ཀྲུང་གོ་བོད་ཀྱི་དྲ་བ།

གྱང་།(ཞར་བཀོད་གཉིས།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐོ་ཡོར།(དཀར་མཛེས།)


གྱང་ནི་གཟུགས་ལས་ཐག་རིང་བའི་དགུན་ཁ་ཞིག
ནགས་ཚལ་དང་སྲང་ལམ་རྩིག་པའི་རྙི་ལ་ཚུད

ཁྱོད་ཀྱི་རེ་སྒུག་ནི་གྱང་ཞིག་སྟེ
འབུ་སྲིན་ཆུང་ངུ་དེ་ཚོས་ཀྱང་ད་ནི་གྱང་ཞིག་ལས་མི་སྣང
གྱང་དེ་ནི་མི་གཉིས་གྱི་ནམ་མཁའ་སྟེ
གྱང་གི་རི་མོ་དེད་ནས་སོང་ན་ཕ་མཐར་ཐོན་ཐུབ
ཕ་རོལ་ནི་གྱང་ཞིག་ཡིན་ན
གྱང་དེར་སྤྲིན་པ་བསྡུད་མཁན་ང་ཡིན་པ་རྟོག་བཟོ་བྱས་ཆོག

གྱང་ངོས་ལ་རེག་པའི་རླུང་ཐག་རིང་ནས་ལྡང
ཁྱོད་ཀྱི་རྣམ་ཤེས་རྩིག་པའི་ངོས་སུ་སྦྱར
གྱང་གི་གས་ཁའི་ནང་དུ
རེ་སྒུག་གི་ཚོན་མདངས་དུ་བ་ལྟར་འཁྲིལ

གྱང་ཞབས་ནས་འཕྱུར་བའི་རྡུལ་ཕྲ་མོའི་འོད་ཀྱིས
ནམ་མཁའ་འཐིབ་པར་བྱེད་པའི་རོལ་མོ་དཀྲོལ

གྱང་གི་ནང་ནི་འཕྱོ་འཇགས་སྟོང་བའི་རྦ་རླབས་ཤིག་སྟེ
རེ་སྒུག་བོར་བའི་ང་ཡི་ཁྲག་རྒྱུན་ལྟར
དུས་ཚོད་ཀྱི་ཕྱི་རོལ་ན་ཁུ་སིམ་མེར

གྱང་ངོས་སུ་བཀར་བའི་མུན་ནག་ལེབ་མོ་ཞིག་ལས
མདོག་ཟད་པའི་ཁ་བ་ལྷུང
གྱང་སྟེང་གི་ནམ་མཁའ་དོག་པས
སྤྲིན་པ་བསེད་མཁན་ནི་ངལ་དུབ་ཀྱིས་གཟིར་བའི་དུས་ཚོད་ཡིན


2016.12.5 ཉིན།


སྡོང་བོ་ཞིག

ཐོ་ཡོར།

ཁེར་རྐྱང་གི་སྡོང་བོ་ཞིག
ཁུ་སིམ་མེར་སྐྱེས་འདུག་པ་འདི་ཁྱོད་རང་རྒྱང་དུ་བཞུད་པ་དང་འདྲ
སྡོང་བོའི་རྩ་བའི་ས་དྲི
ཤར་ནུབ་མེད་པའི་དྲན་གདུང་གི་སྣེ་མོ
སྡོང་བོའི་རྩེ་ནས་འཐོར་བའི་ལོ་མ
འཐོར་ཟིན་པའི་དུས་ཚོད་ཀྱིས་སྦྲེལ་འདུག

སྡོང་བོའི་ཁོག་པའི་ནང་དུ
གཅོམ་ཆུང་གིས་རྨི་ལམ་འབོད་པའི་སྐད་སྒྲ
གློ་བུར་བའི་རླུང་གི་གཡོ་བ་ལས་ཀྱང་ཡང
རླུང་ནི་སྡོང་བོའི་ཁྲག་རྒྱུན་ཡིན
ལག་པའང་ཡིན

སྡོང་བའི་གཉེར་རིས་བར་ནས
རབ་རིབ་གྱི་ངོ་གདོང་ཅིག་མངོན
དུས་ལས་འདས་པའི་དཔྱིད་ཀའི་ནང་ན་རྒྱུ་བ་བཞིན
བསིལ་སྣང་ཕྲ་མོ་སྡོང་བོའི་ངོས་གཞན་ཞིག་ནས་གཡུག་ཡོང

གྲང་འཁྱག་གིས་གཅིལ་བའི་སེམས་པ
སྡོང་བོའི་ཡལ་ག་བརྒྱུད་ནས་མར་ལྷུང་སྟེ
ཧྲལ་ཧྲུལ་དུ་གྱུར་བའི་ལོ་མའི་སྟེང་གི་ཟིལ་བར་གྱུར
ས་སྲོད་ཀྱིས་ལོ་མ་དག་དམིགས་མེད་དུ་གང་སར་ཁུར་ཀྱང
ལོ་མའི་སྟེང་གི་ཟིལ་བས་ཕྱིར་དྲན་གྱི་མཚོ་ཁུག་སྟོང་བ་ཞིག་ཏུ་འཁྲིད་ཐུབ


2016.1.8 ཉིན།


རླུང་ནང་དུ།

ཐོ་ཡོར།


མིག་གིས་རྡོག་སྣེར་ལྟ་བའམ
ལན་རེར་བཙུམས་ཏེ་འདུག
ཕར་བལྟས་ཚོད་ལ་སྒོ་དམ་པོར་རྒྱབ་པའི་སྤྱིལ་བུ་ཞིག་རླུང་ནང་དུ་ལུས

མོ་ཊ་སོང་ཤུལ་གྱི་རྡུལ་དང
ཐང་རིང་ནས་སྤུར་ཡོང་བའི་འགྱིག་ཁུག་རལ་བོ་རེ
མིག་མདུན་དུ་སྤུངས་ཀྱང
རླུང་གི་སྒྲ་དབྱངས་ལས་མི་འདུག

དཔུང་བ་གཤིབ་འགྲོ་བའི་གཞོན་ནུ་ཕོ་མོ་ཆ་རེ
རྨི་ལམ་ནང་ནས་བུད་པའི་གོམ་སྒྲ་རྒྱང་དུ་གྱེས
མཉམ་པོར་བཟེད་པའི་ལག་པ
ནམ་མཁར་ཐུག་པ་མེད
མཉམ་དུ་འགྲོ་བའི་རྐང་པ
རྐམ་རྙིད་དུ་སོང་བའི་སྐྱོ་གདུང་སྟེང་དུ་སྤོས
ཐེངས་གཅིག་སེམས་ལ་འཁོར་ནས
སླར་ཡང་མཉམ་དུ་ཡལ་འགྲོ་འམ
རླུང་ནང་དུ་དུས་ཚོད་ནི་གོམ་སྒྲ་ཞིག་གོ


2016.2.8 ཉིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།