བུམ་པ།

webwxgetmsgimg.jpg

སྙན་བུ།(པེ་ཅིན)

 

སློབ་ཆུང་སྒོ་སམ་ངོས་ཀྱི
དབྱངས་གསལ་སོ་བཞི
ངས་ཁྱོད་ཀྱི་ནང་དུ་བླུགས

གྱང་ཆག་དང་གད་པའི་ནང་གི
དགོད་སྒྲ་ཡོད་དོ་ཅོག
ངས་ཁྱོད་ཀྱི་ནང་དུ་བླུགས

ཁ་བའི་ཁྲོད་རྒུན་འབུ་འཐུ་བའི
བྱེའུ་དག་གི་རྨི་ལམ
ངས་ཁྱོད་ཀྱི་ནང་དུ་བླུགས

སྐར་ཚོགས་དབུས་སུ་བཀྲ་བའི
དྭངས་གཙང་གི་མིག་ཟུང་ཡོད་དོ་ཅོག
ངས་ཁྱོད་ཀྱི་ནང་དུ་བླུགས

མཁའ་ནས་ཟགས་པའི་མཐོ་སྒང་གི
ཉི་འོད་དང་ཟླ་འོད
ངས་ཁྱོད་ཀྱི་ནང་དུ་བླུགས

ནམ་འཕང་དགུང་ལ་བསྟོད་པའི
བྱ་རྒོད་ཀྱི་མིག་རྒྱང་རིང་མོ
ངས་ཁྱོད་ཀྱི་ནང་དུ་བླུགས

ཁྱོན་ཡངས་པའི་རྩྭ་ཐང་གི
རྟ་མཆོག་གི་འཚེར་སྐད་སྙན་མོ
ངས་ཁྱོད་ཀྱི་ནང་དུ་བླུགས

མེ་ཏོག་གི་དྲི་ངད་ལྡང་བའི
གཡུ་སྦྲང་གི་འདང་བརྩེ་ཟབ་མོ
ངས་ཁྱོད་ཀྱི་ནང་དུ་བླུགས

སྤྲིན་དཀར་གྱི་ཝུ་བ་དང
དྲག་ཆར་གྱི་རྔུལ་ཆུ
ངས་ཁྱོད་ཀྱི་ནང་དུ་བླུགས

མིག་གིས་མཐོང་ངོ་ཅོག་ལས
མཚམས་སྤྲིན་གྱི་དམར་མདངས
ངས་ཁྱོད་ཀྱི་ནང་དུ་བླུགས

རྣ་བས་ཐོས་སོ་ཅོག་ལས
སྐྱ་རེངས་ཀྱི་ཅོང་སྒྲ
ངས་ཁྱོད་ཀྱི་ནང་དུ་བླུགས

ཁེར་རྐྱང་གི་སྡོང་བོ་རུ་ཐོགས་པའི
ལོ་མ་སེར་པོ་ཐ་དག
ངས་ཁྱོད་ཀྱི་ནང་དུ་བླུགས

ཕྱི་དྲོ་ཞིག་ལ
སོ་སོར་གྱེས་བའི་སེམས་ཁམས་ཡོད་ཚད
ངས་ཁྱོད་ཀྱི་ནང་དུ་བླུགས

ཚེ་སྲོག་གིས་བཀྲུས་པའི
རྣམ་ཤེས་ཀྱི་དྲི་མ
ངས་ཁྱོད་ཀྱི་ནང་དུ་བླུགས

དུས་ཚོད་ཀྱིས་འགེམས་པའི
ལང་ཚོ་ཡི་ཁ་དོག
ངས་ཁྱོད་ཀྱི་ནང་དུ་བླུགས

གྲོག་མཁར་བཤིགས་པའི
རྡུལ་ཕྲན་བྱེ་བ
ངས་ཁྱོད་ཀྱི་ནང་དུ་བླུགས

སྙན་ངག་གཅིག་གི
བློས་བསླངས་བརྒྱ
ངས་ཁྱོད་ཀྱི་ནང་དུ་བླུགས

སེ་གོལ་གཅིག་གི
སྐྱེ་བ་དང་འཆི་བ
ངས་ཁྱོད་ཀྱི་ནང་དུ་བླུགས

མཆོད་རྐོང་གཅིག་གི
མཚན་མོ་གཅིག
ངས་ཁྱོད་ཀྱི་ནང་དུ་བླུགས

བུམ་པ


2016/12/28ཉིན་པེ་ཅིན་ནས་བྲིས།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།