ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་སྙན་ངག་པ་ཚོའི་ལོ་གསར་བསུ་སྟངས་ཤིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

65565656.jpg

བདེ་མོ་འཇོག་སྟངས་ཤིག

ཁྲི་སེམས་དཔའ།

 

སྣང་བའི་ཁམས་སུ་གཡེང་བའི་དགའ་སྐྱོའི་ལོ་མ་དེ་དག

དྲན་ངོགས་ཀྱི་རི་སྒང་ལ་ཟགས་སོང་།

མེ་ཏོག་འཛུམ་པའི་དབྱར་ཁ་ཞིག

ད་ནི་ཁྱོད་ཀྱི་དུས་ཚིགས་ནང་ཡོད་མི་སྲིད།

ཚོར་བའི་སྦངས་པའི་ལང་ཚོའི་ངར་ཞགས་དེ་ཡང་།

དགུན་གྱི་དུས་ལ་སྨིན་མི་སྲིད།

སྲོད་ཀྱི་མཁའ་ལ་བཏབ་པའི་འཛོམས་ཆིངས་དེ།

མུན་ནག་གི་མཆེ་བ་རྣོན་པོས་བལྡད་ཅིང་བསྐྱུགས་པས།

འདས་པའི་ལོ་ཟླ་གང་ཞིག་ལ།

ངས་སེམངས་ཀྱི་བདེ་མོ་འཇོག

 

ལོ་འདི་དག་ལ།

དགའ་བ་ཉུང་ཙམ་ཕྱི་ལ་ངོམས།

ལོ་འདི་དག་ལ།

སྐྱོ་བ་མང་ཙམ་ཁོག་ཏུ་སྦས།

 

འགྲམ་པ་སྐྱོར་ཐེངས་རེ་ལ།

འགྱུར་ཁུགས་ཀྱིས་སྟོང་བའི་གཏམ་རྒྱུད་ག་ཚོད་ཅིག

མགྲིན་པར་ཁེགས་ཏེ་ནང་སེམས་ཀྱི་གཡང་དུ་བསད་པ་སུ་ཡིས་ཤེས།

རླུང་བུ་ཕར་ཅམ་ཚུར་ཅམ།

སེམས་པ་ཕར་གཡོ་ཚུར་གཡོ།

ཤུགས་ཀྱིས་བཏེགས་པའི་བརྩེ་བ་ལྗིད་མོ།

འོད་ལ་ཞེན་པའི་འབུ་མེ་ལྕེབས་བཞིན།

བསླུ་བྲིད་དང་འཇིགས་སྐྲག་གི་རབ་ཁ་ནས།

ཉེན་མཆོངས་གྲངས་མེད་ཀྱི་སྨག་ལ་འཐིམ།

 

བདེ་མོ་བྱོས།

ན་ཟུག་གིས་འབར་བའི་རྨི་ལམ།

ལྕུག་ལྕུག་ཏུ་འདར་བའི་ལས་དབང་།

 

རླུང་ཟད་པོ་ཞིག་གི་འོད་སྣང་།

རི་རབ་ཀྱི་ཁོང་དུ་སྐྱོ་སྣང་གིས་ཟགས་དུས།

མུན་ནག་གི་རྔམས་ཁ་རྩུབ་ནས་རྩུབ་དུ་ཕྱིན།

 རླུང་ཁར་འཕྱོ་བའི་རྩྭ་ལོས་མཚན་མོའི་གདུག་རྩུབ་གྱོན་ནས།

ཉིན་ཞག་གི་ཕྲེང་བར་སྦྲེལ་བའི་སེམས་དོན་གྱི་རི་མོ།

འབྲོང་ཁྱུ་གཤར་ཤུལ་གྱི་རི་སྒང་ལ་བྲིས་མྱོང་།

 

བདེ་མོ་བྱོས། རི་རབ་གྱི་བརྟན་བརླིང་།

བདེ་མོ་བྱོས། སྒམ་དཀྱེལ་གྱི་ས་གཞི།

 

རྒྱང་བཞུད་རིང་མོ་ཞིག་གི་སྟ་གོན།

སེམས་ཁ་ནས་ཡང་ཡང་སྐྱོམས་མྱོང་།

དགུན་ཁ་ཧྲིལ་བོ་ཞིག་གི་ཁེར་རྐྱང་།

དུས་ཚོད་ཀྱི་བསླེས་པའི་ཐ་གུར་བརྒྱུས་མྱོང་།

སྟོང་འདང་ཡོད་ཚད་ཀྱི་གདན་སྟེང་དུ།

རང་ཉིད་མི་རུ་བཞེངས་ཏེ་འཇིག་རྟེན་ལ་ལྟད་མོ་བལྟས་མྱོང་།

ངས་ཁ་བ་ལྟ་བུའི་ནང་སེམས་ལ་བདེ་མོ་འཇོག

 

ང་ཡིས་མེ་ཏོག  ང་ཡིས་མེ་ཏོག་ཐམས་ཅད་དཀར་པོ་ཡིན།

སྙེ་རླབས་ཀྱི་གྲ་ཁ་སྣོག་པའི་རླུང་བུ་འཚབ་འཚུབ།

ཁྱོད་ཀྱིས་ང་ཡི་མེ་ཏོག་བཅོམ་སོང་།

ཡིད་ཀྱི་གཏེར་ལ་བཅུག་པའི་སྐྱོ་དབྱངས་དེ།

སུ་ཡིས་བསྔོག སུ་ཡིས་བསྔོག

སྙན་ངག་གིས་བཞད་པའི་དུས་ཚིགས་དེར་བདེ་མོ་འཇོག

 

བདེ་མོ་འཇོག

རྡོ་གོར་མ་ཞིག་ལ་སྙིང་གཏམ་གླེང་ནས།

མཚན་གཞུང་ཞིག་མེ་ཕུང་གིས་གསལ་བ་དེ་ང་ཡིན་ནམ།

བདེ་མོ་འཇོག

ཁ་གཡང་དང་ཀུ་ཅོ་ཡོད་ཚད།

དུར་དུ་སྦ་རོགས།

 


ཕྱག་འཇུ་ཞིག་གནོངས་དང་།
འཆི་མེད།

 

རབ་རིབ་སེམས་ཀྱིས་བྲིས་པའི་འཇིག་རྟེན་འཁོར་བ།།
ག་ནས་འདི་འགྲུབ་མེད་པའི་ཧྲལ་ཧྲུལ་ངོགས་ནས།།
སོར་མོ་བཀུག་སྟེ་བརྩིས་ན་ལོ་དང་ཟླ་བ།།
གར་སོང་འདིར་སོང་མ་ངེས་ཡལ་ལེ་ཡོལ་ལེ།།

རང་སེམས་མག་མོག་དར་གྱི་ལ་ཐོད་བཅིངས་ཏེ།།
སྟོང་འདང་ངང་ལ་ཟད་པའི་མི་ཚེ་བསམས་ན།།
དགའ་སྡུག་འཚོ་བ་མདང་གི་རྨི་ལམ་འདྲ་ཞིང་།།
ཡོད་དང་མ་ཡོད་མེད་པ་འཁོར་བ་འདིའོ།།

སོ་ཚིས་འབད་པས་བསྒྲུབས་ཏེ་ཡན་ལག་ཟད་ཀྱང་།།
ལུས་སེམས་ཉིན་ཚེགས་མཚན་ཚེགས་རྐང་ལག་འཁྱོར་ཡང་།།
མཐའ་མར་རྙེད་པ་དེ་ཡང་དེ་ག་ཙམ་ཞིག།
ཞིབ་ཏུ་བསམས་ན་སྙིང་བོ་ཅི་ཞིག་འདུག་གམ།།

སྤྲིན་གྱི་འདབ་མ་རླུང་གིས་སྟེང་འོག་སྒྱུར་དུས།།
ཆུ་མོའི་རླབས་རིས་འཚུབ་མས་ཧྲིལ་གྱིས་འདེད་དུས།།
གཞི་མེད་འཇིག་རྟེན་སེམས་ཀྱི་འཁྲུལ་སྣང་ཙམ་ཞིག།
འདི་ཞེས་བསྟན་དུ་མེད་ཀྱང་སེམས་ལ་གསལ་ལོ།།

ཕར་སོང་ལོ་ཟླར་དེ་རིང་སྐྱེལ་མ་ཞུས་ཏེ།།
མ་འོངས་རེ་སྨོན་རང་སེམས་དག་པས་བསུས་ཏེ།།
དགའ་སྐྱོའི་མྱོང་བ་རྐང་གི་ཁོང་ནས་འཕྱུར་ཏེ།།
དབེན་པའི་གནས་སུ་ཡུད་ཙམ་སྙེག་རྒྱུ་བྱུང་ན།།

ཁ་དང་ཁོག་པའི་བར་ན་ཉིན་སྲིབ་མེད་པར།།
སེམས་དང་སེམས་ཀྱི་ནང་ན་མངོན་ལྐོག་མེད་པར།།
བདག་དང་གཞན་ཞེས་ཞེ་འཛིན་ས་མཚམས་མེད་པར།།
རང་ཁྱིམ་ཅམ་གྱིས་བཞག་སྟེ་བཞུད་རྒྱུ་བྱུང་ན།།

སེམས་ལ་གང་ཤར་ལས་ཀྱི་བཀོད་པ་སྣ་ཚོགས།།
ལུས་ལ་ཅི་སྨིན་རང་གི་མྱོང་བས་གྲུབ་ཡོད།།
མི་ཚེའི་ལམ་ལ་འགལ་འདུའི་སྤྲིན་རླུང་འཚུབ་པས།།
སེམས་ཀྱི་འཁྱེར་སོ་ཙམ་ལ་དྲོད་ཁོལ་དབེན་ནོ།།

བརྒྱུད་པའི་ལམ་དང་བཞུད་པའི་རྨི་ལམ་དེ་ག།
ལོ་དང་དུས་ཀྱིས་ཁྱེར་པའི་ངང་ཚུལ་འདི་ལ།།
མ་བསམས་མིག་ཟུང་ལྕིབས་པའི་སེམས་ངོ་དཀར་པོར།།
དུངས་པ་རྣལ་མ་ཞིག་གི་ཕྱག་འཇུ་རྐྱོངས་རོགས།།

དོན་ལ"འོང་མི་ཐམས་ཅད་འགྲོ་མི་ཡིན"ཡང་།།
རང་སེམས་བཅོས་མ་འདི་ཡི་ཁ་སྟབས་བཙན་པས།།
རེ་སྒུག་ཉི་ཚེ་བ་དེས་ལུས་པོ་བཏེགས་ཏེ།།
སེམས་པ་ལག་པས་སྲོ་བཞིན་མཉམ་དུ་འགྲོ་ཡ།།


༢༠༡༦ .༡༢ .༢༠ ལ།


 ཁ་བ།
རྩིང་བ་དཀོན་བྷེ།(ཀན་ལྷོ༽)






ཁ་བ་བབས་སོང་།
དེ་ནི་ལོ་ངོ་སྟོང་ཕྲག་འདས་པའི།
ཚེ་འདས་རྒན་པོ་ཞིག་གི་མིག་ཆུ་ཡིན་ཀྱང་སྲིད།


ཁ་བ་ལྷབ་ལྷུབ་དུ་བབས་བྱུང་།
ཁ་བ་ནི།
སྐྱེ་བ་སྔོན་མ་གང་རུང་ཞིག་ལ།
དབུ་སྐྲ་ཁ་བས་ཟས་མྱོང་བའི།
ད་ལྟའི་ཁྱོད་ཀྱི་ཨ་ཕ་འདི་ཡིན་ནམ།
ཡང་ན་བདག་གི་ཨ་མ་འདི་ཡིན་ཨང་།

ཁྱོད་ཀྱིས་ཤེས་སམ།
ཁོ་མོའི་དཀར་ལྷབ་ལྷབ་ཀྱི་འབབ་སྟངས་ཀློང་ན།
སྟོང་བ་སྦས་ཡོད་པས།
ཁ་བ།
ལག་མཐིལ་གྱི་དྲོད་ལ་བརྟེན་ནས་ཞུ་འགྲོ།
ཞི་བ་ཡང་སྐུང་ཡོད་པས།
སྐད་ཅིག་སྐད་ཅིག་གིས་གཞན་ངོར་རིལ་འགྲོ།
ད་དུང་། སྐྱེ་བ་མེད་པའང་འཚངས་ནས་ཡོད་པས།
སྤྲིན་གསེབ་ནས་ག་ལེར་ག་ལེར་ལྷུང་ཡོང་།

ང་ཚོའི་ཚེ་སྲོག་གི་དུས་བཞིའི་ཁྲོད་ན།
མཚན་མོ་སྐུང་ཡོད་ལ།
མཚན་མོའི་ལྷིང་འཇགས་ཀྱི་ཁྲོད་ན།
ཁ་བའང་སྐུང་ཡོད། ངཚོས།
ཁ་བས་གཡོགས་པའི་འཇིག་རྟེན་ཞིག་ནས།
ཁ་བའི་འབབ་སྟངས་ཅེར་ནས།
ང་ཚོའང་ཁ་བ་ནང་བཞིན།
རྒྱ་མཚོ་གཞན་ཞིག་གི་ངོ་ལ་ལ་མོར་འཐིམས་བཞིན་ཡོད།

2017ལོའི་ཟླ1བོའི་ཚེས1ཉིན་ལ་གཙོས་ཀྱི་རང་ཤག་ནས་བྲིས།


 

  56465465.jpg

ཉིས་སྟོང་བཅུ་བདུན་ལ་ཕུལ།
མགར་ཨ་ཁྱུང་།

 

ལོ་མགོའི་ན་ཆུང་མ་དེས
མདུན་གྱི་མེ་ཏོག་ཁ་དོག་དམར་པོར་བསྒྱུར་ཅིང
རྗེས་ཀྱི་དྭངས་གཙང་གི་ཆུ་མོར་མིག་ཞགས་འཕེན་བཞིན
འདོད་དོན་གྱི་ལྷ་མོར་རེ་སྙེག་གི་གླུ་ཞིག་འབུལ་ལམ
བསམ་བྱའི་ཕུག་རོན་སྔོན་མོར་དྲན་སྟངས་ཀྱི་སྙན་ངག་བྲི

ཉིས་སྟོང་བཅུ་བདུན་ནི
ཉིས་སྟོང་བཅུ་བདུན་ལ་སོན་པའི་རྒད་པོ་ཡ་མེད་ཅིག་ཡིན
ཁྱེད་ཀྱི་སྐྱེས་སྐར་འདི་ལ
ངས་ཤེས་མེད་བཞིན་ཁྱེད་རང་ཕེབས་བཞིན་པར་བསུ་མ་བྱེད་འདོད་ཀྱང
ལེགས་སྐྱེས་དབེན་པའི་ཟླ་འོད་མག་མོག་ཅིག
རྒད་པོ་དེའི་སྨ་ར་བཞིན་དཀར་པོ་ནས་དཀར་པོར་གྱུར་ཅིང
འདས་དོན་རུམ་ལ་བཅུག་པའི་འཕྲེང་སེམས་ཤིག
ཕྱིར་འོང་མེད་པའི་ཉག་ཁ་དེར
ཉིས་སྟོང་བཅུ་དྲུག་གི་དགའ་མ་དེ
བཙན་གྱིས་གཡུགས་ཏེ་ཕེབས་འགྲོ་ཨང

སོང་མ་མྱོང་བའི་ལམ་ཁ་དེར
ཅི་ཡང་ཡིད་ལ་དྲན་ཡང་རུང་ལ
ཅི་ཡང་སེམས་ལ་མ་བཞག་ཀྱང་ཆོག་ན
དྲན་རིག་རྒོད་པའི་དེ་རིང་གི་དུས་ལ
རྨོངས་པའི་མུན་པར་ཟུག་པའི་མིའི་དཔུང་ཚོགས་དེ
རབ་རིབ་ཀྱི་ཀློང་ན་ཇེ་མང་ནས་ཇེ་མང་དུ་ཕྱིན་ཅིང
རང་རློམ་དང་ང་རྒྱལ་གྱིས་ཕྱུག་པའི་གང་ཟག་དག་གིས
དམའ་ས་ནས་རི་རྩེར་མཛུབ་མོ་ཀེར་བཞིན་དམོད་ཅིང
ཡང་མོ་བལ་ལ་འཁུ་བའི་རང་གཤིས་སྙི་མོ་དེ
ངེས་མེད་གཞན་ལ་འཁྲུལ་བའི་སེམས་པར་ཕྱོགས་ཚེ
རི་རབ་ཉིལ ཆུ་མོ་འཁྲུགས ས་གཞི་གཡོའམ་ཅི
དེ་དག་ཡོད་ཚད
དེ་རིང་གི་ཉིན་ལ་ཆར་གྱིས་བྲན་པའི་རྩྭ་ཐང་བཞིན
གཙང་དག་ཐེངས་གཅིག་བྱས་རྗེས་ཕེབས་འགྲོའམ

ཉིས་སྟོང་བཅུ་དྲུག་ཉི་མ་བཞིན་ནུབ་སོང
དེ་རིང་གི་མིག་ལ་འཚེར་བའི་བྱ་བཞག་དེ་དག
རྨ་ཆུ་སྔོན་མོས་རྒྱ་མཚོར་བསྐྱལ་ཞིང
རྨི་ལམ་ན་སྐྱེས་པའི་གཏམ་རྒྱུད་དེ་དག
མདོག་ཡལ་བའི་ཕ་ཡུལ་གྱི་རི་ལུང་བཞིན་སྐྱ་ཐིང་ངེར
དེ་རིང་ཐོན་པའི་ལོ་ཟླ་འདི
རྨོངས་པ་རྒྱབ་ཏུ་བསྐྱུར་བའི་རིག་རྒོད་ཅིག་དང
བདག་པས་གཞན་དག་གཅེས་པའི་སྐྱེས་ཆེན་ཞིག་ཡིན་པར་སྨོན

2016/12/31ཉིན་གྱི་དགོང་མོར་རང་ཤག་འོད་སྣང་དུ་སྦྱར།


ད་ལོའི་ལོ་འདི།

འཕགས་ཆེན།(ཡུལ་ཤུལ)

 

སྔོན་ཞིག་ནས

རི་མོ་ཆུ་ཡིས་བཀྲུས་རྗེས

མགོ་སྐྲ་ཉི་འོད་ཀྱིས་དྲོས་མཚམས

ང་ལ་ལོ་འདིའི་སྨུག་པ་འཁྲིགས་སོང

ལུས་འདི་ཆགས་སྡང་གི་ཀོ་བས་གཡོགས

སེམས་འདི་སྡིག་སྒྲིབ་ཀྱི་ཐག་པས་བཅིངས

ད་ལོའི་ལོ་འདི་གཙང་པོ་བཞིན་བཞུར་སོང

 

གོད་ཆག་ཤོར་ཐེངས་གཅིག་གིས

སྡུག་གི་ཁ་བ་བབས་སོང

ཕ་ཡུལ་གྱི་རི་དང་ལུང་པར་ལྟ་དུས

གསེར་གྱི་མེ་ཏོག་འདས་པའི་ཕམ་ཉེས་དེས

ང་ད་དུང་གསོན་དགོས་པའི་རླུང་གཡོས

ད་ལོའི་རྨི་ལམ་འཁྲུགས་ཚུལ་འདི་ལ་བལྟས་ན

སང་ནང་གི་མཚན་མོ་ཐུང་ཐུང་ཡིན་ན་བསམས

ད་ལོའི་ལོ་འདི་དུག་སྦྲུལ་བཞིན་ཤི་སོང

 

དལ་ཞིང་དལ་བའི་ལོ་འདིར

ཞེ་སྨྲེང་བའི་རོལ་མོ་དཀྲོལ

ཡིད་འཁྲེང་བའི་མེ་ཏོག་སད

རང་གི་གནས་མལ་རྩུབ་པོ་འདིའི་ཆེད་དུ

སྨྲ་བ་དམ་དམ་གྱིས་མིག་ལོག་འཕངས

སེམས་པ་དག་དག་གིས་གོམ་པ་སྤོས

ཟོལ་སྦྱོར་གྱིས་སྦོས་པའི་ཁོར་ཡུག་འདི་ནས

ལ་ལ་ངའི་ལྐོག་ཏུ་ཡིབ་སྟེ་ཁ་ཆུ་གཏོར

ལ་ལ་ངའི་ཁ་གཏད་དུ་འགྲེངས་ཏེ་ཐལ་བ་ཕྱར

ད་ལོའི་ལོ་འདི་གད་སྙིགས་བཞིན་གྲུབ་སོང

 

ས་རུབ་སོང

ད་ལྟ་མུན་པའི་མཁའ་དབྱིངས་བཞད་སོང

ངའི་འཇིག་རྟེན་གྱི་གྲིབ་མ་སླེབས་སོང

སོང་ཟིན་པ་དག་བློས་བཏང་ནས

ལོ་འདིའི་སྣེ་མོ་མངགས་ཏེ་འདུག་འདོད

ཟླ་འདིའི་རྐང་པ་ལྷོད་དེ་ཉལ་བསམས

ཉིན་འདིའི་རྔ་མ་བཅད་དེ་གཉིད་འདོད

མཚན་མོའི་སྒལ་གཞུང་འདི་འགྲིམ་རྗེས

ཉི་ཟླའི་གཙང་པོ་ཞིག་འབབ་སྲིད

ད་ལོའི་ལོ་འདི་ལྷག་མེད་དུ་ཡལ་གྱུར་ཅིག

 

2016/12/31ཉིན་ཟུར་མང་ནས'


ཁ་སང་གི་བོད་པ།
ཅོ་བྱང་སྐར།


རི་རབ་མཐོན་པོ་གངས་རི་དཀར་པོ་དང་། །
རྩྭ་ཐང་ཡངས་པོ་ཆུ་མོ་དང་གཙང་གཉིས། །
གཡང་ནོར་ལུག་གི་ཁ་གྲངས་འཕེལ་བ་དང་། །
གྱི་ལང་རྟ་ཕོའི་བང་ཁ་མྱུར་བ་གཉིས། །
གནའ་ནས་དར་བས་བོད་པའི་ལུགས་སུ་འཁུམས། །

ལྷ་ལ་བཀུར་བ་གཉེན་ལ་མཆོད་པ་དང་། །
ཡུལ་ལྷ་གཞི་བདག་མགོན་ཏུ་སྐྱབས་པ་གཉིས། །
རི་རབ་ལྷུན་པོ་རྒྱབ་བརྟེན་བྱས་པ་དང་། །
ཐང་སྨུག་སྦྲ་ནག་གཞིས་ཁྱིམ་གྲུབ་པ་གཉིས། །
གངས་ཅན་བོད་པའི་སྲོལ་དུ་གྲུབ་པ་བདེན། །

གནའ་ཡི་མེས་པོའི་སྙིང་སྟོབས་རྒྱས་པ་དང་། །
མཛད་པ་འཕྲིན་ལས་རི་རབ་བརྩིགས་པ་གཉིས། །
གཞིས་མལ་ཁ་བའི་མདངས་སུ་མངོན་པ་དང་། །
འཁོར་ར་ཁོར་ཡུག་ལྷུན་གྱིས་ཆགས་པ་གཉིས། །
མེས་པོའི་ངག་ནས་ཐོས་པ་སྒང་བ་བོད། །

ཆུ་མོའི་ཉ་སྲམ་འཁྱུག་རྩལ་མྱུར་བ་དང་། །
ཚིང་ཚང་སྟག་མོའི་ངར་སྒྲ་འཛོམས་པ་གཉིས། །
ཤྭ་བ་གཡུ་མོའི་གྲལ་ཕྲེང་རིང་པ་དང་། །
རི་བོང་རྒོ་བའི་ཁྱིམ་གཞིས་མང་པ་གཉིས། །
ངག་རྒྱུན་བཤད་སྲོལ་ནང་ན་ཤིན་ཏུ་མང་། །

སྨན་གྱི་རྩྭ་དང་རྩི་ཤིང་རྒྱས་པ་དང་། །
སིལ་ཏོག་མངར་མོའི་ཡན་ལག་རྒྱས་པ་གཉིས། །
ནང་མི་ཕུ་ནུའི་གླུ་སྐད་སྙན་པ་དང་། །
ཤགས་དང་གཞས་ཀྱི་ཁ་མཚར་རྒོད་པ་གཉིས། །
བོད་པའི་མཐུན་སྒྲིལ་ཨ་ལོང་ལོ་རྒྱུས་གསལ། །

 


༢༠༡༦། བདེ་མོ་བྱོས།

སྦྲ་དུངས་སེམས།(རྔ་བ)

 

༢༠༡༦།  གལ་ཏེ།

ཁྱོད་རང་མི་ཞིག་ཡིན་པའི་དབང་དུ་བཏང་ན།

མི་ཡི་ནང་ནས་ཀྱང་བགྲེས་པོ་ཞིག་ཡིན་སྲིད་ལ།

བགྲེས་པོའི་ནང་ནས་ཀྱང་དབུགས་ཀྱི་རྒྱུ་བ།

གཅིག་མ་གཏོགས་ལུས་མེད་པའི་བགྲེས་པོ་ཞིག་ཡིན་སྲིད།

 

འཆི་བ་སྟེང་ལ་བབས་པའི་མི་ཞིག་དང་འདྲ་བར།

དོ་དགོང་གི་དུས་ཚོད་བཅུ་གཉིས་ཡོལ་ཟིན་རྗེས།

ཁྱོད་ཀྱི་རྒྱུ་བ་མཚམས་བཞག་སྟེ།

ལོ་རྒྱུས་ཀྱི་རྡོ་རིང་ངོས་ལ།

མིང་བྱང་བཀོད་དེ་འཇིག་རྟེན་ལ་གྱེས་ཕྱག་ཕུལ་རན་འདུག

 

༢༠༡༦། ཡང་ན།

དོ་དགོང་གི་དུས་ཚོད་བཅུ་གཉིས་ཡོལ་ཟིན་རྗེས།

ང་ཚོས་ཁྱོད་ལ་འདས་མཆོད་ཀྱི་ཆོ་ག་སྤེལ་ཏེ།

སྦྱིན་སྲེག་གི་གནས་སུ་སྐྱེལ་མ་བྱས་ཏེ།

ཁྱོད་དང་མཉམ་དུ་བྱུང་བའི་དགའ་སྐྱོ་ཆགས་གསུམ།

ཁྱོད་དང་མཉམ་དུ་མེ་ལ་མཆོད་འབུལ་ཞུ་ངེས་ཡིན།

 

༢༠༡༦།   ཁྱོད་ནི།

ཕྱིར་ཡོང་མེད་པའི་མགྲོན་པོ་ཞིག་དང་འདྲ་བར།

དུས་ཚོད་ཀྱི་སྐར་ཆ་རེ་རེ་འདས་ཀྱིན་འདས་བཞིན།

གྱེས་ཕྱག་གི་བར་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར་ཏེ།

ཁྱོད་རང་ལོ་རྒྱུས་ཀྱི་གསེང་ལ་གྱེན་དུ་འགྲེང་མགོ་བརྩམས།

ངས་ཁྱོད་ཀྱི་པང་ནས་མཐའ་མཇུག་གི་གྱེས་ཕྱག

སྙན་ངག་ཅིག་ཁྱོད་ལ་འབྲི་མགོ་བརྩམས་པ་ཡིན།

 

༢༠༡༦། ངས།

ཁྱོད་ཀྱི་པང་ནས་རྙེད་ཟིན་པ་དག

ཞབས་རྡོལ་བའི་བུམ་པ་ཞིག་དང་མཚུངས་པར།

ཡོད་ཚད་ནས་ཡོད་ཚད་ཤོར་སོང་ལ།

རྒྱང་རིང་གི་བྱ་ཁྱུ།  ཁྱོད་ཀྱི་པང་ལ་འབབ་མ་ཐུབ་པར།

ད་རུང་ས་མཐའ་རུ་ལུས་ཡོད་པར་བསམ་ན།

སེམས་གཏིང་ནས་ལེ་བདའ་ཞིག་ཤོར་འགྲོ།

 

ཡིན་ན་ཡང་།

ད་ནི་ཚར་སོང་། ཁྱོད་རང་འགྲོ་རན་སོང་ལ།

གལ་ཏེ་ངས་ལེ་བདའ་ཞིག་བཏང་ཡང་།

བྲག་རྡོ་རྒྱ་མཚོའི་ནང་དུ་ལྷུང་བ་དང་གཅིག་མཚུངས་རེད།

དེའི་ཕྱིར་ད་ནི་ཁྱོད་རང་བདེ་མོ་བྱོས།

འུ་གཉིས་ནམ་ཡང་འཕྲད་པ་མེད་པས་སོ།།

 

༢༠༡༦.༡༢.༣༡་ནུབ་མོར།


 

2017ལོར་ཕྱོགས་སྟངས་ཤིག
སྟག་རིག་འབྲུག་ཐར། (མཚོ་ལྷོ)

 

ལོ་གསར་རྙིང་གཉིས་ཀྱི་ཁ་མཚམས་སུ།
སི་རི་རིའི་གྲང་ལྷགས་ཆད་མེད་དུ་ལྡང་བས།
སེམས་ཀྱི་མཚོ་མོར་དར་གྱི་སྒོ་ལྕགས་བརྒྱབ།
རེ་བའི་ཉི་འོད་སྤྲིན་ནག་སྨུག་པས་བཏུམས།
ཁེར་རྐྱང་གི་དུས་ཚོད་ཁོ་ན།
སྟོང་ལོ་གསར་བའི་ཕྲག་གོང་ནས་རྒྱུ་དུས།
སུ་ཡིས་བསྒྱུར་མི་བཏུབ་པའི་གནམ་གཤིས་མཁྲེགས་པོ།
ཁྱོད་དང་ང་ཡི་སྲ་འཐས་ཀྱི་རང་གཤིས་བཞིན།
གནམ་ལོ་གསར་བ་ཚེས་རུང་།
ཕྱོགས་ལྷུང་གི་རླུང་ནག་ལྟར།
རེ་འཚུབ་རེ་དྭངས་ཀྱིས།
དོ་མི་མཉམ་པའི་བསྐྱར་ཟློས་ལོ་ཟླ།
འཁོར་བའི་སོ་ཁ་རུ་ཅིས་ཀྱང་གཙུབ་བརྡར་བྱ་དགོས་ཨང་།

ཤོག་སྦག་མེ་ཏོག་ཆར་བ་མཁའ་ནས་གཏོར་རུང་།
སྨོན་ལམ་བཟང་པོ་སྐད་འཕྲིན་གྱི་སྒང་ནས་བྱོ་རུང་།
བདེ་དགེའི་ས་བོན་དཀར་པོ་སྟོངས་ཚེ།
ཡིད་ཀྱི་ནམ་མཁའ་ལ་རེ་བའི་སྐར་ཚོགས་བཀྲ་མིན་མི་ཤེས་ལ།
ཕུགས་ཀྱི་གུར་ཁང་ལ་འོད་ཀྱི་འཇའ་རིས་བཀྲ་བའང་ཆ་མ་འཚལ་མོད།
དགའ་བ་ལས་སྐྱོ་བ་མོད་དུས་འདིར།
མགྲིན་པ་གཟེངས་སུ་བཏེགས་ནས་གླུ་ཞིག་གྱེར་ནའང་།
རླུང་ཁ་ནས་ཁེགས་ཤིང་ཆུ་ཁ་ནས་གཡེངས་ཏེ།
སེམས་ཀྱི་རྒྱངརིང་ལ་བགྲོད་དཀའ།

རྡོག་པ་ཕར་ལ་བརྐྱངས་ཏེ་བྲོ་ཞིག་འཁྲབ་ནའང་།
ཉན་བྱེད་ལ་གནོད་ཅིང་མིག་ཟུང་ལ་ཐོགས་ཏེ།
སྤྲོ་བའི་རྦ་རླབས་ཤིག་འཕྱུར་དཀའ།

གང་ལྟར་ཀྱང་།
འདོད་དོན་ལ་བསྒྲོན་པའི་མཆོད་མེ་དྭངས་མོ།
དགུན་ལྗོངས་འདིའི་འཁྱག་ཧྲེངས་བར་ན།
འོད་ཀྱི་གཤོག་རླབས་ཕར་གཡོ་ཚུར་གཡོ།
ཁ་ཕྱོགས་ཟད་ཅིང་ཚེ་སྲོག་ཕྲ་ནའང་།

འཆི་གསོན་གྱི་རབ་ཁ་ན་འདུར་བའི།
འབུ་མེ་ལྕེབས་ཀྱི་རྣམ་ཐར་སྐྱོང་བའི་ང་ཚོ།
ཏབ་ཏོབ་ཀྱི་ལས་ཀའི་བར་ནས།
འཁྱོམ་ལྡིར་གྱི་ཟ་ཟིའི་ཀློང་ནས།
ཉེན་ཟོན་གྲངས་མེད་ཨ་ལོང་བརྒྱུས་ཏེ།
སེང་དཀར་མོའི་གཟི་བྱིན་འཕྲོ་སའི།
ལྗོན་ཚལ་དང་མེ་ཏོག་བཀྲ་ས།
སྟག་དམར་ཡག་གི་དཔའ་རྩལ་རྒྱས་སའི།
གངས་ཆུ་དང་ནོར་ལུག་འཚོ་ས།

མཐོ་བ་སྒང་གི་ཟེ་བ་ནས།
ཆེས་མཐའ་མཇུག་གི་སོ་སྲུང་བགྱིས་ནས།
ཞུམ་མེད་ངང་མདུན་དུ་བསྐྱོད་ཐུབ་པར་སྨོན།

 


5555.jpg

 ཞོགས་པ་གསར་བ།

གངས་གཡུ་མཚོ།

 

གཉིད་སད་རྗེས་ཞོགས་པ་གསར་བ་ཞིག་རེད།

དེ་མ་ཟད། ལོ་ཟླ་གསར་བ་ཞིག་ཀྱང་རེད།

 

གོམ་པ་རེ་རེ་མདུན་དུ་སྤོས་ནས་འོངས་པའི་ལམ་མདོ་འདི་རུ།

དེ་་རིང་ཡང་ངལ་གསོ་དང་སྒྱིད་ལུག་མེད་པར་བསམ་བློ་གསར་ཞིག་གཏོང་དགོས།

དེ་ནི་མི་ཚེའི་བཞུད་ལམ་ཁྲོད་ཀྱི་རང་ཉིད་གཙང་འཁྲུད་བྱེད་སྟངས་ཤིག་ཡིན།

 

མ་འོངས་པ་རེ་རེ་འཆི་བདག་གི་ཞགས་པ་བཞིན།

ཚེ་སྲོག་རེ་རེའི་འཕེལ་བའི་རྭ་རྩེའི་ལྕགས་ཀྱུ་བཞིན་ཐོགས་རྗེས།

བྱིས་དུས་ཀྱི་གནམ་ས་འདྲེས་མཚམས་བསྙེགས་པ་དང་གཏན་ནས་མི་འདྲ་བར།

ཉིན་གཅིག་གི་ཉི་འོད་ལ་མོར་ཆས་པ་དང་གཉིས་སུ་མ་མཆིས་ཨང་།

 

དེའི་ཕྱིར། ང་ཚོས་ཞོགས་པ་འདི་ནོར་བུ་ཞིག་ཏུ་བསམ་ནས།

རང་གི་དམིགས་མདུན་གྱི་ལམ་ཐག་རིང་བོར་གཟས་པའི་ཉི་འོད་ཅིག་ཏུ་བརྩིས་ནས།

ཞལ་ལག་གཙང་བཀྲུ་བྱས་ཏེ་ཞོགས་ཇ་ལེགས་པོ་བཞེས་དགོས།

 

2017.01.01 ཞོགས་པར་ཀླུ་ཆུ་ནས།


སྐྱེ་བ་མེད་པ།

---ཕྱི་ལོའི་ལོ་སར་ལ་ལེགས་སྐྱེས་སུ་ཕུལ།

 ཀླུ་པད་བཟང་།(དཀར་མཛེས)

ཤུགས་རིང་གིས་དྲུད་ཡོང་བའི་རླངས་པ་དྲོན་པོ་དེས
ང་ཡི་བྲང་ཁོག་ཏུ་སྨིག་རྒྱུ་ལྟ་བུའི་རྩིག་པ་བརྩིགས་ཤིང
རླུང་འཚུབ་སྟུག་པོའི་བར་སྣང་དུ་འཚང་ག་བྱེད
རྟོག་པས་བཙན་ཤེད་ཆེན་པོས་ཕར་གཡུག་ནའང
མངོན་སུམ་གྱི་རྩ་བར་གནས་བཅས་ཚར་འདུག

དེ་བས་མ་སྐྱེས་པའི་ཕོ་བྲང་གི་ཀློང་ནས
སྐྱོ་གདུང་གི་སྐྲ་ལོ་སྟོན་དུས་ཀྱི་འཇག་རྩྭ་བཞིན་བྲེགས་ཏེ
མྱ་ངན་ལས་འདས་པའི་གཟིགས་པ་དྲུག་གི་རྩེར་ཕྱིན་ནས
མི་སྡུག་པའི་ཉམས་ཀྱིས་མར་བལྟས་ཚེ

ངལ་དུབ་ཀྱི་འཚོ་བ་འདི་དབུ་མའི་ལུགས་ཀྱི་སྟོང་ཉིད་དུ་བསྒྱུར་མོད
གཉིད་ལས་སད་དུས་རྨི་ལམ་ཞིག་བརྗེད་ཐབས་བྲལ་བ་ཇི་བཞིན
སྦས་དོན་ཟབ་པའི་སྨྱུག་ཆིངས་ལ་སེམས་པ་ཡང་ཡང་ཤོར་འགྲོ


2016.12.27 ཉིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།