ཀྲུང་གོ་བོད་ཀྱི་དྲ་བ།

ཁུང་བུ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འཕགས་པ་སྐྱབས།   སྤེལ་དུས། : 2019-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱེད་ཚོས་ཉི་འོད་མི་མཐོང་བའི་ཞ་ར་དང་རང་བྱུང་ཁམས་ཀྱི་སྐད་སྒྲ་མི་གོ་བའི་འོན་པ།རང་ཉིད་ཀྱི་ངག་ལ་བརྟེན་ནས་བསམ་བློ་བརྗོད་མི་ཐུབ་པའི་ལྐུགས་པ་རིག་ན་སྙིང་རྗེ་ཟེར།འོན་ཀྱང་ཁྱེད་ཚོས་ངོ་ཚ་ཁྲེལ་ཡོད་ཟེར་བའི་ཁ་གཡར་ས་རྫུན་མ་ཞིག་བཙལ་ཏེ།ནང་སེམས་ཀྱི་ཞ་ར་དང་རྣམ་ཤེས་ཀྱི་འོན་པ།རྒྱུ་འབྲས་ཀྱི་ལྐུགས་པ་འདི་དག་ལ་གདུང་སེམས་ཀྱི་ལག་ཟུང་བསྲིང་མི་སྲིད།

—《ཇ་ཤིང་མེ་ཏོག་མ།》ལས།

“རྨི་ལམ་ཅི་ལྟ་བུ་ཞིག་རྨིས་སོང་།ཤོད་དང་།”ངས་སངས་རྒྱས་ཀྱིས་འོས་སྦྱོར་བྱས་པའི་བརྩམས་སྒྲུང《འབྲེལ་བ་མེད་པའི་མི》ཡི་ཁ་བསུམས་ཏེ་མདུན་ཅོག་སྟེང་འཇོག་ཞོར་དེ་ལྟར་ཕུགས་འདྲི་བྱས།

“རྨི་ལམ་ནི་རྨི་ལམ་རང་ཡིན་པས་བཤད་ནས་ཅི་བྱེད།དེ་ལས་དཔེ་ཆ་འདི་ཀློགས་དང་ངོ་མ་ཡག་གི”ཁོས་གོང་མཛུབ་ཀྱིས་མདུན་ཅོག་སྟེང་གི《འབྲེལ་བ་མེད་པའི་མི》བསྟན་ཏེ་ཅུང་ཟད་གཟབ་ནན་གྱིས་བཤད།

སྔོན་ཆད་དབྱར་གནང་དགུན་གནང་གི་སྐབས།སློབ་གྲོགས་དང་གྲོགས་པོ་མང་པོ་མཉམ་དུ་འཛོམས་ནས་མ་འོངས་པའི་འདུན་མ་དང་སྤྱི་ཚོགས་ཀྱི་གནད་དོན་སོགས་གླེང་རྒྱུར་ཧ་ཅང་དགའ།སྐབས་དེར་དུས་ཚོད་ཐུང་ཐུང་ཞིག་གི་ནང་མི་མང་པོ་ཞིག་ལྷན་དུ་འཛོམས་དགོས་ཀྱང་དཀའ་ཁག་ཅི་ཡང་མེད།འོན་ཀྱང་ད་སྐབས་དུས་ཆད་ལྟར་ཐོན་ཐུབ་མཁན་ཧ་ཅང་ཉུང་ལ་སེམས་མཐུན་པའི་གཏམ་གླེང་ས་དེ་བས་ཀྱང་དཀོན།ང་ཚོའི་འཛིན་གྲྭར་མཚོན་ན་ཁྱོན་བསྡོམས་སློབ་གྲོགས་སོ་ལྔ་ཡོད་ཀྱང་།ཁ་སང་དེ་རིང་ད་དུང་མཉམ་འགྲོ་མཉམ་འདུག་བྱེད་བཞིན་པའི་སློབ་གྲོགས་ནི་བཞི་ལྔ་ཙམ་ལས་བགྲང་རྒྱུ་མེད།སངས་རྒྱས་དང་ངེད་གཉིས་ནི་དེའི་གྲས་སུ་གཏོགས་པ་རེད།

“དཔེ་ཀློག་གི་སྐོར་ནས་ང་ཚོས་ཁ་བརྡ་མང་པོ་བྱས་སོང་།ད་ལྟ་ངས་མཉན་འདོད་པ་ནི་ཁྱོད་ཀྱི་རྨི་ལམ་མཚར་པོ་དེ་རེད།ཁྱོད་ཀྱིས་བཤད་པའི་རྨི་ལམ་མཚར་པོ་དེ་དོན་དུ་ཅི་ཞིག་རེད།ཤོད་དང་།ཤོད་དང་།”ངས་མཚར་སྣང་དང་ཤེས་འདོད་ཀྱི་འདུན་པས་ཡང་ཡང་བསྐུལ་བས་ཁོས་གཞི་ནས་བཤད་པར་ཁས་བླངས་བྱུང་།

“སྤྱིར་བཏང་རྨི་ལམ་འདི་གཞན་ལ་བཤད་འདོད་མེད་མོད།ཁྱོད་ཀྱི་ཁ་ངོ་མ་ཆོད་པ་ཡིན།ངས་བཤད་བྱའི་རྨི་ལམ་འདི་ངའི་ནུ་བོ་མཐོ་རིས་བོ་དང་འབྲེལ་བ་ཡོད་པས་བཤད་བདེ་མོ་མ་རེད།ཡིན་ཡང་རྨི་ལམ་ནི་རྫུན་མ་ཡིན་པས་དེ་འདྲའི་གཟབ་ནན་བྱེད་དོན་མེད་པ་འདྲ།”

“སྐབས་རེར་རྨི་ལམ་ནི་དངོས་ཡོད་ལས་ཀྱང་བདེན་པ་ཡིན་པ་ཁྱོད་ཀྱིས་ལོས་ཤེས།གང་ལྟར་རྨི་ལམ་གྱིས་ང་ཚོར་མངོན་སུམ་དུ་མཐོང་དཀའ་བའི་གསང་བ་ཞིག་རྗོད་ཀྱིན་ཡོད་པ་ཁོ་ཐག་རེད།”རྨི་ལམ་ནི་རྫུན་མ་ཡིན་ཞེས་པའི་སྐད་ཆ་དེར་ང་ཅུང་མ་འཐད་པས་ཁོ་ལ་དེ་ལྟར་བཤད།

“མདང་དགོང་ནུ་བོ་མཐོ་རིས་བོ་ངའི་རྨི་ལམ་དུ་འཁོར་ཏེ་ང་ལ་ཁོ་རང་གི་གཏམ་རྒྱུད་ཅིག་བཤད་བྱུང་།བྱེ་བྲག་གི་ཞིབ་ཕྲའི་དོན་དག་ལ་ལ་ཞིག་བརྗེད་སོང་བ་འདྲ།”སངས་རྒྱས་ཀྱིས་རྨི་ལམ་ཁྲོད་ཀྱི་གཏམ་རྒྱུད་ཅིག་བཤད་པར་ཕྱིར་འདང་བརྒྱབ་བྱུང་།

“ངས་ཡིད་ལ་དྲན་ཚོད་ཀྱིས་ཞིབ་ཏུ་བཤད་ངེས།ཁོ་རང་གི་ངག་གཡར་ཏེ་བཤད་ན་ཁྱེད་ཀྱིས་གོ་སླ་བས་དེ་ལྟར་བྱ།”ཁོས་ཡང་བསྐྱར་བཤད་མཚམས་བཞག་སྟེ་ཡུད་ཙམ་ལ་ཁུ་སིམ་མེར་བསྡད།ཁོའི་གདོང་གི་རྣམ་འགྱུར་ལས་ཐེ་ཚོམ་དང་སྐྱོ་གདུང་འདྲེས་མའི་སེམས་ཁམས་རྙོག་ཅིང་འཛིང་བ་ཞིག་མངོན་བྱུང་།

དེ་ནི་གསེར་མདོག་གི་སྟོན་ཁ་ཞིག་རེད།སློབ་གྲྭ་སོ་སོར་རྒྱལ་སྟོན་གྱི་གནང་བ་བྱིན་ཏེ་སློབ་མ་རྣམས་ཡུལ་དུ་ལོག་ཡོད་པའི་སྐབས་ཤིག་ཡིན་པ་འདྲ།སྟོན་མཇུག་གི་སྡོང་ལོ་སེར་པོས་གནམ་འཕང་སྟོད་པའི་རྩྭ་ཐང་གི་ས་སྲོད་ཅིག་ཏུ་ནུ་བོ་མཐོ་རིས་བོ་དང་ངེད་གཉིས་ཆུ་མིག་ལུང་བའི་ཁ་སྒང་དེད་ནས་ནོར་རྫིར་འགྲོ་བཞིན་འདུག ངེད་གཉིས་རི་རྩེར་བུད་དུས་ཕ་རོལ་གྱི་རི་བོའི་གྲིབ་ཆེན་དེས་ཚུར་རོལ་གྱི་རི་བོའི་ངོ་གདོང་མིད་ལ་ཉེ།ནུ་བོ་མཐོ་རིས་བོས་རྒྱང་རིང་ན་སྔོ་སིང་ངེར་འགྲེང་འདུག་པའི་ཆབ་བྲག་དབུ་རྩེར་རྒྱང་ལྟ་བྱེད་བཞིན་དངན་པ་རིང་མོ་ཞིག་འཐེན།ཁོས་རིམ་བཞིན་ལག་པ་གཉིས་ཀྱིས་པུས་མོ་གཉིས་བསྐྱོར་ཏེ་མགོ་བོ་དེའི་ཐོག་ཏུ་བཞག་ནས་མིག་ཆུ་བཏོན།ཡིན་ཡང་།ཁོ་ལ་ངུ་སྐད་དང་འོ་དོད་སོགས་ཀྱི་སྒྲ་ཅི་ཡང་མེད་པར་ཁུ་སིམ་མེར་ངུས་བྱུང་།ངས་ཅི་ཡིན་ཆ་མ་འཚལ་བར་ཁོ་ལ་སེམས་གསོ་བྱེད་ཞོར་དང་རྒྱུ་མཚན་འདྲི་ཞོར་བྱས།ཡུན་རིང་འགོར་རྗེས་ཁོ་རང་ཅུང་ཟད་ལྷོད་ལ་བབས་སོང་བ་འདྲ།ཁོས་ང་ལ་མི་ཚེའི་ནང་བདེ་སྐྱིད་མང་པོ་ཞིག་མེད་པ་དང་རི་རྩེར་འགོས་ནས་རྒྱང་ལྟ་བྱེད་པ་ནི་མི་ཚེའི་ལོངས་སྤྱོད་ཡག་ཤོས་ཤིག་རེད་ཟེར།དེའི་རྒྱུ་མཚན་ནི་རི་རྩེ་རུ་རང་གི་མིག་ཟུང་ལ་རང་དབང་བྱིན་ཆོག་པར་མ་ཟད།ས་ཆ་དང་བྱ་དངོས་གང་ཞིག་ལ་ལྐོག་ལྟ་བྱས་ཀྱང་རླུང་བུས་གཡོ་འཚོང་མི་བྱེད་ལ།རྒོད་པོས་ཁྱད་གསོད་མི་བྱེད་པས་རང་གི་འདོད་བློ་ལྟར་སེམས་པ་ཕྱོགས་ངེས་མེད་དུ་གཡེང་ཆོག་ཟེར།ངས་ཀྱང་འཐད་པའི་བརྡ་ལ་མགོ་བོ་ནང་དུ་ལྡེམ་ཙམ་བྱས།སྐབས་དེར་ཁོ་གློ་བུར་དུ་ཚུར་འཁོར་ཏེ་ངའི་གདོང་ལ་ཅེར་ནས།དེ་རིང་ང་ཕྱིར་མི་ཡུལ་དུ་ཡོང་དོན་ནི་ངས་ཁྱེད་ལ་གཏམ་རྒྱུད་ཅིག་བཤད་འདོད་པ་ཡིན།གཏམ་རྒྱུད་དེ་ནི་མི་མང་པོ་ཞིག་གིས་གོ་མྱོང་ཡོད་ཀྱང་གོ་བ་ལེན་ཤེས་མཁན་ཧ་ལམ་མེད་ཚོད་རེད།ངས་ཨ་མ་དང་ཁྱེད་ལ་མ་བཤད་པར་མི་ཡུལ་དང་ཁ་གྱེས་དོན་ནི་ཁྱེད་ཚོ་སྡུག་ལ་གཏད་མ་འདོད་པ་ཡིན།ཡིན་ཡང་སྡུག་ལ་རྙིང་རྒྱུ་ཡོད་པས་ད་ནི་མ་གསང་མ་སྦས་པར་བཤད་ཀྱང་སེམས་ཁུར་ཆེན་པོ་མེད་པ་འདྲ་ཟེར་བཞིན་ཁོ་ཡར་ལངས་ཏེ་འགྲོ་ཞོར་དུ་གཏམ་རྒྱུད་དེ་ང་ལ་བཤད་མགོ་བརྩམས།

ལོ་དེར།ང་རྫོང་མི་རིགས་སློབ་འབྲིང་གི་ལོ་རིམ་བརྒྱད་པའི་སློབ་མ་རེད།རང་ལོ་བཅོ་ལྔར་བུད་མ་ཐག་རེད།ངས་ནམ་རྒྱུན་ལྟར་སྐད་ཡིག་སློབ་ཁྲིད་ལ་ཉན་བཞིན་པའི་སྐབས།མི་ཞིག་གིས་སློབ་ཁང་གི་སྒོ་བརྡུངས་བྱུང་།སློབ་གྲོགས་ཚོའི་མིག་ཟུང་དབང་མེད་དུ་སློབ་ཁང་གི་སྒོའི་ཕྱོགས་སུ་ཤོར་སོང་།ཕལ་ཆེ་བའི་སེམས་སུ་ཐོག་མར་ཤར་ཡོང་བ་ནི་རང་རང་གི་ཕ་མའི་ངོ་གདོང་རེད།ཕ་མ་དང་ཁ་བྲལ་ནས་ཡུན་རིང་འགོར་བའི་ང་ཚོའི་གདོང་ནས་རེ་སྒུག་དང་དྲན་གདུང་གི་སེམས་ཁམས་ཤིག་གསལ་པོར་མཐོང་ཐུབ།སྒོ་བརྡུངས་པའི་སྒྲ་དེ་ཐོས་མ་ཐག་སྐད་ཡིག་གི་དགེ་རྒན་གྱིས་ཁྲིད་དབྱུག་ཁྲིད་ཅོག་སྟེང་གཡུགས་ཏེ་མྱུར་མོར་སོང་ནས་སྒོ་ཕྱེས་བྱུང་།སྒོ་རྡུང་མཁན་དེ་སུ་ཡིན་པ་ང་ཚོས་མཐོང་མི་ཐུབ།མི་དེས་དགེ་རྒན་སྒོར་བོས་ནས་ཁ་བརྡ་མང་པོ་ཞིག་བྱས་སོང་།སློབ་གྲོགས་ཚོས་སྒོ་རྡུང་མཁན་དེ་སུ་ཡིན་པར་ཚོད་དཔག་སྣ་ཚོགས་བྱས།ལ་ལས་ཁྱིམ་བདག་ཅིག་རེད་ཟེར།ལ་ལས་དགེ་རྒན་ཞིག་རེད་ཟེར།ཡང་ལ་ལས་སློབ་གྲྭའི་མགོ་ཁྲིད་ཅིག་རེད་ཟེར།ད་ལྟ་འདང་བརྒྱབ་ན་དོན་དུ་སུས་ཀྱང་གསལ་པོ་ཞིག་མཐོང་མེད་པ་འདྲ།

སྐར་མ་ལྔ་ཙམ་འགོར་རྗེས།སྐད་ཡིག་དགེ་རྒན་ཕྱིར་ཐོན་ཏེ་ང་ཚོར་དཔེ་ཆ་དང་འབྲི་དེབ་སོགས་ཅོག་ཙེའི་ནང་འཇོག་ཏུ་བཅུག་རྗེས།ཚང་མ་ཡར་ལངས་ཏེ་ལག་པ་གཉིས་ཀྱིས་མགོ་བསྐྱོར་ནས་འདུག་དགོས་པའི་བཀའ་ཕབ་བྱུང་།ཅང་མ་འགོར་བར་སློབ་གྲྭའི་བདེ་འཇགས་སྔོག་བཤེར་ཚོ་ཆུང་སློབ་ཁང་དུ་ཐོན་བྱུང་།ཚོ་ཆུང་གི་ཚོ་དཔོན་གྱིས་ཚོ་ཆུང་གི་ཁོངས་མི་ཚོར་གཟབ་ནན་དང་ཞིབ་ཚགས་ཀྱིས་སྔོག་བཤེར་བྱ་དགོས་པའི་རེ་བ་བཏོན་པར་མ་ཟད།གལ་ཏེ་ལྟེབ་གྲི་དང་ལྕགས་སྐོར།མེ་ཆ་དང་དུ་བ།ཞོར་ཟས་དང་སྒོར་མོ་སོགས་སློབ་མའི་ལག་ནས་ལུས་ཏེ་དོན་དག་བྱུང་ན།འགན་ཡོད་ཚད་སྔོག་བཤེར་བྱེད་མཁན་གྱི་དགེ་རྒན་གྱིས་འཁུར་དགོས་པའི་གསལ་བརྡ་བཏང་།ཚོ་དཔོན་བཙན་དྲག་ཆེ་བས་ཡིན་ནམ་དགེ་རྒན་ཚོ་གཉོམ་དྲགས་པས་ཡིན།གང་ལྟར་དགེ་རྒན་ཚོས་སློབ་མའི་ཅོག་ཙེའི་ཕྱི་ནང་དང་གོན་པའི་ཕྱི་ནང་།ཐ་ན་སྐྲ་གསེང་དང་ལྷམ་གདན་གྱི་ཞབས་སོགས་ཀྱང་མ་བསྐྱུར་བར་སྔོག་བཤེར་ཞིབ་མོ་བྱས།ཡིད་ཕམ་དགོས་པ་ཞིག་ལ་དགེ་རྒན་ཚོའི་ལག་ཏུ་ཅི་ཡང་མ་ཡོང་།མཐའ་མར་འུ་ཐུག་སྟེ་སློབ་གྲོགས་བུ་མོ་འགའི་གློ་ཁུག་ལས་རྙེད་པའི་ཀ་ར་ཡུ་ཅན་འགའ་ཡོད་པ་དེ་ཚོ་དཔོན་ལ་སྤྲད།ཚོ་དཔོན་གྱིས་ཀ་ར་གཅིག་གི་ཤུབས་བཤུས་ཏེ་འཇིབ་ཞོར་དུ་ཚོ་ཆུང་ལ་འཛིན་གྲྭ་གཞན་པར་བསྔོག་ཏུ་འགྲོ་བའི་ལག་བརྡ་ཞིག་བཏང་ནས་སྒོར་བུད་སོང་།བདེ་འཇགས་སྔོག་བཤེར་ཚོ་ཆུང་སོང་རྗེས།སྐད་ཡིག་དགེ་རྒན་གྱིས་སློབ་གྲོགས་ཚོ་དང་ལྷན་དུ་དབུགས་རིང་ཞིག་འཐེན་ཏེ་མུ་མཐུད་དུ་སློབ་ཁྲིད་བྱེད་པའི་མགོ་བརྩམས།

སློབ་གྲྭའི་བདེ་འཇགས་སྔོག་བཤེར་ཚོ་ཆུང་ནི་གསར་དུ་བཙུགས་པའི་སློབ་གྲྭ་ནང་ཁུལ་གྱི་བདེ་སྲུང་རྩ་འཛུགས་ཤིག་ཡིན་ལ།ཁོ་ཚོས་སློབ་སྐབས་གཅིག་ལ་ཐེངས་གཉིས་རེར་སྔོག་བཤེར་བྱེད་པ་རེད།སྔོག་བཤེར་བྱེད་སྐབས་ལན་རེར་དགེ་རྒན་ཚང་མ་ཞུགས་དགོས་ལ།མཚམས་རེར་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་བྱེད་སྐབས་ཀྱང་གློ་བུར་དུ་སློབ་ཁང་དུ་འཛུལ་ནས་སྔོག་བཤེར་བྱེད་པ་རེད།ཁོ་ཚོས་སྔོག་བཤེར་བྱ་ཡུལ་གཙོ་བོ་ནི་སློབ་མའི་ཅོག་ཙེ་དང་ཉལ་གོས་ཉལ་གདན།ལྷམ་གྱི་ནང་དང་རྐང་སྣམ་གྱི་ནང་།འབྲི་དེབ་བར་དང་གཙང་ཤོག་གི་བར།སྙུག་སྒམ་ནང་དང་རྐང་འབོབ་ཀྱི་ནང་།ཉལ་ཁང་གི་ཆ་སྒམ་དང་མི་སྒེར་གྱི་འདྲུད་སྒམ་སོགས་རེད།

ཉིན་དེར་སློབ་ཁང་དུ་སྔོག་བཤེར་བྱས་རྗེས་སློབ་མའི་ཉལ་ཁང་དུ་བུད་སོང་།སྔོག་བཤེར་གྱི་གོ་རིམ་ཁྲོད་དོགས་པ་ཟ་ཆོག་པའི་དངོས་པོ་ཅི་ཞིག་མཐོང་ཡང་ཡར་སྤྲད་ཆོག་པ་རེད།ཡར་སྤྲོད་སྐབས་རྙེད་མཁན་དགེ་རྒན་གྱི་མིང་དང་དངོས་པོའི་མིང་།རྙེད་པའི་དུས་ཚོད་དང་ཉལ་ཁང་གི་ཨང་རྟགས་སོགས་གསལ་པོར་བྲི་དགོས་པ་རེད།དེ་བས་སློབ་གྲོགས་མང་ཆེ་བའི་སེམས་བློང་བློང་པོར་གྱུར་ནས་སློབ་ཁྲིད་ལ་རིག་པ་བསྒྲིམས་ནས་ཉན་ཐུབ་ཀྱིན་མེད།འོན་ཀྱང་ངས་སེམས་ཁུར་ཆེན་པོ་ཅང་མ་བྱས།བྱ་དགོས་དོན་ཡང་མེད་དེ།ང་ལ་ལྟེབ་གྲི་དང་ལྕགས་སྐོར།ཀ་ར་དང་སྟབས་བདེ་ཐུག་པ་སོགས་མཚོན་ཆ་དང་ཞོར་ཟས་ཀྱི་རིགས་གང་ཡང་མེད་པར་མ་ཟད།གོ་རེ་དང་པ་ལུ།སིལ་ཏོག་དང་འོ་མ་སོགས་ཀྱང་མེད།དེ་བས་ངས་སེམས་བདེ་ལ་ཕབ་ནས་དགེ་རྒན་གྱི་དཔེ་ཁྲིད་ལ་ཉན་པ་ཡིན།རྒྱུན་ཤེས་ལྟར་ན་ཀ་ར་དང་ཐང་ཆུ།སིལ་ཏོག་དང་སིལ་ཁུ་སོགས་ནི་རྒྱུན་ལྡན་གྱི་ཟས་རིགས་ཡིན་མོད།བདེ་འཇགས་སྔོག་བཤེར་ཚོ་ཆུང་གི་གཏན་འཁེལ་ལྟར་ན།དེ་དག་ཀྱང་གཞུང་བཞེས་བྱེད་ཆོག་པའི་དངོས་པོའི་རིགས་སུ་གཏོགས།

ནུ་བོ་མཐོ་རིས་བོ་ཁ་ཕྱིར་འཁོར་ཏེ་ངས་ཉན་གྱིན་ཡོད་མེད་ལ་བརྟག་པ་དང་འདྲ་བར་ངའི་གདོང་ལ་ལྟ་ཙམ་བྱས་རྗེས་མུ་མཐུད་དུ་བཤད་བྱུང་།

དེའི་ཕྱི་ཉིན་ནི་གཟའ་ཉི་མ་ཡིན་པ་དང་།དགོང་མོར་འཛིན་གྲྭའི་ཚོགས་འདུ་འཚོགས་དགོས་པ་རེད།དེ་ནི་སློབ་གྲྭ་ཕལ་ཆེ་བའི་འགྲོ་སྲོལ་ཞིག་ཏུ་གྲུབ་ཡོད།ཚོགས་འདུ་འཚོགས་དགོས་པའི་དོན་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག ཆུ་ཚོད་གཅིག་ལྷག་གི་རིང་ལ་ངེས་པར་དུ་ཚོགས་འདུ་འཚོགས་དགོས།གཟའ་ཉི་མའི་དགོང་མོ་ནི་སློབ་མ་ཚོར་མཚོན་ན་འཇིགས་སྐྲག་ཆེ་བའི་དགོང་མོ་ཞིག་རེད།དེའི་རྒྱུ་མཚན་ནི་དགོང་མོ་དེར་སློབ་གྲྭའི་མགོ་ཁྲིད་རྣམས་འཛིན་གྲྭ་རེ་རེར་འཁོར་ཏེ་སློབ་མ“མ་རབས”རྣམས་དག་ཐེར་བྱེད་པས་རེད།མགོ་ཁྲིད་ཚོ་ཆུང་གི་ཁོངས་མི་རེ་རེའི་འགན་ཁུར་མི་འདྲ་སྟེ།ལ་ལ་ནི་ཆེད་དུ་གཅར་རྡུང་བྱེད་མཁན་ཡིན་ལ།ལ་ལ་ནི་ཆེད་དུ“ཚོགས་གཏམ”གཏོང་མཁན་ཡིན།ཡང་ལ་ལ་ནི་ཟུར་ནས་ལྟད་མོ་ལྟ་མཁན་ཡིན།དག་ཐེར་ཚོགས་འདུའི་སྟེང་ཆེས་སྡུག་བསྔལ་ཆེ་བའི་མི་ནི་འཛིན་བདག་དགེ་རྒན་རེད།སློབ་མའི་ཕྱོགས་སུ་ལངས་ན་སློབ་གྲྭར་འགལ་འགྲོ།མགོ་ཁྲིད་ཀྱི་ཕྱོགས་སུ་ལངས་ན་སེམས་ནས་མི་བཟོད།ཕྱོགས་སུ་མ་ལྷུང་བར་བསྡད་ན་འགན་མི་ཁུར་བའི་སྐྱོན་ཆ་ཡོད་པས་ཅི་བྱ་གཏོལ་མེད་དུ་གྱུར་འགྲོ།

དགོང་མོ་དེའང་ནམ་རྒྱུན་དང་འདྲ་བར་མགོ་ཁྲིད་ཚན་ཆུང་འཇིགས་ཡེར་ཡེར་དང་རྔམ་ཟིལ་ཟིལ་གྱིས་ཐོན་བྱུང་།ཁོ་ཚོའི་ཁྲོད་དབྱུག་པ་ཅན་ཡོད་ལ།ཁུག་མ་ཐོགས་མཁན་ཡང་ཡོད།མང་ཤོས་ཀྱི་ལག་ཏུ་ཅི་ཡང་བཟུང་མེད།སློབ་སྟོན་ཁང་གི་དྲུང་ཡིག་ཀྲང་གིས་གཟའ་འཁོར་དེར་བདེ་འཇགས་སྔོག་བཤེར་བྱས་པའི་གནས་ཚུལ་དང“ནག་ཉེས་ཅན”གྱི་སློབ་མའི་མིང་ཐོ་བསྒྲགས་བྱུང་།

སངས་རྒྱས་ཀྱིས་གློ་བུར་དུ་བཤད་མཚམས་བཞག་སྟེ་ཁུ་སིམ་མེར་འདུག

“ཨ་རོག གློ་བུར་དུ་མི་བཤད་དོན་ཅི་རེད།”ངས་དེ་ལྟར་འདྲི་ཞོར་ཁོ་ལ་ཕུད་རྒྱག་ཅིག་བྱས།

“ངས་མ་བཤད་པ་མིན།ངའི་ནུ་བོ་མཐོ་རིས་བོས་གཏམ་རྒྱུད་བཤད་ནས་འདིར་ཐོན་དུས་བཤད་མཚམས་བཞག་ནས་ཡུན་རིང་ལ་ཁ་མ་གྲག་པར་བསྡད།ངས་སྐབས་དེའི་ཚོར་བ་ངོ་མ་དེ་ཁྱེད་ལ་བརྒྱུད་སྤྲོད་བྱེད་བསམ་པ་ཡིན།”སངས་རྒྱས་ཀྱིས་ཀུ་རེ་དང་བཅས་དེ་ལྟར་བཤད་ཞོར་ཇ་ཧུབ་གང་འཐུངས་རྗེས་མུ་མཐུད་དུ་མཇུག་བསྐྱངས།

“ཁྱེད་ཚོའི་འཛིན་གྲྭའི་ནང་ནག་ཉེས་ཅན་གྱི་སློབ་མ་གཉིས་འདུག གཅིག་གིས་དུ་བ་བག་ཆ་གཅིག་ཉལ་གདན་གྱི་འོག་ཏུ་སྦས་ཡོད་ལ།གཞན་པ་དེས་སློབ་གྲོགས་བུ་མོ་ཚོའི་སྤྱོད་ཁང་དུ་ལྐོག་ལྟ་བྱས་པ་རེད།”དྲུང་ཡིག་ཀྲང་གིས་དེ་ལྟར་བསྒྲགས་པ་ན་ཁོའི་གམ་གྱི་མགོ་ཁྲིད་ཅིག་གིས་དུ་བ་བག་ཆ་གཅིག་དང་ཉིན་ཐོ་འབྲི་དེབ་ཅིག་ཡར་བཀྱགས་ནས་སློབ་གྲོགས་ཚོར་བསྟན་བྱུང་།

“དུ་བ་འདི་ཀྲུང་ཧྭ་ཟེར་བ་དེ་རེད།ཕྱུག་པོ་རེད་ལ།སྒོར་མོ་དེ་འདྲའི་མང་པོ་ཞིག་གང་ནས་ཁྱེར་ཡོང་བ་ཡིན།ཕལ་ཆེར་ཕ་མ་སོགས་ཀྱི་ལག་ནས་བརྐུས་པ་ཡིན་ཤས་ཆེ།འདི་ནི་ཉིན་ཐོ་འབྲི་དེབ་ཅིག་རེད།འདིའི་སྟེང་ཉིན་ཐོ་མང་པོ་ཞིག་བྲིས་འདུག དེའི་ཁྲོད་ཀྱི་ཉིན་ཐོ་གསུམ་ནི་བུ་མོ་ཚོའི་སྤྱོད་ཁང་ནང་ལྐོག་ལྟ་བྱས་པའི་ཉིན་ཐོ་རེད།འདི་ནི་བདེན་དཔང་རེད།ངོ་མ་ངོ་ཚ་ཟེར་བ་མི་འདུག ལྐོག་ལྟ་ནི་ཁྲིམས་འགལ་ཡིན་པ་ཨེ་ཤེས།”མགོ་ཁྲིད་དེས་དྲུང་ཡིག་ཀྲང་ལ་མུ་མཐུད་དུ་སྐད་ཆ་བཤད་དབང་མ་བྱིན་པར་དེ་ལྟར་ངར་ངར་གྱིས་བཤད་སྐབས་འཛིན་གྲྭའི་སློབ་མ་ཡོངས་ཧབ་ཆ་དིར་རེ་བགད་བྱུང་།དགེ་རྒན་མང་པོ་ཞིག་གིས་ཀྱང་ལག་པས་ཁ་བཀབ་སྟེ་ཁོང་དགོད་བྱེད།འོན་ཀྱང་ཧབ་ཆ་དེའི་གཟས་ས་སུ་ཡིན་པ་ངས་ད་དུང་མ་ཤེས།

མགོ་ཁྲིད་ཀྱི་གསལ་བཤད་དེ་ཐོས་མ་ཐག་ད་གཟོད་ཉིན་ཐོ་འབྲི་དེབ་དེ་ངའི་ཡིན་པ་ཤེས་ཏེ་སེམས་ལ་དངངས་འཚབ་ཆེན་པོ་ལངས་སོང་།ངའི་འབྲི་དེབ་དེ་རང་གི་འདྲུད་སྒམ་གྱི་གཏིང་དུ་བཅུག་ཡོད་པར་མ་ཟད་སྒམ་ལ་ཟྭའང་བརྒྱབ་ཡོད་པས་ཁོ་ཚོས་ཇི་ལྟར་བླངས་པ་རེད།ངའི་སེམས་སུ་དེ་ལྟར་ཐེ་ཚོམ་ཞིག་སྐྱེས་མོད་ཞིབ་ཏུ་བསམ་གཞིག་བྱེད་དབང་མ་བྱིན་པར་ངའི་མིང་ནས་བོས་བྱུང་།སྐབས་དེའི་ངོ་ཚ་དེ་ད་ལྟ་སྨྲ་བསམ་ཡང་བརྗོད་པ་ལས་འདས་པ་ཞིག་རེད།ལུས་ཧྲིལ་པོར་ཚ་བ་རྒྱས་ཤིང་ལག་མཐིལ་དུ་རྔུལ་ཆུ་ལངས།ཀླད་པ་སྟོང་སེང་ངེར་གྱུར་ལ་འགྲམ་ལྟག་གཉིས་ནས་རྔུལ་ཆུ་སྲན་རྡོག་འདྲ་བ་མང་པོ་གཅིག་འཕྲོར་གཅིག་མཐུད་དེ་བཞུར་ཡོང་།ངའི་སྣང་བར་འཛིན་གྲྭའི་དགེ་སློབ་ཡོངས་ཀྱིས་ངའི་ཚུགས་ཀར་བལྟས་ནས་འཕྱ་བཞིན་པ་འདྲ།རྐང་བ་གཉིས་སྦྲིད་ཅིང་ལྕེ་ལ་མདུད་པ་ཕོག་པ་ལྟར་སྐད་ཆ་ཚིག་གཅིག་ཀྱང་མི་ཤོད་པར་གྱུར།ང་རང་སྐྲག་མ་དངངས་ཀྱིས་ཡར་ལངས་ཏེ་འཛིན་བདག་གི་གདོང་ལ་བལྟས་པ་ན།འཛིན་བདག་གིས་རྐང་བ་གཡས་པས་སར་ལྷུང་བའི་ཤོག་དྲིལ་ཞིག་ཕར་འདེད་ཚུར་འདེད་བྱེད་བཞིན་མིག་གིས་རང་གི་རྡོག་མགོར་བལྟས་འདུག སྐབས་དེར་སྲིད་སྟོན་ཁང་གི་མགོ་གཙོ་གང་ནས་ཐོན་པ་མ་ཤེས་པར་ངའི་སྐེ་ནས་བཟུང་སྟེ་གྲལ་མགོར་དྲུད་སོང་།ང་ལ་མཚོན་ན་གྲལ་མགོ་ནས་མར་འཁོར་ཏེ་ཀུན་ལ་གདོང་གཏད་ནས་སྐར་མ་ལྔ་ལ་འདུག་རྒྱུའང་ཡུན་རིང་བའི་མནར་གཅོད་བཟོད་གླགས་བྲལ་བ་ཞིག་རེད།ལྷག་པར་དུ་ཉིན་དེར་ང་ནི་ནག་ཉེས་ཅན་ཞིག་ཡིན་པས་ང་སྐྲག་ནས་འཛུལ་སའི་ཁུང་བུའང་མི་རྙེད་པའི་ཚད་ལ་ཐོན་ཡོད།

“ཉིན་ཐོ་འདི་ཁྱོད་ཀྱིས་བྲིས་པ་ཨེ་ཡིན།ཤོད།”

“ཡིན་ལགས།”ངས་སྤོབས་པ་ཡོད་ཚད་བསྐྱེད་ནས་དེ་ལྟར་ལན་བཏབ་པ་ཡིན།ངའི་སེམས་སུ་དྲང་མོ་དྲང་རྐྱང་གིས་ཁས་ལེན་བྱས་ན་ཉེས་ཆད་ཇེ་ཡང་དུ་གཏང་རྒྱུ་རེད་བསམས།

“སློབ་གྲོགས་ཚོ།སྐྱུག་བྲོ་བའི་ཉིན་ཐོ་འདི་སུས་སྒྲོག་འདོན་བྱ་རྒྱུ།བོད་ཡིག་གི་ཀློག་འདོན་ལ་སུ་ངར་བ་རེད།ལག་པ་ཡར་ཁྱོགས།རེམ་དང་།”དྲུང་ཡིག་ཀྲང་གི་གམ་གྱི་མགོ་ཁྲིད་དེས་དེ་ལྟར་བཤད་རྗེས་སློབ་གྲོགས་སུས་ལག་པ་ཡར་འགྱོག་པར་བསྒུགས་ནས་བསྡད།ཅང་མ་འགོར་བར་འཛིན་དཔོན་གྱིས་ལག་པ་ཡར་བཀྱགས་བྱུང་བས་མགོ་ཁྲིད་ཀྱིས་འཛིན་དཔོན་ནི་འཛིན་དཔོན་ཡིན་པས་གཞན་དང་གཏན་ནས་འདྲ་གི་མ་རེད་ཟེར་བཞིན་ཁོའི་ལག་ཏུ་ངའི་ཉིན་ཐོ་འབྲི་དེབ་དེ་སྤྲད་སོང་།སློབ་གྲོགས་གཞན་ཚོ་གྲག་འགུལ་ཅི་ཡང་མེད་པར་ཁོས་སྒྲོག་འདོན་བྱ་རྒྱུར་བསྒུགས་ནས་འདུག ང་ནི་གྲལ་མགོ་ནས་རང་གི་འདུག་གནས་སུ་འབྲོ་འདོད་ཀྱང་སྲིད་སྟོན་ཁང་གི་མགོ་གཙོས་ངའི་སྐེ་ནས་བཟུང་སྟེ་ད་དུང་བཏང་མེད་པས་ང་རང་ཐབས་ཟད་དེ་ལུས།

2003ལོའི་ཟླ9ཚེས21ཉིན་གྱི་སྔ་དྲོ།གནམ་ངོ་དྭངས། གཟའ་ཉི་མ།

འཛིན་དཔོན་གྱིས་སྐད་གསང་མཐོན་པོ་བྱས་ནས་འདོན་མགོ་བརྩམས།

“དེ་རིང་སྔ་དྲོ་སློབ་ཁྲིད་གཉིས་པ་གྲོལ་རྗེས།ང་རང་སྤྱོད་ཁང་དུ་སོང་།སྤྱོད་ཁང་དེ་ནི་ང་ཚོའི་སློབ་གྲྭའི་ལྷོ་སྒོའི་གཡོན་ཕྱོགས་སུ་ཡོད།སྤྱོད་ཁང་དེ་ལས་ནས་ཡུན་རིང་འགོར་ཡོད་པ་འདྲ།དེའི་མདུན་རྒྱབ་ཀྱི་གྱང་ངོས་སུ་ཁུང་བུ་མང་པོ་བཏོད་འདུག་པར་མ་ཟད།ཀླད་ཀྱང་གོག་ནས་ལྷུང་ལ་ཉེ།

ང་ཚོའི་སློབ་གྲྭའི་སྤྱོད་ཁང་ཕལ་ཆེ་བའི་གྱང་ནི་འདམ་དང་རྩྭ་བསྲེས་ཏེ་ལས་པས་ཁང་བྱེའུ་དང་སྐྱུང་ཀ་སོགས་ཀྱིས་ཁང་བུ་བརྐོ་བར་དཀའ་ལས་ཆེན་པོ་མེད་པ་རེད།ལྷག་པར་དུ་དབྱར་གནང་བཏང་བའི་སྐབས།ཁང་བྱེའུ་དང་སྐྱུང་ཀ་སོགས་ལ་མཚོན་ན་ཁུང་བུ་བཟོ་བའི་གོ་སྐབས་ཡག་ཤོས་རེད།སྤྱོད་ཁང་གི་གྱང་ངོས་སུ་ཁུང་བུ་མང་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པས་སློབ་མ་ཚོའི་ཁྲོད་དུ་དེ་འདྲའི་སྣང་འཇོག་བྱེད་མཁན་མེད་པ་འདྲ།འོན་ཀྱང་དེ་རིང་ངས་རྒྱུན་ལྡན་མ་ཡིན་པའི་ཁུང་བུ་ཞིག་མཐོང་བྱུང་།དེ་ལ་རྒྱུན་ལྡན་མ་ཡིན་པའི་རྟགས་གསུམ་ཡོད་དེ།གཅིག་ནས་ཁུང་བུ་དེ་ཕོ་སྤྱོད་དང་མོ་སྤྱོད་གཉིས་ཀྱི་བར་གྱང་གི་ངོས་སུ་ཡོད།གཉིས་ནས་ཁུང་བུ་དེ་གསར་པ་ཞིག་མིན་པར་མ་ཟད་ཁུང་ཁ་ཟད་ནས་ངོས་སྙོམས་སུ་གྱུར་ཡོད།གསུམ་ནས་ཁུང་བུ་དེའི་ནང་དུ་ཤོག་དྲིལ་ཞིག་བརྫངས་ནས་གཞན་གྱིས་མི་མཐོང་བར་བྱས་ཡོད།རྟགས་འདི་གསུམ་གྱི་སྟེང་ནས་ཁུང་བུ་དེ་གསར་དུ་རྙེད་མཁན་ང་མིན་པ་ཐག་གིས་ཆོད།ཁུང་བུ་དེ་མཐོང་མ་ཐག་ང་ལ་ཕ་རོལ་ཏུ་ཅི་ཞིག་ཡོད་པར་བལྟ་འདོད་ཀྱི་འདུན་པ་དྲག་པོ་ཞིག་སྐྱེས་ཏེ་རང་དབང་མེད་པར་ཤོག་དྲིལ་དེ་ཚུར་བླངས་ཏེ་མིག་ཡ་གཅིག་གིས་ཕ་རོལ་གྱི“འཇིག་རྟེན”ལ་མིག་ཉུལ་ཐེངས་ཤིག་བྱས་པ་ཡིན།ཡིད་སྐྱོ་བ་ཞིག་ལ་དེ་རིང་ངས་ཅི་ཡང་མཐོང་མ་བྱུང་།ཡིན་ཡང་།ཁུང་བུ་དེ་སྤྱིར་བཏང་གི་ཁུང་བུ་ཞིག་མིན་པ་ཁོ་ཐག་རེད།ཐེངས་གཞུག་མར་ངས་ངེས་པར་དུ་ཅི་ཞིག་མཐོང་ངེས།

“འཛིན་དཔོན་གྱིས་སྒྲོག་འདོན་བྱས་པ་ཧ་ཅང་ལེགས།མུ་མཐུད་སྐྱུག་བྲོ་བའི་ཉིན་ཐོ་གཉིས་པ་ཐོན།”མགོ་ཁྲིད་དེས་དེ་ལྟར་བཤད་ཞོར་ལག་པ་གཉིས་རྒྱབ་ལག་བྱས་ཏེ་འཛིན་གྲྭའི་གྲལ་ཤུར་བར་ནས་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག འཛིན་བདག་གིས་སྔར་བཞིན་མགོ་བོ་བྲང་ཁར་སྨད་དེ་རྡོག་མགོར་བལྟས་འདུག

2003ལོའི་ཟླ9ཚེས22ཉིན།གནམ་ངོ་འཐིབས།གཟའ་ཟླ་བ།

དེ་རིང་རྩིས་རིག་དགེ་རྒན་གྱིས་ང་ཚོར་ཚོད་ལྟའི་རྒྱུགས་ཆུང་བླངས་པས་སྔ་དྲོར་སྤྱོད་ཁང་དུ་འགྲོ་ཁོམ་མ་བྱུང་།དྲོས་ཇ་འཐུངས་རྗེས།ངས་སྤྱོད་ཁང་གི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ཡིན།དེ་རིང་ཁུང་སྒོ་གཅོད་བྱེད་ཀྱི་ཤོག་དྲིལ་དེ་མཐོང་རྒྱུ་མི་འདུག དེའི་ཚབ་ཏུ་རས་ཆད་ཅིག་བརྫངས་འདུག རས་ཆད་དེ་མདོག་མེད་ཅིག་ཡིན་པས་བར་གྱང་གི་ཁ་དོག་དང་འདྲེས་ཏེ་གསལ་པོར་མ་བལྟས་ན་མཐོང་དཀའ།ཁ་སང་ཁུང་བུ་འདིའི་སྒོ་གཅོད་བླངས་ཏེ་ཕ་རོལ་ཏུ་བལྟ་རྒྱུ་ནི་དེ་འདྲའི་དཀའ་མོ་ཞིག་མ་རེད།

འོན་ཀྱང་དེ་རིང་ངའི་སེམས་སུ་མཚར་སྣང་དང་ཐེ་ཚོམ་རེས་མོས་སུ་འཁོར་བས་སྤྱོད་ཁང་གི་མདུན་གྱང་ལ་ཁེན་ཏེ་ཁུང་བུ་དེར་མིག་ཟུང་བཙུགས་ནས་ཡུན་རིང་བསྡད།སྐབས་ཤིག་ལ་ཕྱིར་འགྲོ་དགོས་བསམས་ནས་སྤྱོད་ཁང་གི་སྒོར་འབུད་གྲབས་བྱེད་སྐབས་ཕར་ནང་ནས་སྒྲ་ཞིག་གྲགས་བྱུང་།ང་ལ་བལྟ་འདོད་ཀྱི་འདུན་པ་སྔར་ལས་ལྷག་པ་ཞིག་སྐྱེས་ནས་རྐང་འཇབ་ལག་འཇབ་ཀྱིས་བར་གྱང་གི་ཉེ་སར་བཅར།མཚམས་ཤིག་ལ་ངས་ཤེས་མེད་ཚོར་མེད་རང་ཁུང་སྒོའི་རས་ཆད་དེ་ཚུར་བླངས་པ་ཡིན།ཁ་སང་ནང་བཞིན་མིག་ཡ་གཅིག་གིས་ཕ་རོལ་གྱི“འཇིག་རྟེན”ལ་མིག་ཉུལ་བྱེད་སྐབས།ངས་མཐོང་བྱུང་།ངས་ཡོད་ཚད་མཐོང་བྱུང་།ང་ལ་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་བྱུང་བ་དང་མཉམ་དུ་སེམས་ཁུར་ཞིག་ཀྱང་ངང་གིས་སྐྱེས་སོང་།ཚུར་རོལ་ནས་ཕར་ལ་བལྟས་ཆོག་ན་ཕ་རོལ་ནས་ཀྱང་ཚུར་ལ་བལྟས་ཆོག་ཆོག་ཡིན་པས་འཚེར་སྣང་ཞིག་འགོག་མེད་དུ་སྐྱེས་བྱུང་།”

“ཁྱོད་རང་གིས་ཉོན་དང་།སྐྱུག་བྲོ་བ་ཨེ་རེད།ཁྱོད་ཀྱི་སྤྱོད་པ་འདིས་མི་གཞན་པའི་སྒེར་གྱི་གསང་བ་ལ་རྡོག་བརྫིས་བཏང་བ་རེད།ངོ་མ་ཐ་ཤལ་བ་རེད།ཡ།འཛིན་དཔོན་གྱིས་མུ་མཐུད་དུ་སྒྲོག་འདོན་བྱེད་རོགས།”མགོ་ཁྲིད་དེས་ང་ལ་མཛུབ་མོ་བཙུགས་ཏེ་དེ་ལྟར་བཤད་ཞོར་མགོ་བོ་འཕྲེད་དུ་གཡུག་གིན་འདུག ཕར་བལྟས་ན་ངས་ཁོ་ལ་ཡིད་ཆད་ཆེན་པོ་བཟོས་སོང་བ་འདྲ།སྐབས་དེར་ངའི་འགྲམ་ལྟག་ནས་རྔུལ་ཆུ་ཆུ་མིག་ལྟར་བརྡོལ་ཞིང་སྣ་ཁུང་ནས་སྣ་ཆུ་གཞུང་ཆུ་ལྟར་བཞུར།སྒྱིད་པ་ལྷབ་ལྷུབ་ཏུ་འདར་ཞིང་གློ་བུར་དུ་གཅིན་པ་གཏང་རྒྱུ་ཡོད་པའི་སྣང་བ་སྐྱེས།ངས་ཉིན་ཐོ་དེ་བྲིས་པར་སེམས་གཏིང་ནས་འགྱོད་པ་སྐྱེས།ངས་རང་གི་བྱས་ཉེས་ལ་ཕྱིར་འདང་རྒྱག་སྐབས་འཛིན་དཔོན་གྱི་སྐད་གསང་མཐོན་པོས་ངའི་དྲན་པ་ཡོད་ཚད་གཏོར་སོང་།

2003ལོའི་ཟླ9ཚེས29ཉིན།སྔ་དྲོ།གནམ་ངོ་དྭངས།གཟའ་ཟླ་བ།

ང་རང་སྤྱོད་ཁང་དེའི་ནང་མ་སོང་བར་ཉིན་འགའ་འགོར་སོང་།ང་རང་འགྲོ་མ་འདོད་པ་མིན་མོད་འགྲོ་བར་སྐྲག་པ་ཡིན།ང་ལ་གཞན་གྱིས་ལྐོག་ལྟ་བྱེད་པར་སྐྲག་པ་ཡིན།ཡིན་ཡང་།ངས་སྤྱོད་ཁང་ནང་གི་ཁུང་བུ་དེ་བརྗེད་ཐབས་བྲལ།གཅིག་བྱས་ན་ཕ་རོལ་པས་ཁུང་བུ་དེ་མཐོང་མེད་ནའང་ཐང་།དེ་ལྟར་ཡིན་ཚེ་ང་སྤྱོད་ཁང་དེར་སོང་ཡང་ཉེན་ཁ་ཅི་ཡང་མེད་པ་རེད།གཉིས་བྱས་ན་ཕ་རོལ་པས་ང་ལ་ལྐོག་ལྟ་བྱས་ཀྱང་དོན་དུ་ཅི་ཞིག་མཐོང་སྲིད།ངས་མཐོང་བ་དེ་དག་མཐོང་སྲིད་དམ།ངས་འདི་ལྟར་རང་གིས་རང་ལ་གནས་ལུགས་དང་བདེན་ཁ་བྱིན་ནས་སླར་ཡང་སྤྱོད་ཁང་དེའི་ཕྱོགས་སུ་གོམ་ཁ་བསྒྱུར།ངའི་བསམ་ཡུལ་ལས་འདས་པ་ཞིག་ལ་ཁུང་སྒོའི་རས་ཆད་དེ་ཡང་བསྐྱར་ཤོག་དྲིལ་ལ་བརྗེས་འདུག ང་རང་ཡ་མཚན་ནས་ཁུང་བུ་འདིའི་ནང་ན་བྱེའུ་ཞིག་གི་ཚང་ཡོད་པ་མིན་ནམ་སྙམ་སྟེ།ཁུང་སྒོའི་ཤོག་དྲིལ་དེ་དལ་མོ་བྱས་ནས་ཚུར་བླངས་ཏེ་མིག་ཡ་གཅིག་གིས་ཁུང་བུའི་ནང་རོལ་ཏུ་ཞིབ་ཏུ་བལྟ་བསམ་དུས།ཕ་རོལ་ནས་ཀྱང་མིག་ཡ་གཅིག་གིས་ངའི་མིག་ཡ་གཅིག་ལ་བལྟས་འདུག་པས་ང་རང་སྐྲག་ཐག་ཆོད་དེ་ཤོག་དྲིལ་དེ་ལག་ནས་ཤོར་ཏེ་སྐྱག་དོང་དུ་ལྷུང་སོང་།ད་ལྟ་ད་དུང་རང་ཉིད་ཀྱི་མིག་ལ་ཡིད་ཆེས་བྱེད་དཀའ།ངས་མཐོང་བ་དེ་མིག་འཕྲུལ་མིན་ནམ་སྙམ་གྱིན་ཡོད།ཞིབ་ཏུ་བསམས་ན་མིག་འཕྲུལ་མིན་པ་འདྲ།མིག་ཡ་གཅིག་དེའི་འགུལ་སྟངས་དང་རྡེབ་ལུགས་སོགས་ད་ལྟའང་ངའི་མིག་ལམ་དུ་གསལ་པོར་ཤར་ཡོང་།གང་ལྟར་ད་ནས་བཟུང་སྤྱོད་ཁང་དེའི་ནང་མི་འགྲོ་ཁོ་ཐག་ཡིན།”

མཚམས་འདིར་ཐོན་དུས་སངས་རྒྱས་ཀྱིས་བཤད་མཚམས་བཞག་ནས་ལྭ་བ་བར་ཚངས་ཅན་དེ་ཕུད་ནས་འབོལ་ཁྲིའི་སྟེང་དུ་བཞག་ཅིང་།ནང་གི་ཚི་ལེན་གྱི་ཕུ་རུང་ཡར་ཅུང་ཙམ་བརྫེས་རྗེས་ཇ་ལ་ཧུབ་གཅིག་བྱས།ངས་རེ་སྒུག་གི་མིག་ཟུང་གིས་ཁོའི་གདོང་ལ་ཅེར་ནས་བསྡད་པ་ན།ཁོའང་དོགས་མ་བདེ་བ་ལོས་ཡིན་མུ་མཐུད་དུ་བཤད་མགོ་བརྩམས།

“དྲང་མོར་ཤོད།དོན་དངོས་སུ་ཁྱོད་ཀྱིས་མོ་སྤྱོད་ལས་ཅི་ཞིག་མཐོང་སོང་།དྲང་མོར་མ་བཤད་ན་སང་ཉིན་སློབ་གྲྭ་ཡོངས་ཀྱི་གྲལ་མགོ་ནས་ཡར་བརྩེང་རྒྱུ་ཡིན།”སྲིད་སྟོན་ཁང་གི་མགོ་གཙོས་དེ་ལྟར་ང་ལ་འཇིགས་སྐུལ་བྱས།སྐབས་དེར་ངས་ཅི་ཞིག་བཤད་དགོས་པའང་མི་ཤེས།བཤད་རྒྱུ་ཡོད་ཚད་ཉིན་ཐོར་བྲིས་ཡོད་པ་དེ་རེད།ཡང་གཅིག་བཤད་ན་ཁོ་ཚོས་ཤེས་འདོད་པ་དེ་དང་ངས་མཐོང་བ་དེ་གཉིས་ཁ་ཁ་ཡིན་པ་འདྲ།

“དགེ་རྒན་ལགས།ངས་མཐོང་བ་ཡོད་ཚད་ཉིན་ཐོར་གསལ་བ་དེ་ཡིན།དེ་ལས་གཞན་མེད།”

“སྤོབས་པ་ཆེན་པོ་འདུག ངར་གི བཟང་གི སང་ཉིན་ངས་ཅི་བྱེད་ལ་བསྒུགས་ནས་སྡོད།”

སྐབས་དེར་འཛིན་བདག་ངའི་གམ་དུ་ཡོང་ནས།ང་ལ་སྐད་ཆ་དྲང་མོར་བཤད་དགོས་པ་དང་།གཞན་ལ་བརྩི་འཇོག་ཡོད་པའི་མི་ཞིག་བྱ་དགོས་པའི་ཁ་ཏ་བྱས།ཡིན་ཡང་ངའི་སེམས་སུ་ཉིན་ཐོ་དེ་ལས་ལྷག་པའི་གསང་བ་ཞིག་མེད་ལ་ཡོད་ཀྱང་མི་སྲིད།དེ་བས་དགེ་རྒན་ཚོས་ཇི་ལྟར་གཅར་ཡང་ངས་མགོ་བསྒུར་ནས་གུས་ཞུམ་གྱིས་བསྡད་པ་ཡིན།

ངའི་བསམ་ཡུལ་ལས་འདས་པ་ཞིག་ལ་ཕྱི་ཉིན་སྔ་དྲོའི་སློབ་ཁྲིད་གཉིས་པ་གྲོལ་རྗེས།སྲིད་སྟོན་ཁང་གི་མགོ་གཙོས་དགེ་སློབ་ཡོངས་འཚོག་ཏུ་བཅུག་ནས་སློབ་མ“ནག་ཉེས་ཅན”འགའི་ནག་ཉེས་བསྒྲགས་པར་མ་ཟད་གྲལ་མགོ་ནས་ཡར་བརྩེངས་ཏེ་སྐྱོན་བརྗོད་ནན་མོ་བྱས།སྐབས་དེར་ངའི་སེམས་ཁམས་ནི་འགྱོད་པ་དང་གདུང་སེམས་མིན་པར།ཡིད་ཆད་དང་ངོ་ཚ།འཇིགས་སྐྲག་དང་ཁོང་ཁྲོ་སོགས་རེད།སློབ་མ་དང་དགེ་རྒན་གང་མང་ཞིག་གི་མིག་མདངས་ལས་མངོན་པའི་མཐོང་ཆུང་དང་ཁྱད་གསོད།འཕྱ་སྨོད་དང་ཟུར་ཟའི་ཉམས་དེས་ང་ལ་སོས་ཐབས་བྲལ་བའི་རྨ་ཁ་ཞིག་བཞག་སོང་།

དེ་ནས་བཟུང་ངའི་མཚང་མིང་ལ“ཞབས་ལྟ་མིག་སེར”ཟེར།ངའི་གོ་ས་ནས་དེ་ལྟར་འབོད་ཕོད་མཁན་མེད་མོད།མི་རིག་མི་གོ་ས་ནས་སློབ་གྲོགས་ཚོ་ལྟ་ཞོག་དགེ་རྒན་ཚོས་ཀྱང་དེ་ལྟར་འབོད་ཀྱིན་པ་ངས་ཚོར་ཐུབ།ཡིན་ཡང་།ང་ལ་ཐབས་ཅི་ཞིག་ཡོད།ཅི་ཡང་མེད་དོ། །ཐ་ན་ངས“ཞབས་ལྟ་མིག་སེར”ཞེས་པའི་དོན་ཡང་གསལ་པོ་ཞིག་མ་གོ །ཐེངས་དེར་སྐྱོན་བརྗོད་བྱེད་སྐབས་ངའི་ནག་ཉེས་གཙོ་བོ་ནི་མི་གཞན་པའི་སྒེར་གྱི་གསང་བ་ལ་རྡོག་བརྫིས་བཏང་བ་དེ་རེད་ཟེར།ང་ལྡོག་ཕྱོགས་ཀྱི་དཔེ་རུ་བཟུང་ནས་སློབ་མ་ཚོར་མི་གཞན་པའི་སྒེར་གྱི་གསང་བ་ལ་བརྩི་འཇོག་བྱ་དགོས་པའི་ཁ་ཏ་སློབ་གསོ་བཏང་།དེ་ནས་བཟུང་མི་གཞན་གྱིས་ང་ནི་ནག་ཉེས་ཅན་གྱི་སློབ་མ་ཐ་ཤལ་བ་ཞིག་ཡིན་པར་འདོད་ལ་ང་རང་གིས་ཀྱང་དེ་ལྟར་འདོད།གང་ལྟར་ཉིན་དེ་ནས་བཟུང་ང་ནི་མི་གཞན་པ་ཞིག་ཏུ་གྱུར་སོང་ལ།ལམ་ཡང་གཞན་པ་ཞིག་ཏུ་ཞུགས་ཚར།

ཉིན་དེར་དགེ་སློབ་ཡོངས་ཀྱི་མདུན་ནས་ངའི་ཉིན་ཐོ་འབྲི་དེབ་དང་ཁ་ཚའི་ཟས་རིགས་སྣ་ཚོགས།ཉི་འབྲས་དང་སྟབས་བདེ་ཐུག་པ་སོགས་དེའུ་འབུར་ལྟ་བུ་ཞིག་མཉམ་གཅིག་ཏུ་སྤུངས་ཏེ་མེར་བསྲེགས་བྱུང་།དངོས་པོ་དེ་ཚང་མ་སློབ་མའི་སློབ་ཁང་དང་ཉལ་ཁང་།དཔེ་ཁུག་དང་ལག་ཁུག་སོགས་སྔོག་བཤེར་བྱས་ནས་རྙེད་པ་ཡིན་ཟེར།འོན་ཀྱང་ངའི་སློབ་གྲོགས་དེའི་དུ་བ་བག་ཆ་གཅིག་པོ་དེ་མཐོང་རྒྱུ་མེད་པར་གྱུར།

ནུ་བོ་མཐོ་རིས་བོས་འགྲོ་ཞོར་བཤད་ཞོར་བྱས་པས་ཐང་ཆད་དེ་དབུགས་འཚང་བཞིན་ཡོད། ཁོས་གཏམ་རྒྱུད་བཤད་མཚམས་བཞག་སྟེ་རྒྱང་རིང་གི་ཆབ་བྲག་དབུ་རྩེར་བལྟས་ནས་མི་ནི་ཅི་འདྲའི་ཉམ་ཆུང་ཞིག་རེད་ཨང་།ཡང་ན་མི་ནི་ཅི་འདྲའི་སྟོབས་ལྡན་ཞིག་རེད་ཨང་།སྐད་ཆ་ནི་ཅི་འདྲའི་ནུས་མེད་ཅིག་རེད་ཨང་ཟེར་བཞིན་དངན་པ་རིང་མོ་ཞིག་འཐེན། དེ་ནས་ཁོས་མུ་མཐུད་དུ་བཤད་བྱུང་།

མི་ནི་ཁེར་རྐྱང་གིས་ཡོང་ལ།ཁེར་རྐྱང་གིས་འབྲལ་དགོས་པ་རེད།ཡིན་ཡང་མི་ལ་མི་སྒེར་གྱི་ཁེར་རྐྱང་ལོངས་སུ་སྤྱོད་པའི་ཐོབ་ཐང་ཡོད་པ་མ་རེད།དོན་རྐྱེན་དེའི་རྗེས་ནས་ངས་བསམ་གཟས་ནས་སྒྲིག་འགལ་གྱི་དོན་དག་ཁོ་ན་བསྒྲུབས་པ་ཡིན།རྐུ་བྱས་མྱོང་ལ་ཆང་ཡང་འཐུང་མྱོང་།རྫུན་བཤད་མྱོང་ལ་གཞན་ལ་མགོ་སྐོར་ཡང་བཏང་མྱོང་།བུད་མེད་འདྲ་མིན་ལ་བརྩེས་མྱོང་ལ་རྡུང་རེས་ཀྱང་གང་མང་བརྒྱབ་མྱོང་།ངའི་སེམས་སུ་གང་ལྟར་རང་ཉིད་ལ་མིའི་ཐོབ་ཐང་དང་རྩིས་ཐང་ཟེར་བ་མེད་པས་ནམ་ཤི་ན་འགྱོད་པ་མེད།འཇིག་རྟེན་དང་སྤྱི་ཚོགས་འདི་རྩེད་ཆས་སུ་བསྒྱུར་ནས་རང་ཉིད་ཀྱི་དབང་པོའི་སྤྲོ་བ་ཧུར་བླངས་ན་དེ་ལས་ལྷག་པའི་བདེ་སྐྱིད་ཅིག་གང་ན་ཡོད།དེ་ལྟ་བུའི་ལམ་དུ་ཞུགས་པ་ནས་ཕྱིར་ལྡོག་པའི་སྐལ་བ་ནི་ནམ་ཡང་མེད།དེ་ལྟར་ལོ་ངོ་ལྔ་ལ་འཁྱམས་རྗེས།ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་ཁར་ཟོག་འདྲེན་རླངས་འཁོར་ཞིག་གིས་ང་ཚོའི་གླ་འཁོར་ལ་རྡུང་ག་བརྒྱབ་སྟེ་ང་རང་ཕྱི་མའི་ཡུལ་དུ་མངགས།ལོ་དེར་ང་རང་ཕོ་ལོ་ཉི་ཤུ་ལ་བུད་མ་ཐག་ཡིན།ཁྱེད་རང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་རེད།ཉིན་དེར་ངས་ཆང་དཀར་རྒྱ་མ་དོ་འཐུངས་ཡོད་པས་སྡུག་བསྔལ་དང་ན་ཟུག་ཅི་ཡང་མ་ཚོར།འཆི་བ་ནི་ཐར་ལམ་ཞིག་མིན་པའི་ངེས་པ་མེད་པ་འདྲ།མ་མཐའ་ཡང་ང་ལ་མཚོན་ན་དེ་འདྲ་རེད།

“དོན་དངོས་ཐོག་ཁྱེད་ཀྱི་ནུ་བོ་མཐོ་རིས་བོས་ཁུང་བུ་དེ་ལས་ཅི་ཞིག་མཐོང་སོང་བ་རེད།”སངས་རྒྱས་ཀྱིས་གློ་བུར་དུ་བཤད་མཚམས་བཞག་སོང་བས་ང་ད་དུང་ཡིད་མ་ཚིམས་པར་མུ་མཐུད་དུ་ཕུགས་འདྲི་བྱས།

“ངས་གང་ནས་ཤེས།དེའི་རྗེས་ནས་ནུ་བོ་མཐོ་རིས་བོ་ཁུ་སིམ་མེར་གྱུར་སོང་།ཁོའི་མིག་མཐར་མཆི་མ་འཁོར་བཞིན་ངའི་མགྲིན་པར་འཁྱུད་བྱུང་།ཁོའི་རྣམ་འགྱུར་ལ་བརྟགས་ན་ད་དུང་སྐད་ཆ་མང་པོ་ཞིག་བཤད་ནས་རྫོགས་མེད་པ་འདྲ།ཡིན་ནའང་ཁོའི་མགྲིན་པ་བརྣངས་ཏེ་ཅི་ཡང་མ་ཤོད།ངེད་གཉིས་ཕན་ཚུན་ལ་འཁྱུད་ཀྱིན་འཁྱུད་ཀྱིན་ཁོ་རང་ཇེ་ཆུང་ནས་ཇེ་ཆུང་དུ་སོང་བ་མ་ཟད།ང་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་སོང་།ངས་ཁོའི་རྗེས་སུ་ལག་པ་བསྲིངས་ཏེ་ཇི་ལྟར་བརྒྱུགས་ཀྱང་རྗེས་མ་ཆོད།མཐའ་མར་ཁོ་སྟོན་མཇུག་གི་མཚམས་སྤྲིན་གསེང་དུ་ཡལ་སོང་།སྐབས་དེར་ང་རང་གློ་བུར་དུ་སད་བྱུང་།སྔས་འབོལ་རློན་པ་དེ་མཐོང་བས་ངས་ད་གཟོད་རང་ཉིད་ངུས་ནས་སད་པ་ཤེས་སོང་།”སངས་རྒྱས་ཀྱིས་དེ་ལྟར་བཤད་ཞོར་ལྭ་བ་བར་ཚངས་ཅན་དེ་གོན་ནས་མདུན་གྱི་སྒེའུ་ཁུང་ཁར་བུད་སོང་།

སངས་རྒྱས་ཀྱི་གདོང་ལ་སྐྱོ་ཉམས་ཤིག་ཤར་ནས་སྒེའུ་ཤེལ་ལས་རྒྱང་རིང་གི་ལམ་འགྲམ་ན་རྩེད་འཇོར་གཡེང་བའི་བྱིས་པ་གསུམ་གྱི་རྒྱབ་གཟུགས་ལ་ཅེར་ནས་འདུག དེ་ནི་ཁོའི་ནུ་བོ་མཐོ་རིས་བོས་ཁོ་ལ་གཏམ་རྒྱུད་བཤད་སྐབས་རྒྱང་རིང་གི་ཆབ་བྲག་དབུ་རྩེར་ལྟ་བའི་རྣམ་པ་དང་ཧ་ཅང་འདྲ།རྣམ་པ་དེར་བལྟས་ཀྱིན་བལྟས་ཀྱིན་ངས་ཁོ་ལ་བར་ཆད་བྱེད་མ་ཕོད།

སངས་རྒྱས་ཕྱིར་སོང་རྗེས།ང་རང་སྔར་བཞིན་གཏམ་རྒྱུད་དེའི་འཇིག་རྟེན་དུ་གཡེང་ནས་བསྡད།ངའི་བསམ་པར་སངས་རྒྱས་ཀྱི་ནུ་བོ་མཐོ་རིས་བོས་སྤྱོད་ཁང་གི་ཁུང་བུ་ལས་མཐོང་མྱོང་བའི་འཇིག་རྟེན་དེ་ད་ལྟ་མཐོང་གིན་ཡོད་དམ་སྙམ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།