ལྷུང་སྟེ། མདང་གི་ཚོར་ཤེས་ངན་པ་དེ་ཡང་བསྐྱར་ཐེངས་ཤིག་དྲན་ནས་རང་སེམས་ནས་ལྷ་དཀོན་མཆོག་གསུམ་ལ་གསོལ་བ་ཐེངས་ཤིག་བཏབ།

ཏག་ཏག་སྐབས་དེར་ཨ་འབུམ་རྒྱལ་ཕ་བུ་གཉིས་ཀས་ནངས་ཇ་འཐུང་ཚར་ཏེ། ལག་ཏུ་སྲབ་མདའ་དང་རྐང་གསུམ་འཁོར་ལོའི་ལྡེ་མིག་ཅིག་བཟུང་ནས། ཅུང་བྲེལ་བྲེལ་འཚུབ་འཚུབ་ཀྱིས། “ཡ་རིག་བཟང་། རེམ་རེམ། ད་མ་སོང་དུས་རྗེས་སུ་ལུས་རྒྱུ་རེད”ཅེས་གཤོག་དྲུག་རྐང་གསུམ་འཁོར་ལོའི་ནང་དུ་འཇོག་མགོ་བརྩམས།

གཤོག་དྲུག་རྐང་གསུམ་འཁོར་ལོར་འཇོག་པའི་སྐབས་སུ། གཤོག་དྲུག་གི་མིག་ཟུང་འབུམ་ཐུབ་ཀྱི་སྟེང་ལ་གཡོ་བ་མེད་པར་ཅེར་ནས་ཅི་ཞིག་བཤད་འདོད་ཀྱིས་འདུན་པ་དྲག་ཏུ་འཕྱུར་ཡང་། འབུམ་ཐུབ་ལ་སྣང་བ་ཅི་ཡང་མེད་པས་རང་སེམས་ནས་ཡང་བསྐྱར་གསོལ་བ་ཐེངས་ཤིག་འདེབས་བཞིན་རྐང་གསུམ་འཁོར་ལོར་དྲུད་ནས་ཀྱག་ཀྱོག་ལྡན་ལ་འབའ་འབུར་མང་བའི་ལམ་ཕྲན་བརྒྱུད་ནས་རྒྱང་ནས་རྒྱང་དུ་བཞུད།

ཨ་འབུམ་རྒྱལ་ཕ་བུ་གཉིས་ཀྱིས་སྤྱི་ལེ་ལྔ་བཅུ་ལྷག་གི་ལམ་ཐག་བརྒྱུད་ནས་རྟ་རྒྱུག་ཐང་དུ་སླེབས་དུས་སུ། རྟ་རྒྱུག་འགྲན་སྡུར་ཚོ་ཆུང་གི་བཀོད་སྒྲིག་འོག་ཏུ་མི་ཚོགས་སྔ་ས་ནས་འདུས་ཏེ། དགུན་ཙག་རླུང་གི་ཁྲོད་དུ་འདར་སིག་སིག་གིས་རྟ་རྒྱུག་འགྲན་སྡུར་མགོ་ནམ་རྩོམ་ལ་བསྒུགས་འདུག རྒྱང་ནས་བལྟས་ཚེ་མཚོ་སྔོན་པོའི་སྟེང་གི་ཉ་བ་དེ་དག་དང་ཀུན་ནས་འདྲ་བར་ཅི་ཞིག་ཐོབ་འདོད་ཀྱི་མིག་ཟུང་ཁོ་ན་ལས་ཙག་གིས་ཕྱིད་ལ་ཉེ།

ཨ་འབུམ་རྒྱལ་ཕ་བུ་གཉིས་ཀྱིས་གཤོག་དྲུག་ཁྲིད་ནས་མི་ཚོགས་ཀྱི་གསེབ་ཏུ་འཛུལ་བ་ན། ཀུན་གྱིས་སྨོན་པའི་མིག་ཟུང་དེ་དབང་མེད་དུ་གཤོག་དྲུག་གི་སྟེང་དུ་ཤོར། ཀུན་གྱིས་གཤོག་དྲུག་ལ་ལྟ་བཞིན། ངོ་མ་རྟ་ཡག་པ་རེད། ཡང་ཨང་དང་པོ་ཡིན་རྒྱུ་རེད་ཅེས་ལབ་གླེང་སྣ་ཚོགས་ཤིག་བྱེད་པའི་སྐབས་སུ། འགྲན་སྡུར་རྩ་འཛུགས་ཚོ་ཆུང་གི་ཚོགས་གཙོ་སྟོང་བསམ་སྐྱབས་ཀྱིས་གསེར་གྱི་མཛུབ་དཀྲིས་གཅིས་རུ་མ་ཞིག་གོན་ཡོད་པའི་གཡོན་ལག་གིས་སྐད་སྦུག་ཅིག་བཟུང་ནས། སྐད་གསང་མཐོན་པོས་འགྲན་སྡུར་མགོ་བརྩམས་པ་ཁྱབ་སྒྲོག་བྱས་མ་ཐག་དེར་འདུས་ཀུན་གྱིས་ཀི་ལྡིར་བྱས།

“རྒྱུགས་ཡ། འཕུར་ཡ། རྟ་གཤོག་པ་ཅན་ཁྱོད་ཡིན། བྱ་དགའ་འབུམ་ཕྲག་ལེན་མཁན་ཡང་ཁྱོད་ཡིན།” སྟོང་བསམ་སྐྱབས་ཀྱིས་ཡིད་ཚིམས་པའི་མདངས་ཤིག་མངོན་བཞིན་དེ་ལྟར་བཤད་པའི་སྐབས་སུ། རྟ་ཨ་ན་མ་ན་སུམ་ཅུ་ལྷག་དེ་མ་ཐག་ཀི་ལྡིར་དང་བཅས་རྒྱུག་མགོ་བརྩམས།

གཞུ་ལས་ཤོར་བའི་མདའ་དང་མཁའ་ལ་འཕུར་བའི་བྱ་བཞིན་དུ་རྟ་རྣམས་ནི་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མདུན་དུ་རྒྱུག་བཞིན་འདུག་ལ། རྟ་གོང་གི་རྟ་བ་དག་གིས་ཀྱང་ཁ་རུ་མཚམས་ཆད་པ་མེད་པར“ཁྱོ” དང་རྐང་བས་འོབ་རྒྱག་བྱེད་བཞིན་དུ། མཚམས་རེར་རྟ་ལྕག་མགོ་ལ་བསྐོར་ཅིང་ལན་རེར་རྟ་ཡི་འཕོངས་ལ་གཞུ་ཀྱིན་མདུན་དུ་བརྒྱུགས། འགྲམ་གཉིས་ཀྱི་མི་ཚོགས་ཀྱིས་ཚར་ལྭ་དྲོན་པོ་རེ་གོན་རྗེས་མགོ་བོ་ཚར་ལྭའི་ནང་ཏུ་འཛུལ་འཛུལ་གྱིས་རང་རང་གི་འཕྲུལ་རྟའི་འགྲམ་དུ་རྟ་གང་ངར་དང་གང་རྒྱུག་ལ་ལབ་གླེང་འདྲ་མིན་སྣ་ཚོགས་བྱེད་ཀྱིན་འདུག

“ལྟོས། ལྟོས། ཡང་གཤོག་དྲུག་བུད་དང་ཐལ། ”

“ལ་ལ། ད་གཤོག་དྲུག་མགྱོགས་ཀ ”

“ཡང་དང་པོ་གཤོག་དྲུག་གིས་ཁྱེར་ཐལ” ཞེས་ཀུན་གྱིས་བཤད་ཀྱིན་པའི་སྐབས་སུ། རིག་བཟང་ཞོན་པའི་གཤོག་དྲུག་རྟ་ཀུན་ལས་སྔུན་ལ་བུད་དེ་ས་རྡུལ་ཤུར་ཤུར་མདུན་དུ་བརྒྱུགས་པ་ནི། དེང་གི་མདེའུ་མགོ་རྟགས་ཅན་གྱི་མགྱོགས་འཁོར་ཞིག་ལས་ཆ་འཇོག་ཅི་ཡང་མི་རྙེད། རྟ་གོང་གི་རིག་བཟང་གིས་ལག་པ་གཡོན་པས་སྲབ་མདའ་བཟུང་བ་དང་གཡས་ཀྱིས་ལྕག་གིས་འབྲབ་ཀྱིན་པ་ནི་དེང་གི་འགྲན་ར་ཆེན་པོ་ཞིག་གི་མ་ལ་སུང་རྒྱུག་རེས་ལུས་རྩལ་པ་ཞིག་མདུན་དུ་རྒྱུག་བཞིན་པ་དང་ཀུན་ནས་འདྲ་ལ། ཡང་རྟ་བས་ཁོག་སྟོད་སྔུན་ལ་སྒུར་སྒུར་བྱས་པའི་ཉམས་ནི་ཆུ་རྐྱལ་མཁན་པོ་ཞིག་ཆུ་ལ་རྐྱལ་བཞིན་པ་དང་འདྲ་ཞིང་སྣང་བ་ཞིག་ལ་རྟ་མགོ་མ་བུད་གོང་དུ་མི་མགོ་བུད་ལོས་འཇོག་འདོད།

སྐབས་དེར་རྟ་གཤོག་དྲུག་གིས་ལག་རྡིབ་ཅིག་བྱས་པས་མཆུ་ཏོ་ས་ལ་བརྡབས་པ་ན་རྟ་གོང་གི་རིག་བཟང་ཡང་མགོ་ནས་ཞྭ་མོ་ལྷུང་བ་ལྟར་འདོམ་པ་གསུམ་བཞི་ཙམ་གྱི་མཚམས་ལ་གཡུགས། ས་རྡུལ་ལྷོག་ལྷོག་གིས་གསལ་པོ་ཞིག་མི་མཐོང་ཡང་རྟ་གཤོག་དྲུག་ལག་རྡིབ་སྤོས་པ་ལ་བརྟེན་ཁ་ལོ་གཅིག་འཁོར་ནས་ཀན་རྐྱལ་དུ་ཤེད་ཀྱིས་བརྒྱབ་ཅིང་ཅང་མ་འགོར་བར་གཡས་ཕྱོགས་སུ་ལོག་ནས་འགུལ་མེད་གྲག་མེད་དུ་གྱུར་ཅིང་། རྗེས་ཀྱི་རྟ་རྣམས་ཀྱང་འདྲོགས་ཙམ་འདྲོགས་ཙམ་བྱས་རྗེས་གཡས་རྒྱུག་གཡོན་རྒྱུག་ཀྱིས་མདུན་དུ་བརྒྱུགས་ལ།རིག་བཟང་ལ་སྐྱོན་མེད་ཀྱང་སྐྲག་མ་དངངས་ཀྱིས་མགོ་བོ་བསྐྱོར་ནས་གནས་ཤིག་ཏུ་ཁ་རོག་གེར་བསྡད།

“ཡ། ད་མ་བཟང་། ད་མ་བཟང་། ”

“ཅི་བྱས་ཐལ། ”

“རིག་བཟང་ལ་སྐྱོན་མེད་ཀ”

“གཤོག་དྲུག་འགུལ་རྒྱུ་མེད་ནོ་ཅི་རེད། ”

མི་མང་གིས་སེམས་ཁུར་དང་མཚར་སྣང་འདྲེས་མའི་སྐད་ཆ་སྣ་ཚོགས་ཤིག་བཤད་བཞིན་མིག་ཟུང་ཨ་འབུམ་རྒྱལ་གྱི་ཕྱོགས་སུ་འཁོར།

ཨ་འབུམ་རྒྱལ་གྱིས་ཁ་ནས“ཨ། དཀོན་མཆོག་མཁྱེན། དཀོན་མཆོག་མཁྱེན”ཞེས་ལྡབ་ལྡིབ་ཅིག་སྨྲ་ཞོར་དུ་གཤོག་དྲུག་དང་རིག་བཟང་གི་མདུན་དུ་བརྒྱུགས་པ་ན་རིག་བཟང་གིས་ཀྱང་ལག་པ་གཡོན་པ་སྐྱོར་སྐྱོར་ཙམ་གྱིས་གཤོག་དྲུག་གི་མདུན་དུ་བརྒྱུགས།

ཨ་འབུམ་རྒྱལ་དང་རིག་བཟང་གཉིས་གཤོག་དྲུག་གི་མདུན་དུ་ཐོན་ནས་སྲབ་མདར་འཇུས་ཏེ་ཇི་ལྟར་འཐེན་ཡང་གཤོག་དྲུག་ཅི་ནས་ཀྱང་ཡར་ལངས་རྒྱུ་མ་བྱུང་། གཤོག་དྲུག་གིས་མིག་ཟུང་འགུལ་ཙམ་འགུལ་ཙམ་བྱེད་པ་དང་ཁ་ནས་འུར་འུར་ཞེས་སྒྲ་གཉོམ་པོ་ཞིག་ལས་གྲག་རྒྱུ་ཅི་ཡང་མི་འདུག་པས། ལ་ལས་བཤད་ན་ཁོག་གི་གློ་སྙིང་མཆིན་གསུམ་བཀད་འདུག་པས་ཤི་རྒྱུ་རེད་ཟེར། ཡང་ལ་ལས་ལག་རྡིབ་སྤོས་ནས་གན་རྐྱལ་དུ་བརྒྱབ་པས་སྒལ་བ་བཅད་པས་འགུལ་མེད་དུ་གྱུར་འདུག་ཟེར། གང་ལྟར་ཨ་འབུམ་རྒྱལ་གྱི་འདོད་པ་འདོད་ལོག་ཏུ་ཕྱིན་པས་ཐེངས་འདིར་སུ་རྒྱལ་སུ་ཕམ་ལ་ཡང་བལྟ་འདོད་མེད་པར་གཤོག་དྲུག་དྲུད་ནས་ཡུལ་དུ་ལོག་པ་རེད།

ཨ་ཁུ་ཀླུ་སྐྱབས་ཀྱིས་ཅི་ཞིག་ཤེས་ཀྱིན་ཡོད་པ་བཞིན་མིག་ཟུང་བཙུམ་ནས་དད་པ་རྩེ་གཅིག་གིས་ལྷ་དཀོན་མཆོག་ལ་གསོལ་བ་འདེབས་ཀྱིན་པའི་སྐབས་སུ་ཨ་འབུམ་རྒྱལ་གྱིས་གཤོག་དྲུག་དྲུད་ནས་ཐོན་བྱུང་།

“ཨ་ཕ། ཨ་ཕ། ད་མ་བཟང་། ད་མ་བཟང་། ཁྱོད་སྒོར་ཤོག་ར། ”ཨ་འབུམ་རྒྱལ་གྱིས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་བཤད།

“ཨ་དཀོན་མཆོག་མཁྱེན། ཅི་མ་བཟང་ནས། ”

“གཤོག་དྲུག་ལག་རྡིབ་སྤོས་ནས་ས་ལ་བརྒྱབ་ཐལ། ད་འགུལ་རྒྱུ་ར་མེད་ཀི།”

“ཡ་ད་མ་བཟང་། ད་མ་བཟང་། ”

ཨ་ཁུ་ཀླུ་སྐྱབས་ཀྱིས་དེ་ལྟར་བཤད་ཀྱིན་གཤོག་དྲུག་གི་གམ་དུ་བརྒྱུགས་ནས་གཤོག་དྲུག་གི་སྐེ་དང་བྲང་ཁ། རྒྱབ་སོགས་སུ་རེག་ཙམ་རེག་ཙམ་བྱས་རྗེས“ད་ཁྱོད་ཀྱིས་གཤོག་དྲུག་བརླགས་དང་ཟིག ད་བརླགས་དང་ཟིག”ཅེས་བཤད་ཞོར་དུ་སྐད་མགོ་ཇེ་དམའ་ནས་ཇེ་དམར་ཕྱིན་ཞིང་མིག་ཆུ་ཡང་ཆད་མེད་དུ་བཞུར་ཏེ་གཤོག་དྲུག་ལ་བྱིལ་བྱིལ་ཡང་ཡང་བྱས།

གཤོག་དྲུག་གི་གཤོག་པ་འདི་ལྟར་ཆད་ཟིན་ལ་མི་ཚེ་ཡང་འདི་ལྟར་ཚར་ན་ཡང་ནུ་བོ་འབུམ་ཐུབ་ཀྱིས་ཅི་ཡང་ཚོར་གྱིན་མེད་པར། ཀླད་གོར་ཐང་དུ་ཁྱིམ་མཚེས་ཚང་གི་ཐོ་རུ་འགའ་དང་ལྷན་དུ་རྩེད་འཇོར་རོལ་ནས་འདུག

ས་ཡོངས་སུ་རུབ་ཅིང་འབྲོག་ཐང་སྔར་བས་ལྷིང་འཇགས་སུ་གྱུར་ནས་གཤོག་དྲུག་གི་ལས་དབང་ལ་སེམས་གསོ་མཛད་པ་དང་ཀུན་ནས་མཚུངས།

གཤོག་དྲུག་ནམ་རྒྱུན་ཁོ་རང་འདོགས་སར་ཉལ་ནས་བསྡད་ཡོད་པས་འབུམ་ཐུབ་གམ་དུ་ཡོང་སྟེ། “ཕུ་བོ་ལགས། དེ་རིང་དང་པོ་བླངས་ཟིན་ནམ། དང་པོ་ཡིན་ཁོ་ཐག་ཡིན་ནི་རེད”ཅེས་ཁེར་ལབ་ཅིག་བྱས།

ནམ་རྒྱུན་གཤོག་དྲུག་ཉལ་བའི་དུས་ནི་ཉུང་ཞིང་ཉུང་བས་འབུམ་ཐུབ་ཀྱི་སེམས་སུ་ཡང་དོགས་པ་ཞིག་ཟོས་ཏེ། “ཕུ་བོ་ལགས། ཅི་བྱས་སོང་ངམ། ཁྱོད་མི་བདེའམ། རང་རེའི་ཅང་ཤེས་རྟ་ཕོ་ངལ་བར་གྱུར་ཀྱང་གཉིད་མི་ལོག་པ་མིན་ནམ”ཞེས་འདྲི་ཞོར་དུ་ལག་པས་གཤོག་དྲུག་སྒུལ་སྒུལ་བྱས་ཀྱང་གཤོག་དྲུག་ལ་སྔར་བཞིན་འགུལ་རྒྱུ་མ་བྱུང་བས། འབུམ་ཐུབ་ཀྱིས་གཞི་ནས་དེ་རིང་གི་རྟ་རྒྱུག་ལ་དོན་ངན་ཞིག་བྱུང་བ་ཤེས།

“ཕུ་བོ། ཕུ་བོ། ཁྱོད་ཀྱིས་ཁ་ཁྲོག་ཡ། ང་འབུམ་ཐུབ་ཡིན། ཁྱོད་ལ་ཅི་བྱུང་སོང་ངམ”ཞེས་ཧ་ཅང་བྲེལ་འཚུབ་ཀྱིས་རྐང་རྡབ་ལག་རྡབ་བྱས་ཏེ་ཅི་ཞིག་ཤེས་འདོད་ཀྱི་རྣམ་འགྱུར་མངོན་པར་གསལ། གཤོག་དྲུག་གི་སེམས་སུ་ང་ནི་འདི་ལྟར་འཆི་མི་རུང་སྟེ་ཅིས་ཀྱང་འབུམ་ཐུབ་ལ་ཁ་བརྡ་ཞིག་བྱ་དགོས་སྙམ་ནས་ཁ་གྲག་ཐུབ་མིན་ལ་ཚོད་ལྟ་ཇི་ལྟར་བྱས་ཀྱང་ངལ་བ་འབྲས་མེད་དུ་གྱུར།

གཤོག་དྲུག་ཉལ་སར་ལྷུང་ནས་ཉིན་ཞག་བདུན་ཕྱིན་ལ་ཨ་ཁུ་ཀླུ་སྐྱབས་ཀྱིས་ཨ་འབུམ་རྒྱལ་ལ་ལེ་བདའ་བྱས་ནས་ཀྱང་ཉིན་ཞག་བདུན་ཕྱིན། ཉིན་ཞག་བདུན་པོ་འདི་ནི་རིག་བཟང་ངུས་ནས་མཚམས་མ་ཆད་པའི་ཉིན་ཞག་བདུན་ཡིན་ལ་ཨ་འབུམ་རྒྱལ་གྱིས་འབུམ་ཐུབ་ལ་རྟ་ཆས་གང་བཟང་བྱིན་ནས་ལེགས་པར་གསོས་པའི་ཉིན་ཞག་བདུན་ཡང་ཡིན། ཨ་ཁུ་ཀླུ་སྐྱབས་ཀྱིས་གཤོག་དྲུག་ཉལ་སར་ལྷུང་བར་སེམས་ནས་མ་བཟོད་པར་སེམས་སྡུག་གིས་མནར་ཡོད་ན་ཡང་། ཨ་འབུམ་རྒྱལ་གྱིས་འབུམ་ཐུབ་ཟླ་རྗེས་མའི་རྟ་རྒྱུག་ལ་ཞུགས་རྒྱུར་གྲ་སྒྲིག་བགྱིད་བཞིན་འདུག ཨ་འབུམ་རྒྱལ་གྱི་ཧམ་སེམས་ཀྱིས་གཤོག་དྲུག་གི་རླུང་ལྟར་མགྱོགས་པའི་བང་རྩལ་རྨག་རྨེད་དུ་བཅོམ་ཞིང་ཚེ་ཡི་རྒྱུན་ཐག་ཀྱང་དུམ་བུར་བཅད་ཟིན། དེ་མིན་རྟ་རྒྱུག་གི་ཕྱིར་དུ་བུ་ཆུང་རིག་བཟང་སློབ་གྲྭ་ནས་བླངས་ཏེ་བུ་ཆུང་གི་མི་ཚེའང་རྟ་རྒྱུག་ལ་བསྟིམས་པ་རེད།

གསུམ།

མཚན་མོ་དེར་ཁ་བའི་འདབ་མ་མཚོ་སྔོན་པོའི་མཐའ་ཡི་གྲང་རླུང་དང་བསྡེབས་ནས་མི་ཡུལ་དུ་འཐོར་ཅིང་། མིག་གི་མཐོང་ཚད་ཅིག་གོས་དཀར་པོ་ཞིག་གིས་གཡོགས་པ་དང་ཀུན་ནས་འདྲ་བར་མི་ཡུལ་ལ་ཁ་དོག་གསར་པ་ཞིག་བྱིན། མི་རྣམས་ཀྱིས་གྲང་ངར་མ་བཟོད་པར་སྦྲ་ནང་དུ་འཛུལ་ཚར་བས་འབྲོག་པའི་ལྷས་ར་སྔར་བས་ལྷིང་འཇགས་སུ་གྱུར་ཏེ་རང་བྱུང་ཁམས་ཆེན་མོས་ཀྱང་སུ་ཞིག་ལ་སྐྱེལ་མ་བྱེད་བཞིན་པ་དང་འདྲ་ཞིང་། ནམ་རྒྱུན་ཟུག་སྐད་དྲག་པའི་ཨ་ཁུ་ཀླུ་སྐྱབས་ཚང་གི་ཁྱི་རྒན་ཟེ་ལོག་ལ་ཡང་དོ་ནུབ་གྲག་འགུལ་ཅི་ཡང་མེད་པར་ཁ་རོག་གེར་གནས། ཨ་ཁུ་ཀླུ་སྐྱབས་ཀྱིས“ཨོཾ་རྗེ་བཙུན་མ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ”ཞེས་ཁ་མུར་མུར་གྱིས་སྒྲོལ་མ་འདོན་ཞོར་དུ་ཁོའི་བོད་ལྭ་རྙིང་པ་ཞིག་ཡོད་པ་དེ་ཁྱེར་འོངས་ནས་ཉལ་སར་ལྷུང་བའི་གཤོག་དྲུག་གི་སྟེང་དུ་བཀབ་སྟེ། “ལྷ་སྲུང་མས་ཅིག་མཁྱེན། ད་འཆི་ན་འཆི་ཡང་ཐུབ་རྒྱུ་མ་རེད། ལས་འདི་ཅིག་བཙོག་པ་ལ། སྐྱེ་བ་སྔོན་མར་ཚོགས་ཅི་ཞིག་བསགས་ཟིན་ནམ། གཤོག་དྲུག་འདིའི་སྡུག་འདི་མྱུར་མོར་བསལ་ཏེ་སྐྱེ་བ་ཕྱི་མར་མི་ལུས་ཤིག་འཐོབ་པར་ཤོག”ཅེས་བཤད་དེ་སྒྲོལ་མ་ཡང་འདོན་མཚམས་བཞག་ནས་གཤོག་དྲུག་ལ་བྱིལ་བྱིལ་ཞིག་བྱས་པ་ན། གཤོག་དྲུག་གིས་ཀྱང་ཅི་ཞིག་གོ་སོང་བ་ལྟར་མིག་ཟུང་འགུལ་བ་མེད་པར་ཨ་ཁུ་ཀླུ་སྐྱབས་ལ་ཅེར་ནས་འདུག་ཅིང་མིག་མཐའ་མཆི་མས་བཀང་། ཨ་ཁུ་ཀླུ་སྐྱབས་ཡུན་རིང་ཞིག་ལ་བསྡད་རྗེས་འགྲམ་གྱི་འབུམ་ཐུབ་ལ་བལྟས་ནས། དཀོན་མཆོག་མཁྱེན་འབུམ་ཐུབ་འདི་རྟ་རྒྱུག་གང་ལ་ཡང་ཞུགས་མི་དགོས་པར་སྨོན་ཞེས་བཤད་ཞོར་དུ་ཕྱིར་ལོག འབུམ་ཐུབ་ཀྱིས་ཉིན་འདི་གར་གཤོག་དྲུག་སྲུང་སྲུང་ལ་བསྡད་པས་ཅུང་ཨ་ཐང་ཆད་དེ་ཨ་ཁུ་ཀླུ་སྐྱུབས་ཀྱིས་ཅི་ཞིག་བཤད་པའང་མ་གོ་བ་འདྲ་བར། སྔར་བཞིན་གཤོག་དྲུག་ལ་ཅེར་ནས་གཤོག་དྲུག་ཡར་ནམ་ལངས་ལ་བསྒུགས་ཡོད།

“འབུམ་ཐུབ། འབུམ་ཐུབ།”སྐད་ཧ་ཅང་དམའ་ཞིང་ངག་འདར་འདར་གྱིས་གཤོག་དྲུག་གིས་འབུམ་ཐུབ་བོས།

འབུམ་ཐུབ་ཡ་མཚན་ཞིང་སྤྲོ་བས་བརྟས་ཏེ་ཡིད་མི་ཆེས་པའི་རྣམ་འགྱུར་གྱི་ངང་ནས། “ཕུ་བོ་ལགས། ཁྱོད་ཀྱིས་ང་བོས་པ་ཡིན་ནམ། ངོ་མ་ཡིན་ནམ། ཁྱོད་ཀྱིས་སྐད་ཆ་བཤད་ཐུབ་བམ།”

“འོ་ལོས། ངས་ཁྱོད་བོས་ནི་ཡིན། ”

“ཕུ་བོ་ལགས། ཅི་རེད། ”

“ཁྱོད་ཀྱིས་ཉན་ཡག་བྱོས། ད་ནི་ང་རང་གསོན་པའི་རེ་བ་ཅི་ཡང་མི་འདུག ཕུ་བོ་ཡིན་པའི་ཆ་ནས་ཁྱོད་ལ་མཐའ་མའི་ཁ་བརྡ་ཞིག་བྱ་འདོད། ”

“དེ་འདྲ་ཞིག་ག་ལ་ཡིན། ཕུ་བོ། ད་ཁྱོད་ཀྱིས་ཁ་གྲག་ཐུབ་དང་ན་ཁྱོད་སངས་དྲག་ཏུ་འགྲོ་ནི་རེད། ”

“ཁྱོད་ཀྱིས་འུར་མ་རྒྱག ཉན་ཡག་བྱོས། རང་རེ་གཉིས་ཀྱིས་རྟ་ལུས་བླངས་པའི་བཀོལ་སྤྱོད་ཀྱི་སྡུག་བསྔལ་འདི་མྱོང་དགོས་པ་ཆོས་ཉིད་རེད། ཡིན་ཡང་དུས་རབས་མ་འདྲ་བ་དང་བདག་པོ་མ་འདྲ་བས་སྡུག་བསྔལ་ཡང་མི་འདྲ་བ་མྱངས་པ་རེད། ངས་ཀྱང་སྔོན་ཆད་སྡུག་བསྔལ་འདི་འདྲ་ཞིག་མྱོང་དགོས་པ་ཡིད་ལའང་ཤར་མ་མྱོང་ལ། འདི་ལྟར་མི་ཡུལ་དང་བྲལ་སྲིད་པ་ནི་དེ་བས་ཀྱང་། ཁྱོད་ཀྱིས་ཀྱང་རང་གི་ཚེ་སྲོག་དང་གཞོན་དུས་འདིར་གཅེས་སྤྲས་ཡག་པོ་བྱེད་དགོས། ”

“ངས་ཤེས་ཀི ངས་གོ་གི ཕུ་བོ།”འབུམ་ཐུབ་ངུ་བཞིན་དུ་དེ་ལྟར་བཤད།

“རྟ་རྒྱུག་ནི་རིག་གནས་ཤིག་དང་སྲོལ་རྒྱུན་ཞིག་ཡིན་ན་ཡང་། དེང་གི་དུས་སུ་རྒྱལ་འཇོག་སྤྱད་ཙམ་དང་ཡང་ན་ཧམ་སེམས་ཅན་རེ་འགའི་རྩེད་ཆས་ལྟ་བུ་ཞིག་ཏུ་གྱུར་འདུག་པས། ང་ཚོས་ཀྱང་རང་གི་ཚེ་སྲོག་དང་བདེ་ཐང་འབེན་ལ་འཇོག་དོན་མི་འདུག དེས་ན་མ་འོངས་པར་ཁྱོད་ཀྱང་ཅིས་ཀྱང་རྟ་རྒྱུག་ལ་ཞུགས་སུ་འཇུག་ངེས་པས་རྟ་རྒྱུག་ལ་མ་ཞུགས། ”

“ཡ་ཡ། ཕུ་བོ། ངས་ཤེས་ཀི”

“གལ་ཏེ་ང་འདི་ལྟར་ཤི་ཚེ། དོ་ནུབ་ཕན་ཆད་ནས་ཁྱོད་ལ་ཕུ་བོ་ཡང་ཡོད་མི་སྲིད་པས་མ་འོངས་པར་རང་གིས་རང་ལ་བདག་ལེགས་པོ་བྱོས། རྟ་རྒྱུག་སོགས་དེང་གི་ལས་ངན་པའི་རིགས་ལ་མ་ཞུགས། ངའི་ཆེས་མཐའ་མཇུག་གི་རེ་བ་ནི་ང་ཤི་བའི་རྗེས་སུ་ངའི་རྔོག་མ་ལས་སྤུ་འགའ་ཁྱོད་ཀྱིས་ལྷ་སའི་ཇོ་མདུན་ལ་དབུལ་རོགས། དེང་མ་བླ་མ་རྫུ་འཕྲུལ་ཅན་ཞིག་གིས་རང་རེའི་རྔོག་མའམ་རྔ་མ་ལས་སྤུ་ཉག་འགའ་ཇོ་མདུན་དུ་འབུལ་ཐུབ་ན་སྐྱེ་བ་ཕྱི་མར་མི་ལུས་ལེན་ཐུབ་པར་ལུང་བསྟན་ཡོད། ”ཅེས་བཤད་བཞིན་དུ། མིག་ཟུང་ལས་འབུམ་ཐུབ་བློས་མི་ཐོངས་པའི་མདངས་ཤིག་མངོན་བཞིན་དུ་མིག་གི་རྣོ་ཡང་ཡལ་དེ་དལ་བར་མིག་ཟུང་ཟི་པར་གྱུར།

འབུམ་ཐུབ་ཀྱིས་ཀྱང་ད་ནི་རང་གི་ཕུ་བོ་མི་ཡུལ་དང་གཏན་དུ་བྲལ་བ་ཤེས་ཏེ། སྡུག་བསྔལ་བཟོད་གླགས་མེད་པ་སྐྱེ་བཞིན“ཕུ་བོ། ཕུ་བོ”ཞེས་ཡང་ཡང་བོས་ཀྱང་ཕུ་བོ་ལ་གྲགས་འགུལ་ཅི་ཡང་མེད་པར་གཏན་དུ་གཟིམས་པར་གྱུར། དེ་ནས་འབུམ་ཐུབ་ཀྱིས་ངས་ཁྱེད་ཀྱི་རེ་བ་འདི་བསྐང་ངེས་ཡིན་ཞེས་ཁེར་བཤད་རྒྱག་བཞིན་དུ། རང་གི་མཆུ་ཏོས་ཕུ་བོ་གཤོག་དྲུག་གི་རྔོག་མ་ལས་སྤུ་ཉག་ཁམ་གང་བཏོགས་ནས་རང་གི་རྔོག་གསེབ་ཏུ་བསྡུས།

ཕྱི་རོལ་ཏུ་ད་དུང་ཡང་ཁ་བ་ལྷབ་ལྷུབ་འབབ་ཀྱིན་འདུག་ལ་མི་རྣམས་གཉིད་དུ་ཡུར་ཟིན་ཡང་། ཨ་ཁུ་ཀླུ་སྐྱབས་གཉིད་མ་ཁུགས་པར་བོད་ལྭ་གསར་པ་དེ་གཡང་ཤམ་བྱས་ནས་གཤོག་དྲུག་ལ་ལྟ་རུ་ཡོང་། གཤོག་དྲུག་ལྷིང་ཞིང་འཇགས་པའི་མཚན་མོ་འདིར་གཏན་དུ་གཟིམས་འགྲོ་བར་ཨ་ཁུ་ཀླུ་སྐྱབས་ཀྱིས་ཡིད་ལའང་ཤར་མེད་པས། ཁོང་ལ་ཡང་དབང་མེད་དུ་མིག་ཆུ་བཞུར་ནས་ཡུད་ཙམ་ལ་གྲགས་འགུལ་མེད་པར་ཧད་དེ་ལུས། ཅུང་ཙམ་འགོར་རྗེས“བླ་མས་ཅིག་མཁྱེན། ད་མི་བཟང་རྒྱུ་ཡང་མི་འདུག གཤོག་དྲུག་ལ་མཚོན་ན་ཐར་སོང་ནི་རེད”ཅེས་ཁེར་བཤད་ཅིག་རྒྱག་ཞོར་དུ་སྦྲ་ནང་དུ་འཛུལ་ནས། རང་གི་མལ་སའི་ནང་དུ་དཀྱིལ་དྲུང་དུ་བསྡད་དེ“ཨེ་མ་ཧོ། ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་། གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང”ཞེས་བདེ་སྨོན་འདོན་མགོ་བརྩམས་ནས་ཡུན་རིང་འགོར།

བཞི།

ཞོགས་པའི་སྐྱ་རེངས་ཀུན་ནས་བཀྱགས་ཏེ་མུན་ནག་གི་ཁམས་འདི་གསལ་གྱི་ལེར་བཏང་བ་འདི་ནི་སྡུག་བསྔལ་གྱིས་མནར་བའི་གཤོག་དྲུག་མི་ཡུལ་དང་བྲལ་ནས་བདེ་བ་ཐོབ་པ་དང་ཀུན་ནས་འདྲ། ཨ་ཁུ་ཀླུ་སྐྱབས་ཀྱིས་ནམ་གང་པོར་བདེ་སྨོན་བཏོན་པའམ་ཡང་ན་ལངས་སྔ་བ་གང་ཡིན་མ་ཤེས་ཀྱང་ད་ལྟ་ད་དུང་ཡང་སྐད་དམའ་མོས་ཅི་ཞིག་འདོན་གྱིན་འདུག ནམ་གང་པོར་ཁ་བ་བབས་པས་འབྲོག་པའི་ལྷས་ར་ནི་དག་ཞིང་དང་འདྲ་བར་ཡོད་ཚད་པོར་དཀར་མདོག་བྱུགས་ནས་མིག་ལ་ཧ་ཅང་མཛེས། འདི་ནི་གཤོག་དྲུག་ལ་འཐེན་པའི་ལམ་དཀར་པོ་ཞིག་ལ་ཡང་ཧ་ཅང་མཚུངས་པས་བླ་མ་རྫུ་འཕྲུལ་ཅན་གྱི་ལུང་བསྟན་མངོན་དུ་གྱུར་པའམ་ཨ་ཁུ་ཀླུ་སྐྱབས་ཀྱི་ལྷག་བསམ་དཀར་པོའི་མཐུ་ནུས་གང་ཡིན་པ་བརྗོད་དཀའ་ཡང་གཤོག་དྲུག་འདི་ལྟར་མི་ཡུལ་དང་བྲལ་བ་རེད།

གཤོག་དྲུག་མི་ཡུལ་དང་གཏན་དུ་གྱེས་པ་དེས་འབུམ་ཐུབ་ལ་ཡང་སྡུག་བསྔལ་བཟོད་གླགས་མེད་པ་སྐྱེ་རུ་བཅུག་ནས། སྔོན་ཆད་ཕུ་བོས་རང་ཉིད་བྱམས་དང་བརྩེ་བས་བསྐྱངས་པའི་བྱ་བ་ཆེ་མ་ཆུང་གསུམ་ཀུན་མིག་ལམ་དུ་རེ་རེ་བཞིན་ཤར་ཡོང་ཞིང་ཕུ་བོ་འཆི་ཁ་མའི་ཆེས་མཇུག་མཐའི་འདོད་འདུན་དེ་ཡང་། རྣ་ལམ་དུ་ཡང་ཡང་གྲགས། སྔོན་ཆད་རང་ཉིད་ཀྱང་ཕུ་བོ་བཞིན་དུ་རྟ་རྒྱུག་ལ་ཞུགས་ཏེ་ཨང་དང་པོ་ལེན་འདོད་ཀྱི་འདུན་པ་དྲག་པོ་ཞིག་མཆིས་པས་ད་ནི་རྟ་རྒྱུག་ལ་ཞུགས་སམ་ཕུ་བོའི་ཁ་ཆེམས་ལྟར་དབུས་ཉི་མ་ལྷ་སར་འགྲོ། །   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།