ཀྲུང་གོ་བོད་ཀྱི་དྲ་བ།

གས་ཆག་ཤོར་ཚུལ་ཞིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201605041702467138_副本.jpg

གས་ཆག་ཤོར་ཚུལ་ཞིག 

བློན་བན་མཁར།


བདེན་པ་གཅེར་བུར་མཐོང་ན་སྐྲག་སྣང་གིས་འགྲོ་ཞིང་།།

རྫུན་པ་ཕྱི་ཤུན་མཐུག་ན་དུངས་ཞེན་གྱིས་འཁྱུད་པ།།

བདེན་རྫུན་གོ་ལོག་ཐེབས་པའི་ཁ་སང་དང་དེ་རིང་།།

སེམས་ཀྱི་ཉིན་སྲིབ་བར་ནས་སྐྱོ་བ་རེ་སྐྱེས་ཡོང་།།


རང་གིས་མཐོང་བའི་མཛེས་དང་སྙན་པ་སོགས་ཁ་ཅིག །

གཞན་གྱི་སྟེང་ལ་ཨུ་ཚུགས་ལྷན་པ་རང་བརྒྱབ་ནས།།

རང་ལ་རྒྱལ་ཁ་འབའ་ཞིག་དོན་གཉེར་གྱི་ཅོལ་ཆུང་།།

སྙིང་གི་འཕག་འཚག་བར་ནས་ཁོང་འཛུམ་ཞིག་ཤོར་སོང་།།


གཞན་གྱི་ཕྱི་ཤུན་མཐོང་ནས་འགྲམ་ཆུ་རང་ལྡང་ཞིང་།།

རང་གི་ནང་བཅུད་ཤོར་ལ་སེར་སྣ་རེ་མེད་པར།།

གསར་བརྗེ་ཐ་སྙད་སྐམ་པོ་མུན་ཁུང་ནས་འཚོལ་བར།།

བྲང་ཁོག་སྟོད་ནས་རེ་བའི་ཨ་ཐང་དེ་ཆད་འགྲོ །


ཁ་ནས་སྟོང་གསུམ་འཇིག་རྟེན་བག་མེད་དུ་གྱེར་ཞིང་།།

ཁོག་ན་རང་དང་རང་གི་ཤ་ཉེ་ཚོ་སྒོམ་པའི།།

འཇིག་རྟེན་དཀར་ནག་འཐབ་པའི་ངོ་མཚར་གྱི་བཞིན་ལ།།

ཡང་ཡང་ཅེར་ཞོར་གསོན་པའི་འདུན་པ་དེ་བོར་འགྲོ །


དབུས་དང་གཙང་གིས་བཤད་ན་ཁོ་ཚོ་ལས་མེད་ཅིང་།།

ཁམས་དང་ཨ་མདོས་བལྟས་ན་རང་ཚོ་ལས་སུ་ཡོད།།

གཞན་གྱི་ལག་ཆར་འགྱུར་བའི་ཆོས་ཉིད་དེ་སྒོམ་ན།།

ཤ་དང་རུས་པའི་གསེབ་ནས་དངངས་འདར་རེ་བརྒྱབ་ཡོང་།།


ཆོས་ཀྱི་ཕུང་བོ་བོན་གྱི་སྒོ་མོ་རུ་འགྱུར་ཚུལ།།

ཤཱཀྱའི་སྲས་པོ་བོན་གྱི་གཤེན་རབ་དེའི་རྣམ་སྤྲུལ།།

ནང་ན་དགྲ་མེད་ཕྱི་ཡི་སོ་ཁ་རང་ཤོར་བར།།

བློ་དང་རྒྱུ་མའི་ཁུགས་ནས་ན་ཟུག་རེ་ལངས་ཡོང་།།


མདོར་ན་རང་གི་བློ་ལས་ཚད་མ་ཞིག་མེད་ཅིང་།།

རང་གི་རིགས་ལས་སུ་ཡང་བཙུན་པོ་རང་མེད་པ།།

བདེན་རྫུན་ལེགས་ཉེས་དངུལ་དང་དཔོན་ཐོབ་ཀྱིས་བཟུང་བར།།

དོན་ལྔ་སྣོད་དྲུག་ཀུན་ལ་གས་ཆག་རང་ཤོར་སོང་།།


2017.1.5ཉིན། 


གས་ཆག་ཤོར་ཚུལ་ཞིག

ཏཱ་ནི་ལྷ་རྒོད།

 

རྣམ་རྟོག་རླུང་བུ་ཕྲ་མོའི་རྡུལ་འཚུབ་ཅིག་གིས།།

ཡུན་རིང་སྒོམ་པའི་ཡིད་ཆེས་ཐལ་བར་འཐག་ནས།།

སུ་དང་གང་ལ་མཁོ་བའི་བདེ་བ་ཆུང་ཆུང་།།

ཚིག་དང་ཡིག་འབྲུའི་གསེབ་ནས་གས་ཆག་ཤོར་ཐལ།།


 ང་ཡི་ལང་ཚོའི་འདབ་མ་ལོ་ཟླས་ཁུར་ཏེ།།

 སྐྱེ་རྒ་ན་འཆིའི་ཆོས་ཉིད་གདོང་དུ་འཆར་བས།།

གཞོན་ནུའི་སྣང་བ་སྙམ་པའི་ཉོན་མོངས་ལྷག་མ།།

མི་ཚེ་ཐུང་ཐུང་འདི་ནས་གས་ཆག་ཤོར་འདུག།


མིག་ཟུང་ལྡོངས་པ་ངོ་མཚར་ལྟད་མོའི་གེགས་རེད།།

རྣ་ཟུང་འོན་པ་སྙན་འཇེབས་སྒྲ་ཡི་གྱོང་རེད།།

ངག་ཉིད་ལྐུགས་པ་གནས་ལུགས་དོན་གྱི་དགྲ་རེད།།

སྒོ་གསུམ་དཔལ་གྱི་རི་མོར་གས་ཆག་ཤོར་སོང་།།


ཕར་ལ་བྱམས་བྱམས་ལྟ་བུའི་སེམས་ཤིག་སྤྲད་ཀྱང་།།

ཚུར་ལ་སྡང་སྡང་འདྲ་བའི་ཉམས་ཤིག་སྟོན་པས།།

འཇིག་རྟེན་ཆོས་བརྒྱད་འཁོར་ལོའི་རྩིབས་ངོགས་དེ་ནས།།

བདེ་སྐྱིད་ཞོ་གསར་འདྲ་བོར་གས་ཆག་ཤོར་ཨང་།།


ཡོད་པའི་ཕུན་ཚོགས་ཙམ་པོ་ངག་ཏུ་བསྐྱིལ་ཏེ།།

མེད་པའི་སྟོང་ཆ་ཉིད་ལ་ཧམ་ཐོབ་བྱེད་པའི།།

འཚོ་བའི་བྲེལ་ཤ་གང་ཞིག་ཐོད་དུ་བྲིས་པས།།

འདུས་བྱས་སྒྱུ་མའི་ཕུང་བོར་གས་ཆག་ཤོར་སྐད།།


ང་ཡི་གངས་རི་དཀར་པོ་རིམ་བཞིན་ཞུ་སྟེ།།

ཁྱོད་ཀྱི་གཡུ་མཚོ་སྔོན་མོ་བགས་ཀྱིས་འཕྱུར་ནས།།

མི་ལོ་སྟོང་ཕྲག་དུ་མའི་དཔལ་ཡོན་འགྲུབ་དུས།།

ང་ཚོའི་འཁོར་བ་འདི་ལ་གས་ཆག་ཤོར་ངེས།།


སྐྱོ་བའི་སྡུག་ཡུས་ནག་པོ་མགྲིན་པར་བཅུག་ནས།།

དགའ་བའི་འཛུམ་མདངས་དཀར་པོར་མིག་སེར་འཕངས་ན།།

འདི་ཕྱིའི་ས་མཚམས་ཕྱེ་བའི་ངག་རིག་གང་གི།།

རྒྱུ་འབྲས་གོ་རིམ་ཉིད་ལ་གས་ཆག་ཤོར་ཡོང་།།


དྲོན་པོ་ཉི་འོད་ལྟ་བུའི་ལྡིང་ཁང་ཞིག་ཏུ།།

བསིལ་འཇམ་ཟླ་འོད་འབྱུང་བཞིའི་བདེ་བར་བསྙད་ན།།

གཟུགས་འགྱུར་གཟུགས་སུ་རུང་བའི་རིགས་ལམ་བཙན་པས།།

ཁྱོད་དང་ང་ཡི་བརྡ་ལ་གས་ཆག་ཤོར་སྙམ།།


བདག་འཛིན་མེ་དཔུང་རི་བོ་དྲག་ཏུ་གཡོས་སྟེ།།

གཞན་དོན་བྱམས་བརྩེ་མཚོ་མོ་བསྒྲིབ་ལ་ཉེ་དུས།།

བདག་བས་གཞན་གཅེས་འབོད་པའི་ཁ་གཡང་འདི་ཀོས།།

སྲས་གཙང་སྲས་ཀྱི་གདམས་པར་གས་ཆག་ཤོར་འགྲོ།།


དད་འདུན་གཙང་བོའི་རླབས་ཕྲེང་དགུང་དུ་འཕྱུར་ནས།།

དབྱངས་གསལ་མུ་ཏིག་མགུལ་རྒྱན་འཚོལ་དུ་ཆས་པར།།

ཁ་ཞེ་གཉིས་འགལ་ཡིན་པའི་དྲན་དབང་མཆོག་གི།།

རྣམ་དཔྱོད་གསེར་ནག་འདྲ་བོར་གས་ཆག་ཤོར་སོང་།།


2017.1.5 ཉིན།


གས་ཆག་ཤོར་ཚུལ་ཞིག

འཇིགས་མེད་བསམ་གཏན།


ལག་པས་ཟིན་དུ་མེད་པའི་ཁ་སང་གི་རྨི་ལམ

དུས་ཚོད་ཀྱི་གཙང་པོར་འདྲེས་ནས་རྒྱང་རིང་ལ་ཁུར་རྗེས

ཆག་སྐྱོན་ཤོར་བའི་སེམས་པའི་གས་གསེབ་དག་ལ

ངས་དུས་རབས་ཀྱི་ཁུགས་སོ་རེ་རེ་ནས་ལྷན་པ་བཙལ


དུས་ཚུགས་རེ་རེ

ཁ་ཆར་དང་བུ་ཡུག་ཁྲོད་ཟད་པས

ཉི་འོད་ཡང་མཐོང་དཀའ་བའི་དམྱལ་བའི་ཕོ་བྲང་ནས

ངའི་སྙིང་ཉེ་བའི་བརྩེ་དུང་གི་ཆག་རོ་ཡོད་ཚད

ཁྱོད་རང་སོང་རྗེས་ཀྱི་ཉིན་ཞག་རེ་རེས་རྡུལ་དུ་འཐག


ཉི་ནུབ་ཀྱི་ཚུལ་ལ་བལྟས་ནས་མིག་ཆུ་བཞུར་དོན

ཁྱོད་སོང་རྗེས་སླེབས་འོང་བའི་དགུན་ཟླ་དེ་ལན་ངེས

བཟོད་དཀའ་བའི་གྲང་ངར་གྱི་ཚོགས་ལ

བླ་ན་མེད་པའི་ཆོ་ལོ་གནང་མཁན་ཁྱོད་ཁོ་ན་མིན་པ

ང་ཁྱོད་ལ་ཡིད་ཆེས་ཡོད་འོས


ངས་ཁྱོད་ཀྱི་རྣང་ཞིང་དང་གྲོང་ཚོ་རེ་རེར

བརྩེ་དུང་གི་ས་བོན་མང་པོ་ཞིག་བཏབ་ནས

ལོ་ཟླ་གྲངས་མེད་ཅིག་འགོར་ཡང་འབྲས་བུ་མི་ཐོགས་དོན

དུས་ཚིགས་བཞི་བོའི་ནང་ནས་སྟོན་ཁ་བོར་སོང་བས་ལན་པ

ངས་གཞི་ནས་ཚོར


2017.1.5ཉིན།


གས་ཆག་ཤོར་ཚུལ་ཞིག 

ཁ་དྲག


རི་བོ་ཞིག་གས་ཆག་གིས་སྐྱེས།

ཆུ་བོ་ཞིག་གས་ཆག་གིས་འཁྱིལ།

ནམ་མཁའ་ཡང་གས་ཆག་གིས་བརྒྱངས་དུས།

སྤྲིན་པ་ཁོ་ནས་རྨ་ཁ་ཞིག་བཙེམ་བཟོ་རྒྱག་ག་ལ་ཐུབ།


ང་ནི་འདི་ལྟར་གས་ཆག་གི་འཇིག་རྟེན་དུ་ལྷུང་བ་ནས།

ཁྱོད་ཀྱི་སྐད་ཆ་ན་ཟུག་ལ་ཚུད་པའི་སྲིན་འབུ་བཞིན།

ཁྱོད་ཀྱི་ལྟ་བ་གཡུལ་ས་ནས་མཆེད་པའི་ཐལ་རྡུལ་བཞིན།ཞེ་འགྲས་ཀྱི་གཤོག་པ་ཁྲག་གིས་བརྫིས་ནས་ང་ཡི་བར་སྣང་ལ་བཏང་།

རེ་སྒུག་གི་སྣེ་མོ་དར་ལ་སྦྱར་ནས་ང་ཡི་རུམ་ལ་བཅུག


རི་མོ། རི་མོ། ཁ་དོག་གིས་བྱས་པ་ཙམ་རེད།

ཡི་གེ ཡི་གེ རྫ་རྔ་དང་ཁྱད་ཅི་ཡོད།


ལོ་རྒྱུས་ལ་གས་ཆག་ཤོར་སོང་ནའང་།

དད་འདུན་ལ་དྲི་མ་སྒོས་མེད།

སང་ཉིན་ནི། མི་ཚོ་གླེང་རྒྱུར་དགའ་བའི།

རྨ་མེད་པའི་ཉིན་མོ་དེ་ཡིན་ན།  


 2017.1.9 ཉིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།