ཀྲུང་གོ་བོད་ཀྱི་དྲ་བ།

མགར་ཐར་སྐྱིད་གླུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དཔལ་ལྡན་འཕྲིན་ལས།

            

ཡངས་ཡངས་བསིལ་ལྗོངས་ཤར་གྱི་ཐིག་ལེ་ན།།         

དཀར་དཀར་ཤེལ་གྱི་མཆོད་རྟེན་བཞེངས་འདྲ་བའི།།         

མཐོ་མཐོ་བཞག་བྲག་དཀར་པོའི་སྙིམ་པ་ན།།         

མཛེས་མཛེས་མགར་ཐར་པདྨའི་ཞིང་ཁམས་སྐྱིད།།


རིང་རིང་བོངས་ཚོད་རྫོགས་པའི་རྐང་འཐུང་དང་།།         

སྣུམ་སྣུམ་འབྲུ་ཡི་སྙེ་མ་དགུང་དུ་འཕྱོ།།         

ཁྲ་ཁྲ་ཆིལ་ཆིལ་བཞད་པའི་མེ་ཏོག་གིས།།         

སྔོ་སྔོ་རི་ལུང་མཛེས་པའི་མགར་ཐར་སྐྱིད།།


མང་མང་རི་སྐྱེས་སྲོག་ཆགས་སྣ་ཚོགས་དང་།།        

ནག་ནག་ནོར་དང་ཅང་ཤེས་རྟ་ཡི་ཁྱུ།།        

དཀར་དཀར་ལུག་སོགས་སྒོ་ཕྱུགས་སྐར་ཚོགས་ལྟར།།       

ལྷོད་ལྷོད་བག་ཕེབས་རྒྱུ་བའི་མགར་ཐར་སྐྱིད།།


བསིལ་བསིལ་ངད་པ་ལྡང་བའི་སྨན་ཆུ་དང་།།

དྭངས་དྭངས་མཚོ་མོ་གཡས་སུ་འཁྱིལ་བ་སོགས།།

མཆོག་མཆོག་ཡན་ལག་བརྒྱད་ལྡན་ཉལ་འགྲོའི་རྒྱུན།།

ཤག་ཤག་སྒྲ་བཅས་བཞུར་བའི་མགར་ཐར་སྐྱིད།།


ལོགས་ལོགས་རི་ལ་དཔྱད་པ་བཟང་བ་ལ།།             

མངར་མངར་བསྐྱུར་ཚ་བསྐ་སོགས་རོ་དྲུག་གི།།             

རང་རང་ནུས་པས་ལུས་ཟུངས་གསོ་བྱེད་མཆོག །             

ཕན་ཕན་སྨན་རྩྭ་འབེལ་བའི་མགར་ཐར་སྐྱིད།།


ཕྲ་ཕྲ་རིག་རྣོ་སྟོང་བཙན་ཁྱིམ་རྒྱུད་དང་།།           

བཙན་བཙན་སྲོང་བཙན་རྗེ་བོའི་མཛའ་ན་མོ།།           

མཛེས་མཛེས་ལུས་ཕྲའི་གཙུག་རྒྱན་རུ་ཡོང་བཟའ།།           

དེ་དེའི་འབྱུང་ཁུངས་འཁྲུལ་མེད་མགར་ཐར་སྐྱིད།།


ཟླུམ་ཟླུམ་པདྨ་བཞད་འདྲའི་དཀྱིལ་འཁོར་དབུས།།       

མཛེས་མཛེས་བཟོ་བཀོད་ལེགས་པའི་གྲོང་ཁྱིམ་རྣམས།།       

འགྲིག་འགྲིག་ཡོ་བྱད་ཀུན་ཚང་སྟབས་བདེ་ཞིང་།།       

ལེགས་ལེགས་འབྱོར་པ་རྒྱས་པའི་མགར་ཐར་སྐྱིད།།


མཁས་མཁས་བཅུ་ཕྲག་གནས་ལ་བློ་རྒྱས་པའི།།            

མ་མ་འདྲེན་མཆོག་༧རྒྱལ་མཆོག་བདུན་པ་སོགས།།            

སེར་སེར་དགེ་བཤེས་མཁས་གྲུབ་དུ་མ་ཡིས།།           

ལྷག་ལྷག་བྱིན་གྱིས་བརླབས་པའི་མགར་ཐར་སྐྱིད།།


བརྗིད་བརྗིད་སྡེ་བཞི་གཡས་འཁྱིལ་བྱམས་པ་གླིང་།།        

མང་མང་བསླབ་གསུམ་ཡོན་ཏན་རྒྱུད་མཛེས་པའི།།        

དམར་དམར་དགེ་འདུན་འདུས་པའི་དཀྱིལ་འཁོར་ནས།།       

སྙན་སྙན་དམ་ཆོས་སྒྲོག་གནས་མགར་ཐར་སྐྱིད།།


བཟང་བཟང་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ།།         

མང་མང་སྐྱེ་བོས་དད་པའི་ཐལ་སྦྱར་ནས།།         

སྒུར་སྒུར་ཕྱག་སྐོར་ཁ་ཏོན་བྱེད་བཞིན་དུ།།        

ཤོབ་ཤོབ་སྨོན་ལམ་འདེབས་གནས་མགར་ཐར་སྐྱིད།།


འཛུམ་འཛུམ་ཞལ་རས་མཐོང་དང་དྲན་པས་ཀྱང་།།        

མྱུར་མྱུར་འདྲེན་མཆོག༧མཁས་གྲུབ་རྒྱ་མཚོ་སོགས།།       

གང་གང་སྒྱུ་འཕྲུལ་རོལ་བའི་སྐུར་བསྟན་པའི།།        

བདེན་བདེན་སྐྱེས་ཆེན་འཁྲུངས་གནས་མགར་ཐར་སྐྱིད།།


སྐབས་སྐབས་འཆམ་དང་རྩེད་རིགས་སྣ་ཚོགས་པས།།       

ཧྲིག་ཧྲིག་མིག་གི་ལོངས་སྤྱོད་བླ་མེད་པ།།       

སྔོན་སྔོན་སྲོལ་བཟང་མ་དོར་དེང་རབས་ཀྱི།།        

ལྡེམ་ལྡེམ་ཕོ་རྩལ་ངོམ་པའི་མགར་ཐར་སྐྱིད།།


ཆེ་ཆེ་རྒན་བཀུར་གཞོན་ལ་བྱམས་བརྩེས་སྐྱོང་།།         

དྲང་དྲང་ལས་ལ་བརྩོན་ཞིང་རྒྱུ་འབྲས་སྲུང་།།           

མཐུན་མཐུན་གཞུངས་རིང་བློ་རིག་བཀྲ་བ་ཡི།།         

ཤོམ་ཤོམ་སྟག་ཤར་མང་བའི་མགར་ཐར་སྐྱིད།།


དམར་དམར་སྐྲ་གཞུག་མཐེབ་ཀོར་ཨ་ལོང་བརྒྱུས།།             

འཛུམ་འཛུམ་ཞལ་རས་ཡིད་འོང་ལྟ་ན་སྡུག །             

དལ་དལ་འཇོ་སྒེག་ཉམས་ལྡན་མཛེས་མའི་ཕུད།།            

གཞོན་གཞོན་སྨན་ཤར་མང་བའི་མགར་ཐར་སྐྱིད།།


རང་རང་ལྷ་རིས་ཤིང་རྡོ་བཟོ་བ་ལ།།                

བདེ་བདེའི་ལག་མྱུར་འདུ་བྱེད་བསྟེན་མཁས་ཤིང་།།               

ནན་ནན་ཐུན་མིན་ཁྱད་ཆོས་བཏོན་པའི་མཐུས།།                

སོ་སོའི་རིན་ཐང་ངོམ་སའི་མགར་ཐར་སྐྱིད།།


རྒོད་རྒོད་མི་ཉག་རྒྱལ་རབས་ཆགས་ས་དང་།།       

ངར་ངར་སེ་ཆེན་ཧན་གྱིས་བཞེངས་པ་ཡི།།       

རིང་རིང་ལྕགས་རི་ལ་སོགས་གནའ་ཤུལ་རིགས།།       

གསལ་གསལ་འཁྲུལ་མེད་མཐོང་གནས་མགར་ཐར་སྐྱིད།།


ཁྲ་ཁྲ་མེ་ཏོག་བཞད་འདྲའི་གོས་བཀླུབས་པའི།།         

ཆུང་ཆུང་ཕྲུ་གུས་རྒྱུགས་ཤར་འཐེན་བཞིན་དུ།།         

བྲེལ་བྲེལ་སློབ་གྲྭར་བསྐྱོད་དེ་རིག་པའི་གཞུང་།།         

འུར་འུར་དབྱངས་སུ་གྱེར་སའི་མགར་ཐར་སྐྱིད།།


འཛོམས་འཛོམས་ཟས་གོས་གནས་མལ་ཡོ་བྱད་སོགས།།      

བྱུར་བྱུར་ཁེངས་པས་འཚོ་བ་ཕུན་སུམ་ཚོགས།།      

ལ་ལ་ཙམ་མིན་ཀུན་ལ་མངའ་བ་འདི།།      

མཚར་མཚར་དབུལ་ཕྱུག་སྙོམ་པའི་མགར་ཐར་སྐྱིད།།


སྐྱིད་སྐྱིད་དགེ་བཅུ་ཚང་བའི་ཡུལ་ཁམས་དེར།  །      

ནག་ནག་ཉེས་ཚོགས་སྤངས་པ་མ་ཡིན་ཡང་།།     

ཡག་ཡག་ཚིག་གིས་སྦྱར་བའི་དྲི་ཟའི་དབྱངས།།     

དམན་དམན་བདག་གིས་ཚོད་ཚོད་བྲིས་པ་འདི།།


སྔོན་སྔོན་འཁྲུངས་པའི་བཀའ་དྲུང་ཤེལ་གླིང་གིས།།         

སྐྱོ་སྐྱོ་གནང་བའི་ལྷ་ས་དྲན་གླུ་དང་།།         

རྗེས་རྗེས་ཆབ་སྤེལ་ཟོལ་བསྟོད་རྟར་དྲངས་པའི།།         

སྙན་སྙན་ལྷ་ས་སྐྱིད་གླུར་ཟློས་ཏེ་སྦྱར།། 


བོད་རྒྱལ་ལོ༢༡༤༣ཟླ༧ཚེས༡༥ཉིན་བྲིས་པ་བཀྲ་ཤིས་པར་གྱུར་ཅིག

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།