ཀྲུང་གོ་བོད་ཀྱི་དྲ་བ།

ལི་ནག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀླད་ཀོར།   སྤེལ་དུས། : 2019-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་རང་ལོ་བཅུ་གཉིས་ལ་སོན་དུས་ཨ་ཕས་ང་ལ་མེ་མདའ་ཞིག་སྦྱིན་བྱུང་།

ཨ་ཕས“ད་ནི་ཁྱོད་རང་ནར་སོན་ཡོད་པས་མེ་མདའ་ཞིག་དགོས། ཁྱོད་ཀྱི་ཨ་མེས་ལོ་བཅུ་གཉིས་ལ་སོན་དུས་ཇག་ལ་འགྲོ་བཞིན་ཡོད་ལ་ཁྱོད་ཀྱི་ཨ་ཕ་ལོ་བཅུ་གཉིས་ལ་སོན་དུས་རྔོན་པར་འགྲོ་བཞིན་ཡོད”ཟེར།

ཡིན་ཡང་ང་རང་སྐྱེས་པའི་དུས་སྐབས་དེར་ཇག་ལ་འགྲོ་མི་ཆོག་ལ་རྔོན་པར་ཡང་འགྲོ་ཆོག་གི་མི་འདུག་པས་ན་ངས་མེ་མདའ་དེ་ཁུར་ནས་བྱེའུ་དང་ཕོ་རོག་སོགས་སྲོག་ཆགས་ཆུང་ངུའི་རིགས་འཇིག་རྟེན་འདི་ནས་མེད་པར་བཟོ་བར་ཐབས་ཟད། བར་སྐབས་ཤིག་ལ་ང་ཚོའི་ལུང་པ་ཆུང་ཆུང་དེའི་ནང་མེ་མདའི་བྲག་ཆས་ཁེངས་པར་གྱུར།

དུས་ནི་ཚ་བ་ཧ་ཅང་ཆེ་བའི་དབྱར་དྲུག་པ་ཤར་དུས། ངའི་འབེན་དུ་གྱུར་བའི་བྱེའུ་དང་ཕོ་རོག་སོགས་སྟར་གའི་སྡོང་པོའི་ལོ་མ་སྟུག་པོའི་འོག་ཏུ་ཡིབ་པ་འདྲ་སྟེ། མིག་ལམ་དུ་མངོན་པར་མི་བྱེད། ང་རང་བསིལ་གྲིབ་འོག་ངལ་གསོས་ནས་བསྡད་ཡོད་དུས་ང་ཚོ་ལུང་པའི་མི་རྣམས་ཀྱིས་འཛིན་འཛིན་དུ་འབོད་པའི་བུ་དེས་སྐད་འཛིན་འཛིན་ཞེས་བར་མཚམས་མེད་པར་བརྒྱབ་ནས་ང་རང་སྐྱིད་པོ་ཞིག་འདུག་ཏུ་མ་བཅུག དེས་ང་ལ་གནམ་སྔོན་པོར་མེ་མདའ་ཞིག་འཕེན་འདོད་འགོག་ཅིག་སྐྱེས་བཅུག་ནའང་ཅི་ཕན། འབུ་བརྒྱ་ཕྲག་མང་པོ་ཤིང་ལོ་དང་ཚེར་བའི་གསེབ་ཏུ་འཛུལ་ནས་སུན་སྣང་སྟེར་བྱེད་ཀྱི་འཛིན་འཛིན་ཞེས་མཉམ་དཀྲོལ་རོལ་དབྱངས་བར་མེད་དུ་དཀྲོལ་བར་བྱེད། ངས་སྐད་ངན་དེ་དག་མ་གོ་དོགས་བྱས་ནས་ཡུན་རིང་བེད་སྤྱོད་མ་བྱས་པའི་མེ་མདའ་དེ་ཡང་ཡང་ཕྱེ་དགོས་བྱུང་།

“མྰ་མྰ”

དེ་དུས་ལི་ནག①ཞིག་སྤོབས་པ་མཐོ་བའི་གོམས་སྟབས་དང་བཅས་ངའི་ཕྱོགས་སུ་སླེབས་བྱུང་། ང་ལ་ལས་ཀ་མེད་པའི་སུན་སྣང་དག་མེད་པར་བཟོས།

ཉི་འོད་འོག་ཏུ་ཁོའི་མིག་སེར་པོ་དེ་ལས་འོད་ཆེམ་ཆེམ་འཕྲོ།

ངས་མེ་མདའ་ཁོ་ལ་གཏད་དུས་ཁོ་རང་སྐྲག་སྣང་གང་ཡང་མེད་པར་མིག་བགྲད་བསྡད།

“ཀག”

མེ་མདའི་སྐད་གྲགས་མ་ཐག ཁོའི་ཤེལ་ཏོག་འདྲ་བའི་མིག་ཡ་གཅིག་མེད་པར་གྱུར་འདུག དེས་རང་ཉིད་ཀྱི་མིག་ཡ་གཅིག་གློ་བུར་མེད་པར་གྱུར་བ་ཚོར་མེད་པ་འདྲ། ཀྲོང་ངེར་འགྲེང་བསྡད་འདུག

“མྰ། མྰ”

སྐར་ཆ་གཅིག་རྫོགས་རྗེས་སྐད་ངན་ཡ་ང་བ་ཞིག་བརྒྱབ་བྱུང་ལ་འཕག་ཐེངས་གཅིག་གིས་རྩིག་པའི་རྒྱབ་ཏུ་ཡལ།

ཉིན་གཅིག་གི་རྗེས་སུ་གྲོང་རོགས་སྤོ་བོ་བློ་ལྡན་གྱིས“ངེད་ཚང་གི་ལི་ནག་ལ་མེ་མདའ་ཕོག་འདུག”ཅེས་བཤད་ཀྱིན་འདུག་ཟེར། ཁོས་གསལ་བོར་མ་བཤད་ཀྱང་རྒྱག་མཁན་ང་ཡིན་པ་གྲོང་མི་ཚོའི་སེམས་ན་ཁྲིགས་ཁྲིགས་ཡིན།

རྗེས་ནས་ལི་ནག་དེ་ཞིང་ཁར་འགྲོ་བཞིན་པ་ཡང་ཡང་མཐོང་མྱོང་། ངས་རྐང་འཇབ་ལག་འཇབ་ཀྱིས་ཁོའི་མིག་གཞན་པ་དེ་ཡང་མེད་པར་བཟོ་འདོད་ནའང་ད་ནི་ཁོ་རང་གྲུང་པོར་འགྱུར་འདུག་སྟེ། ངའི་ལུས་དྲི་ཐུལ་མ་ཐག་གར་སོང་ཆ་མེད་དུ་འགྱུར།

ལོ་ངོ་འགའ་སོང་རྗེས་ལི་ནག་མིག་ཡ་མེད་པ་དེ་གཞི་བདག་གཡུ་རིའི་བྲག་ཕུག་ན་ཤི་འདུག་ཟེར། ཁོའི་མིག་དོང་ནང་ཤ་འབུ་མང་པོ་འཚང་འདུག་ཟེར།

བར་སྐབས་ཤིག་ལ་ངས་ཕྱིར་འདང་ཞིག་བརྒྱབ་དུས་དུས་ཚོད་ཟེར་བ་དེས་ངའི་མེ་མདའ་ཐུང་ཐུང་དེའང་མེད་པར་བཟོས་འདུག་ལ། ངས་མིག་ཡ་གཅིག་མེད་པར་བཟོས་མྱོང་བའི་ལི་ནག་དེའང་ངའི་སེམས་ནས་མེད་པར་བཟོས་འདུག

ང་རང་ལོ་བཅུ་གསུམ་ཙམ་ལ་སློབ་གྲྭར་ཕྱིན། སློབ་གྲྭར་ཕྱིན་མ་ཐག གོང་རིམ་གྱི་དཔོན་པོ་གྲགས་ཅན་ཞིག་ང་ཚོའི་ལུང་པར་ལྟ་སྐོར་དུ་ཕེབས། སྐབས་དེར་ང་ཚོའི་ལུང་པའི་ལྟེ་བའི་སློབ་ཆུང་གི་ལོ་རིམ་ལྔ་པ་དྲུག་པ་ནང་མི་གྲངས་ཤིན་ཏུ་ཉུང་བས་མི་གྲངས་ཚང་ཆེད་གཟུགས་པོ་རིང་བའི་ང་རང་སློབ་གྲྭར་སོང་མ་ཐག་ལོ་རིམ་དྲུག་པའི་ནང་བཅུག

དུས་དེ་ནས་བཟུང་ང་རང་སྦྱང་འབྲས་ལེགས་རྒྱུ་མེད་མོད་ཨ་ཕས་སུས་ཤིག་གི་ཁ་ནས་ཐོས་པ་མི་ཤེས་པའི་ལེགས་བཤད་ཅིག་མ་ཎི་བཞིན་བགྲང་གིན་འདུག

“སློབ་གྲྭར་འགྲོ་ན་ལོ་ཚོད་ཆུང་ན་ཡག”

ང་ཚོའི་ལུང་པ་ཆུང་ཆུང་ནང་ལྟ་རྒྱ་མཐོང་རྒྱ་ཆེ་ཤས་དང་བློ་མང་ཤས་ཡིན་པའི་ཨ་ཕས་ཉིན་རྟག་པར་མཛུབ་མོའི་བར་ནས་ཅི་ཞིག་རྩི་བཞིན་པ་མཐོང་བྱུང་།

ཉིན་ཞིག་ངས་བསྲན་མ་ཐུབ་པར“ཨ་ཕ། ཁྱོད་ཀྱིས་ཅི་ཞིག་རྩི་བཞིན་ཡོད”ཅེས་དྲིས་མ་ཐག ཨ་ཕའི་མིག་ནང་དུ་སྔོན་མཐོང་མ་མྱོང་བའི་འོད་སྣང་ཞིག་འཕྲོས་ཡོང“ངས་གཅིག་རྩི་དུས་ཁྱོད་རང་ལོ་ཉེར་གཉིས་པར་སློབ་གྲྭ་ཆེན་མོ་ནས་ཐོན་ཐུབ་པ་འདུག”ཟེར།

“ཨ་ཕ། སློབ་གྲྭ་ཆེན་མོ་ཟེར་བ་དེ་ཅི་ཡིན་ནམ།”

“སློབ་གྲྭ་ཆེན་མོ་ནས་ཐོན་ན་ལས་བྱེད་པར་འགྱུར་བ་རེད།”

“ཨ་ཕ། ལས་བྱེད་པ་ཡིན་ན་ཁ་ནིང་ལྟ་སྐོར་ཡོང་མཁན་གྱི་དཔོན་པོ་དེ་བཞིན་ནུབ་ལྭ་སྤུས་དག་གྱོན་ཆོག་པ་ཡིན་ནམ།”

“ནུབ་ལྭ་གྱོན་ཆོག་པར་མ་ཟད། ཞིང་ལས་བྱེད་མི་དགོས།”

དེ་རྗེས་ང་རང་ལུང་པ་ཆུང་ཆུང་འདིའི་ནང་གི་སློབ་འབྲིང་སློབ་མ་ཐོག་མར་གྱུར། དེ་ནས་མཐོ་འབྲིང་སློབ་མ་ཐོག་མར་གྱུར།

མཐོ་རྒྱུགས་སྤྲོད་པར་ཟླ་གཅིག་ལས་མེད་དུས་ངས་འཛིན་བདག་ཀྲུ་ཅིན་ལ“ཨ་ཕ་ན་འདུག དགོངས་པ་གཟའ་འཁོར་གཅིག་ཞུ་དགོས་པ་འདུག”ཅེས་རྫུན་བཤད་ནས་དགོངས་པ་གཟའ་འཁོར་གཅིག་ཞུས།

ང་རང་ཡུལ་དུ་ཐོན་མ་ཐག་བདེ་བདེ་སང་སང་ཡིན་པའི་ཨ་ཕའི་གདོང་ལ་སྐྲག་སྣང་ཞིག་ཤར་འདུག ངས“སློབ་གྲྭས་གཟའ་འཁོར་གཅིག་ལ་ངལ་གསོ་བཞག་བྱུང་། ངལ་ཡག་པོ་གསོས་རྗེས་མཐོ་རྒྱུགས་སྤྲོད་དགོས་ཟེར”ཞེས་རྫུན་བཤད་མ་ཐག་ཨ་ཕའི་སྐྲག་སྣང་དེ་མེད་པར་གྱུར་སོང་། ཉིན་ཞིག་གི་ཕྱི་དྲོར་ང་རང་གཅིག་པོ་ཁྱིམ་དུ་ལུས་སོང་བས་ངས་རང་ཉིད་ཡུལ་དུ་ལོག་པའི་དམིགས་ཡུལ་དེ་སྒྲུབ་མགོ་བརྩམས།

ངས་གང་མཁོའི་ཅ་ལག་ཆ་ཚང་ཞིག་ཁུར་རྗེས། ང་ཚོ་ལུང་པའི་གཞི་བདག་གཡུ་རི་ལ་འཛེགས།

རི་བའི་རྩེ་མོར་ཐོན་མ་ཐག ལྷ་ཤིང་ཤུག་པ་རྟ་ཙམ་ཞིག་སྤུངས་རྗེས་དེའི་ཐོག་ཏུ་ནས་ཆང་ཁམ་པ་དང་འབྲུ་རིགས་སྣ་ལྔའི་བསང་རྫས་བླུགས་ནས་ལྷ་བསང་རི་མེ་ཤོར་འདྲ་ཞིག་བཏང་བ་དང་། ལུང་པའི་ནང་གི་མི་རྣམས་ཀྱིས་གོ་དོགས་ནས་ཀི་སྒྲ་ཆེན་པོ་རྒྱག་མ་ཐུབ་པར་ཆུང་ཙམ་གསུམ་བརྒྱབ།

བསང་ཡིག་སྙན་ཆ་ལྡན་པ་ཚར་གཅིག་བཀླགས་པར་མ་ཟད། མཐོ་རྒྱུགས་ཀྱི་ཁྲོད་དུ་ངའི་སྐར་མ་མཐོན་པོ་ལོན་ནས་སློབ་ཆེན་དུ་འགྲོ་ཐུབ་པར་ཤོག་ཅེས་སྨོན་ལམ་ཡང་ཡང་བརྒྱབ་ཚར་ཡང་ད་དུང་ཅི་ཞིག་ལུས་པའི་སྣང་བ་ཤར། ངས་བསམ་བློ་ཞིག་གཏོང་དུས་ཨ་ཁ། ཕྱག་གསུམ་བཙལ་རྒྱུ་བརྗེད་འདུག་སྙམ་པ་དང་གཞི་བདག་གཡུ་རི་མཆོད་སའི་ཤིང་ཁང་ཆུང་ཆུང་དེའི་ཕྱོགས་སུ་པུས་མོའི་ལྷ་ང་སར་བཙུགས་ནས་ཕྱག་གསུམ་འཚལ། ངས་ཕྱག་བཙལ་གྱིན་པའི་སྐབས་སུ་ཤིང་ཁང་གི་ནང་དུ་ཅི་ཞིག་ཕར་འགྲོ་ཚུར་ཡོང་བྱེད་ཀྱིན་པ་ཐོས། ང་རང་ཁ་རོག་གེར་མར་སོང་སྟེ་ཤིང་ཁང་གི་སྒེའུ་ཁུང་ལས་ནང་དུ་ལྟ་སྐབས། ཤེལ་ཏོག་ལྟར་གསལ་བ་ཞིག་ཀེམ་ཀེམ་གཡོ་བཞིན་ངའི་ཕྱོགས་སུ་གཏད་འདུག་པ་དང་གློ་བུར་བའི་འཚུབ་མ་ཞིག་ལངས་བྱུང་ལ་ཤིང་ཁང་ལས་ཤིང་རྡོག་པོ་ཞིག་ཆག་སྒྲ་དང་བཅས་སར་ལྷུང་བ་ཐོས་པ་དང་ཉི་འོད་མཛུབ་མོའི་སྦོམ་ཕྲ་ཙམ་ཞིག་ཤིང་ཐུར་ལྷུང་ཕྱོགས་ནས་འཕྲོས་ཏེ་ཤིང་ཁང་གི་དཀྱིལ་གཤགས་བྱུང་།

སྐབས་དེར་ཤིང་ཁང་ནང་དུ་ཤེལ་ཏོག་ལྟར་གསལ་བ་དེ་ཉི་འོད་ཀྱི་ཕྱོགས་སུ་འགྲོ་བཞིན་འདུག ངས་ཉི་འོད་ཕྲ་མོ་དེའི་ནང་གཡོ་བཞིན་པའི་སྤུ་ཁ་ནག་པོ་མཐོང་བྱུང་། དེ་ནས་ཤེལ་ཏོག་ལྟར་གསལ་བའི་མིག་ཡ་གཅིག་མཐོང་བྱུང་། དེ་ནས་ལོང་ནས་མུན་དོང་དུ་ལྷུང་ཟིན་པའི་མིག་ཡ་གཞན་དེ་མཐོང་བྱུང་། ཁོས་ཉི་འོད་ཀྱི་ཐིག་པ་དེ་གཏིང་དཀའ་བའི་མིག་གི་མུན་དོང་དེར་ཟུག་བཅུག་རྗེས། ཤེལ་ཏོག་འདྲ་བའི་མིག་ཡ་གཅིག་དེས་ང་ལ་ཅེར། ངའི་ལུས་པོ་ཡོངས་དབང་མེད་དུ་འདར།

སྐར་ཆ་གཅིག་གི་རྗེས་སུ་དྲན་པ་རྙེད་དུས་ང་རང་རི་ངོས་ཀྱི་རྐང་ལམ་ཕྲ་མོ་ནས་མར་འབྲོ་བཞིན་པ་ཚོར།

ང་རང་ཁྱིམ་དུ་སླེབས་པ་དང་བསང་རྫས་བླུགས་ས་དང་ཤུག་པ་ཁུར་སའི་ཐག་པ་སོགས་ཅ་ལག་ཡོད་ཚད་རི་མགོ་ལུས་བཞག་པ་ཚོར་བྱུང་།

ཕྱི་ཉིན་ང་རང་སློབ་གྲྭར་ལོག་པའི་ལམ་ལ་བཞུགས། ལམ་ལ་འགྲོ་ཁར་ཨ་ཕས“ཁྱོད་ཀྱི་གདོང་མདོག་མི་ལེགས། ངལ་ཉིན་གཅིག་གསོས”ཟེར་མོད། ངའི་ཀླད་པའི་ནང་ཅི་མགྱོགས་གང་མགྱོགས་ཀྱིས་ལུང་པ་འདི་ནས་དང་འབྲལ་བ་ལས་གཞན་བསམ་ཚུལ་གང་ཡང་མི་འདུག

དེའི་རྗེས་ང་རང་ལུང་པ་འདིའི་སློབ་ཆེན་སློབ་མ་ཐོག་མར་གྱུར། པེ་ཅིང་གི་སློབ་གྲྭ་ཆེན་མོ་ག་གེ་མོ་དེའི་ནང་གི་ལོ་ན་ཆེས་ཆུང་བའི་སློབ་མར་གྱུར། ཆེད་ལས་ནང་ཆོས་རིག་པ་ཡིན་པའི་ངས་སྤྲུལ་སྐུ་ཡིན་ལ་དགེ་རྒན་ཆེན་མོ་ཡང་ཡིན་པ་ཞིག་གི་ཞལ་ནས“སྤྱིར་གཞི་བདག་ནི་འཇིག་རྟེན་པའི་ལྷ་ཡིན་ཙ་ན། དེ་ལ་ཕྱག་འཚལ་བ་སོགས་བྱེད་མི་ཉན”ཞེས་གསུངས་སོང་།

དེའི་རྗེས་ང་རང་ལུང་པ་ཆུང་ཆུང་དེའི་ནང་དུ་ཐོན་པའི་ལས་བྱེད་པ་ཐོག་མར་གྱུར། གྲོང་ཁྱེར་ཆེན་པོའི་ནང་འཚོ་བ་རོལ་མཁན་ཐོག་མར་གྱུར།

“སི་ལིང་ལིང……”

ང་རང་གྲོང་ཁྱེར་དཀྱིལ་གྱི་སྐྱེད་མོས་ཚལ་ན་འཆམ་འཆམ་དུ་འགྲོ་དུས་ཁ་པར་གྱི་སྐད་གྲགས་བྱུང་།

“ཨ་རོག”

“ང་བསྟན་པ་ཡིན། གྲོང་ཁྱེར་ནང་སླེབས་ཡོད། དོ་དགོང་ཆང་འཐུང་དུ་འགྲོ།”

“འོ་ཡ། ཆང་འཐུང་ས་གཏན་ཁེལ་བྱས་རྗེས་ཁ་པར་རྒྱོབ་ཤོག་ཨ།”

ས་སྲོས་ལ་སླར་ཡང་ཁ་པར་སླེབས་བྱུང་།

“ཆུ་ཚོད་བདུན་པར‘མཚན་གྱི་རྒྱ་སེ་རུ་ཤོག’”

ང་རང་ཧ་ལས་སོང་། ‘མཚན་གྱི་རྒྱ་སེ’ནི་གྲོང་ཁྱེར་ཆེན་མོ་འདིའི་ནང་སྐད་གྲགས་ཧ་ཅང་ཆེ་བའིktvཞིག་རེད། དེའི་ནང་འགྲོ་མཁན་ཕལ་ཆེ་བ་ཕྱུག་པོའི་མི་རབས་གཉིས་པ②རྣམས་ཡིན། ལུང་པ་ཆུང་ཆུང་ནས་ཡོང་བའི་ངའི་ཆུང་དུས་ཀྱི་རྩེད་གྲོགས། སློབ་ཆུང་སློབ་གྲོགས། སློབ་ཆུང་ཐོན་རྗེས་ཞིང་ལས་བྱས་ནས་བསྡད་པའི་བསྟན་པ་ཁོ་རང‘མཚན་གྱི་རྒྱ་སེ’ནང་འཛུལ་ཆོག་པའི་དངུལ་ལོ་ཇི་ལྟར་ལོན་པ་ཡིན་ནམ་སྙམ་པའི་དྲི་བ་མང་པོ་དང་བཅས་ཆུ་ཚོད་བདུན་པ་ཟིན་པ་དང‘མཚན་གྱི་རྒྱ་སེ’ནང་འཛུལ་མ་ཐག ངའི་དྲིས་ལན་ནམ་ངའི་གྲོགས་པོ་བསྟན་པས་ང་ལ་བསྒུགས་འདུག ཁོས་ང་མཐོང་མ་ཐག་འཛུམ་བྱུང་། གློག་འོད་འོག་ཏུ་ཁོའི་སོ་ལས་གསེར་འོད་ལྷང་ལྷང་འཕྲོས། ཁོའི་སྐེ་རུས་སྐྲག་དགོས་པའི་གསེར་གྱི་ཐག་པ་གསུམ་བཏགས་འདུག

ཁོས་ཕ་ཡུལ་གྱི་ཁ་མཚར་འདྲ་བཤད་ཀྱིན་ངེད་གཉིས་ཁོ་ནར་དབང་བའི་ལྷའི་ཕོ་བྲང་འདྲ་བའི་ཁང་ཆུང་ཞིག་གི་ནང་ཁྲིད། རྒྱབ་ལྗོངས་ཀྱི་རོལ་དབྱངས་ཁྲོད་སེམས་པ་དགའ་བར་བྱེད་པའི་གཞས་ཤིག་ཆུ་རྒྱུན་བཞིན་ཁང་པའི་ནང་འབབ་བཞིན་འདུག་ཅིང་། ཤེལ་ལས་བྱས་པའི་ཅོག་ཙེའི་ཐོག་ཏུ་རྒུན་ཆང་དམར་པོ་དང་ཆང་དཀར་པོ་སོགས་ཧ་ཅང་མང་པོ་བསྒྲིགས་འདུག ངས་རང་ཉིད་དགའ་བའི་རྒུན་ཆང་དམར་པོ་ཤེལ་དམ་ཞིག་བླངས་ནས་ངོས་སུ་ལྟ་ཙམ་བྱས་མ་ཐག་དེ་ནི་ལོ་ངོ་བརྒྱ་ཡལ་ཟིན་པའི་ཆང་རྙིང་ཞིག་རེད་འདུག

ངེད་གཉིས་ལྷོད་ལ་བབས་ནས་རྒུན་ཆང་དམར་པོ་ཞབས་དག་བརྒྱབ་པ་དང་ངའི་སེམས་ན་ཉར་བའི་དྲི་བ་དེ་ཁ་ནས་ཐོན།

“ཁྱོད་ཀྱིས་སྒོར་མོ་རླབས་ཆེན③དེ་འདྲ་གང་ནས་རྙེད་པ་ཡིན་ནམ།”

“ད་ལྟ་ངས་དབྱར་རྩྭ་དགུན་འབུའི་ཚོང་རྒྱག་གིན་ཡོད། ད་ལོ་ཁེ་ཅུང་ཙམ་རེག་སོང་། འོ་རེད། ཞབས་དག་ཡིན་དཱ། གྲོང་ཁྱེར་ཆེན་མོ་འདིའི་ནང་བོད་མིའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག ཕ་ཡུལ་གྱི་གྲོགས་པོ་ཁྱོད་དང་འཕྲད་པར་སེམས་པ་དགའ”ཁོས་ལན་དུ་དེ་ལྟར་བཤད་རྗེས་ཆང་ཕོར་ང་སར་བརྐྱངས། ད་ལོ་དབྱར་རྩྭ་དགུན་འབུའི་གོང་མར་ཆག་ཡོད་པས་ང་ཁོའི་སྐད་ཆར་ཡིད་ཆེས་དེ་ཙམ་མ་བྱུང་།

ངེད་གཉིས་རྒུན་ཆང་གིས་ཅུང་བཟི་ཡོད་པ་འདྲ། ཁོས་གློ་བུར“རྒྱ་མོ་བཞི་ཆང་འཐུང་རོགས་སུ་ཤོག་ཟེར་ན་ཅི་འདྲ་ཟེར་དགོས་རེད”ཅེས་དྲིས།

“ཁྱོད་ཀྱིས་རྒྱ་སྐད་མི་ཤེས་སམ།”

“ཚིག་གཅིག་ཀྱང་མི་ཤེས།”

“དེས་ན་གྲོང་ཁྱེར་དུ་ཇི་ལྟར་ཡོང་བ་ཡིན། ཆང་ཁང་འདིའི་ནང་འདུག་ཆོག་ཆོག་སུས་བཟོས་སོང་།”

“ངའི་ཁ་ལོ་པ་རྒྱ་སྐད་ལ་མཁས་པོ་ཡོད། གྲོང་ཁྱེར་གྱི་འཚོ་བར་རྒྱུས་ཆེ། ཁོས་གྲོང་ཁྱེར་འདི་ན་སྐད་གྲགས་ཆེ་ཤོས་ཀྱི་ཆང་ཁང་ནི་འདི་ཡིན་ཟེར།”

ངས་ཞབས་ཞུ་མ་བོས་ནས་ཆང་འཐུང་མཁན་བུ་མོ་བཞི་དགོས་པ་བཤད་མ་ཐག ངེད་གཉིས་སྡོད་སར་གཞོན་ནུ་མ་ཧ་ལམ་གཅེར་བུ་ཡིན་པ་སུམ་ཅུ་ཙམ་ཞིག་འཛུལ་བྱུང་ལ་ཞབས་ཞུ་མས“དེ་ཚོའི་ནང་བློར་འབབ་པ་བཞི་འདེམས་ཤིག”ཟེར། ངེད་གཉིས་ཀྱིས་རང་གི་ཚོད་ཀྱིས་བཞི་བདམས་པ་ཡིན།

ངེད་གཉིས་ཆང་གིས་བཟི་དུས་ཁོས་ཁོ་རང་ལ་དངུལ་རླབས་ཆེན་ཡོད་དོན་ནི་ཁོས་ཕ་ཡུལ་གྱི་རི་མགོར་ལུག་འཚོ་དུས་གསེར་རྡོ་ཧ་ལས་པ་ཆེན་པོ་ཞིག་རྙེད་སོང་ཟེར། ཁོས་བཤད་རྒྱུར“མི་ཚང་མས་ཕ་ཡུལ་ནི་ས་རྡོ་རྐྱང་རྐྱང་གིས་ཁེངས་པའི་ལུང་པ་ཆུང་ཆུང་རེད་སེམས་ཀྱིན་ཡོད་ནའང་ང་ལ་མཚོན་ན་རིན་པོ་ཆེས་ཁེངས་པའི་ལྷ་ཡུལ་ཞིག་རེད”ཅེས་བཤད། རྒྱ་མོ་བཞི་པོ་ཁོས་ཅི་བཤད་ཧ་མ་གོ་བར་ཧད་འདུག དེའི་ནང་ནས་རི་དྭགས་ཀྱི་མིག་དང་དབྱེ་བ་མེད་པའི་མཛེས་མ་ཞིག་གིས་མིག་ཀེམ་ཀེམ་གཡོ་བཞིན“ཁྱོད་གཉིས་རྒྱལ་ཁབ་གང་གི་མི་ཡིན་ནམ”ཞེས་དྲིས།

ངེད་གཉིས་ཀྱིས་མོ་ལ་ཁ་ཡ་མ་བྱས་པར་ཕ་ཡུལ་ཞེས་པའི་རིན་པོ་ཆེས་ཁེངས་པའི་ལྷ་ཡུལ་དེ་མུ་མཐུད་དུ་གླེང་།

ཁོས“ངས་ཁ་སང་དེ་རིང་གྲོང་ཁྱེར་ནང་འཕྲུལ་ཆས་ཉོ་བཞིན་ཡོད”ཟེར།

“ཅི་བྱེད།”

“ངས་གཞི་བདག་གཡུ་རི་བསྔོག་རྒྱུ་ཡིན།”

“གཞི་བདག་གཡུ་རིའི་ནང་གསེར་ཡོད་དམ།”

ངས་འདི་ལྟར་བཤད་དུས་བསྟན་པ“ཧ་ཧ”ཞེས་བགད་དེ“ཁྱོད་ཚོ་ཕྱི་ལ་འགྲོ་མཁན་ཚོ་ཕ་ཡུལ་ལ་རྒྱུས་མི་འདུག ཁྱོད་ཀྱིས་གོ་མ་མྱོང་ངམ། གཞི་བདག་གཡུ་རི་ནི་ཆིབས་རྟ་གཡུ་ལྟར་སྔོ་བ་ཞིག་ལ་ཆིབས་པ་དང་། ན་གཟའ་གཡུ་ལྟར་སྔོ་བ། སྐྲ་ལོ་གཡུ་ལྟར་སྔོ་བ། ཤ་མདོག་གཡུ་ལྟར་ཡིན་པ་ཞིག་ཡོད་པ་ཐོས་མ་མྱོང་ངམ།”

“ཐོས་མྱོང་། དེས་ཅི་ཞིག་མཚོན་ནམ”ངས་དྲིས།

“གཞི་བདག་གཡུ་རི་ཡོད་སའི་རི་དེར་རིན་པོ་ཆེ་གཡུ་ཡིས་ཁེངས་ཡོད་པ་མཚོན་ཡོད”ཁོས་བཤད།

ང་ཡང་དགོད་དགོས་བྱུང་།

“སྐད་ཆ་འདི་ལ་དགོད་རྒྱུ་ཅི་འདུག”

“གཞི་བདག་གཡུ་རི་ནི་ཆིབས་རྟ་གཡུ་ལྟར་སྔོ་བ་ཞིག་ཆིབས་པ། ན་གཟའ་གཡུ་ལྟར་སྔོ་བ་ཞིག་གྱོན་མཁན་ཞིག་རྩ་བ་ནས་མ་རེད”ངས་བཤད།

“དེས་ན།”

“ངས་མེ་མདའ་བརྒྱབ་ནས་མིག་གཅིག་མེད་པར་བཟོས་པའི་ལི་ནག་དེ་རེད”ངས་སུ་ལའང་བཤད་མ་མྱོང་བའི་གསང་བ་དེ་ཁོ་ལ་བཤད།

“ཅི་ཟེར། ཨ་ཁུ་བློ་ལྡན་ཚང་གི་ལི་ནག་ལོང་བ་དེ་གཞི་བདག་གཡུ་རི་རེད་ཨེ།”

“གནམ་སྔོན་པོ་དཔང་། ངོ་མ་རེད།”

ངས་སྔོན་མ་བསང་གཏོང་དུས་མཐོང་བའི་གནས་ཚུལ་ཡོད་ཚད་ཁོ་ལ་བཤད་པ་ཡིན།

ཁོས་ངས་བཤད་པ་ངོ་མ་ཡིན་པ་ཤེས་རྗེས“ངས་འཕྲུལ་ཆས་དེ་འདྲ་མང་པོ་ཉོས་ནས་ད་ཅི་བྱེད་ཨང”ཞེས་བཤད་ཅིང་འཚབ་འཚུབ་ངང་ཁ་ལོ་པར་ཁ་པར་བརྒྱབ་ནས་ཤོག་ཅེས་ལབ་སོང་།

ཁ་ལོ་པ་སླེབས་པ་དང་ངེད་གཉིས་ལ“གྲ་སྒྲིག་བྱས་ཟིན། ད་འགྲོ”ཞེས་བཤད། ངའི་སྐད་ཆ་དེས་བསྟན་པའི་བཟི་དྭངས་སུ་བཅུག་ཡོད་པ་ལྟར་སྣང་། ཁོས་ཁ་ལོ་པར་ཁོ་རང་ཁྲིད་མི་དགོས་ཞེས་ལབ་སོང་། ངའི་སྣང་བ་ཅུང་དྭངས་དུས་ཁ་པོ་པས་ང་རང་མོ་ཊ་ནང་བཅུག་རྗེས“ཁྱོད་རང་སྡོད་སའི་མིང་ལ་ཅི་ཟེར”ཞེས་ཡང་ཡང་དྲི་བཞིན་པ་ཚོར། ངས་ཐོབ་ཐང་ལག་འཁྱེར་ཁོ་ལ་སྤྲད་པ་ཡིན། དེའི་རྗེས་ང་རང་གཉིད་ཀྱི་མུན་པ་ནང་ལྷུང་། མུན་པ་ནང་ཉི་འོད་ཐིག་པ་ཞིག་ཟགས་བྱུང་། ཐིག་པ་དེ་ངའི་མིག་ཡ་གཅིག་གི་མུན་དོང་ལ་ཟུག

གཉིད་ལས་སད་དུས་ཞོགས་པ་རེད། ང་རང་ངའི་མལ་ཁྲིའི་ཐོག་གཉིད་ནས་བསྡད་འདུག ཁ་སང་ཧ་ཅང་བཟི་སོང་ནའང་ཆང་ཡག་པས་མགོ་བོ་ན་གི་མི་འདུག རིག་པ་དྭངས། ངས་རང་ཉིད་ཀྱི་མིག་ཇི་ལྟར་ཕྱིས་ཀྱང་མཐོང་ལམ་མག་མོག་རེད།

“ཀག”

ངའི་སེམས་ནང་མེ་མདའ་ཞིག་གི་སྐད་གྲགས་བྱུང་། ངས་རང་ཉིད་ཀྱི་མིག་ཡ་གཅིག་རྩ་བ་ནས་ལོངས་ཟིན་པ་ཚོར། ང་རང་རང་ཉིད་ཀྱི་ཁང་པའི་ནང་ཡར་རྒྱུག་མར་རྒྱུག་བྱས་ནས་ཅི་ཞིག་འཚོལ་གྱིན་པ་ཚོར།

མིག་ཡ་གཅིག་ལོང་ཡོད་པའི་ངས་རང་ཉིད་ཀྱི་ཐོད་པར་མེ་མདའ་ཀག་སྒྲ་དང་བཅས་བརྒྱག་འདོད།

ཡིན་ཡང་བསམ་བློ་ཞིག་བཏང་དུས་མེ་མདའ་ཁུར་མི་ཆོག་པའི་དུས་རབས་དེ་ཤར་ནས་ལོ་མང་འགོར་ཟིན་པ་ཤེས་འོངས།

“ཀག ཀག”


མཆན།

1 ལི་ནག ཁམས་ཀྱི་ཁ་སྐད་དེ་ཞི་མི་ནག་པོར་གོ

2 ཕྱུག་པོའི་མི་རབས་གཉིས་པ། རྒྱ་ཡིག་གི富二代ལ་གོ

3 རླབས་ཆེན། ཁམས་ཀྱི་ཡུལ་སྐད་དེ་མང་པོར་གོ

རྩོམ་སྒྲིག་པ། : ཀླུ་མོ་མཚོ།