ཀྲུང་གོ་བོད་ཀྱི་དྲ་བ།

གངས་རི་སྒུལ་བ།(སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག་བཏུས་མ།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྐྱབས་ཆེན་བདེ་གྲོལ། (རྨ་ཆུ)   སྤེལ་དུས། : 2017-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

28.jpg

བོད་ཀྱི་དེང་རབས་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་ནི་སྤྱི་ལོ1977ལོར་ཀན་སུའུ་རྨ་ཆུ་རྫོང་ཆུ་ཁ་མ་ཡུལ་ཚོ་རུ་སྐྱེས་ཤིང་། ལོ་བཅུ་གཉིས་ནས་བཟུང་སློབ་ལ་བརྩོན་པ་དང་ད་ལྟའི་བར་རྩོམ་ཡིག་ཆིག་སྟོང་དྲུག་བརྒྱ་ལྷག་བྲིས་ཡོད་ལ། དེ་དག་ལས་སྒྲུང་གཏམ་དང་སྙན་ངག་ལྷུག་རྩོམ་སོགས་བརྩམས་ཆོས་དྲུག་ཅུ་ལྷག་ཡོད་པ་དང་། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《མཚོ་སྔོན་བོད་ཡིག་གསར་འགྱུར》《སྦྲང་ཆར》སོགས་དུས་དེབ་དང་ཚགས་པར་སོགས་སུ་རྩོམ་རིག་གང་མང་བཀོད་ཡོད།

ཁོང་གི་བརྩམས་ཆོས་ལ་སྒྲུང་ཐུང་གཙོ་བོ《ཚེ་རིང་དོན་གྲུབ》དང་། 《གླུ་སྐད་སྐྱ་བོ》། 《ཚངས་མགུར་དང་ཤོག་དངུལ》། 《ལོ་དེའི་དཔྱིད་ཀ》། 《སློབ་གསོའི་གཏམ་རྒྱུད》། 《དུས་ཆད》། 《བརྩེ་དུངས། ཁ་བཏགས་ཀྱི་སྣེ་གཉིས་ན་འདར》། 《ཉིང་ཁྲིའི་མུ་ཏིག》། 《གློ་གྲི》། སྒྲུང་འབྲིང《མེ་འཁྱག་པ》། སྒྲུང་རིང《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》དང་། 《སྡུག་ཤི་རྒྱག་རྒྱུའི་ང་རང》།བསྒྱུར་རྩོམ《བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར》དང་། 《ནུབ་ཕྱོགས་མཚན་ཉིད་རིག་པའི་ལོ་རྒྱུས》། 《གཞོན་ནུ་སྒྲུང་བ》། 《རང་གི་བྱུང་བ་བརྗོད་པའི་གཏམ》སོགས་ནུབ་གླིང་གི་སྙན་ངག་མང་པོ་ཡོད། དེ་མིན1998ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་གནང་བའི་ཁོང་གི་སྙན་དེབ་ཐོག་མ《མི་ཁོམ་པའི་གནས་དང་དེའི་བདག་པོ》དང་། 2008ལོར་རྒྱལ་སྤྱིའི་ཀློག་དེབ་དཔེ་སྐྲུན་ཁང་གིས་པར་སྐྲུན་གནང་བའི《གླུ་སྐད་སྐྱ་བོ》སོགས་ཡོད་ཅིང་། ཁོའི་སྒྲུང་གཏམ་ཕྱོགས་བསྒྲིགས་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཡོད། ཁོང་གི་བརྩམས་ཆོས་མང་པོ་ཞིག་དབྱིན་ཡིག་དང་རྒྱ་ཡིག ཧྥ་རན་སེའི་སྐད་སོགས་སུ་བསྒྱུར་ཡོད།


གངས་རི་སྒུལ་བ།

-ལོ་ངོ་གསུམ་གྱི་སྙན་ངག་བཏུས་མ།

ཁྱོད་ཀྱི་བྲན་གཡོག་ཏུ་ཁྲིད་པའི་བྱིས་པ་ཚོ།

ང་ལ་ཕྱིར་སྤྲོད་རོགས། མཁའ་སྤྱོད་མ།

ཕོ་བྲང་ཆུང་ཆུང་འདི་དང་། ཞིང་ས་ལེབ་མོ་དེའི་ཆེད་དུ།

ང་ཚོས་ཀྱང་ངལ་རྩོལ་བྱེད་འདོད། (1997.11.29)

གང་ལྟར་རྒས་སོང་། རྒས་སོང་།

མགྲོན་པོ་འགོག་བྱེད་ཀྱི་སྒོ་ཡོལ།

འཁྲིག་པ་སྤྱད་རྗེས་ཀྱི་ཡི་ཆད་དང་ངལ་དུབ།

ནམ་རྒྱུན་དོགས་ཟོན་བྱེད་སའི། ཇག་རྐུན་དང་ཆར་རླུང་། (1997.12.10)

བར་གསེང་ཨུ་ཚིགས་ཀྱིས་བཙལ་རྗེས།

རྐང་ལག་སྐུམ་ཙམ་བྱས་ཤིང་།

ཕྱི་རོལ་ནས་མཆེད་པའི་ཀུ་ཅོ་བསམ་བཞིན།

སྒོར་འབུད་མ་ཕོད།(1998.1.11)

རང་དབང་མེད་ན། སྡོད་ཁང་བརྗེ་ཡ།

བདེ་སྐྱིད་མེད་ན། སྡོད་ཁང་བརྗེ་ཡ།

གཉེན་དང་ལོངས་སྤྱོད་མེད་ན། སྡོད་ཁང་བརྗེ་ཡ། (1998.2.19)

བར་སྣང་དུ། ལག་པ་གཅིག་ཇི་ལྟར་གཡུག་ཀྱང་།

ཐལ་སྒྲ་མེད། ཨོ——འཇིག་རྟེན། (1998.2.25)

ཁང་མིག་དག་རྡིབ་དུས།

རྩྭའི་སྤྱིལ་བུ་དེའང་རླུང་བུས་ཁུར་སོང་།

བྱིས་པ་ངུ་དུས།

དགུང་ཨ་སྔོན་དེའང་མུན་པས་ཚིག་སོང་། (1998.3.11)

འཁྱག་རླུང་ལྡང་བའི་རི་ཁྲོད་ཅིག་ནས།

མཁའ་འགྲོ་མ་དྲན་མེད་དུ་བརྒྱལ་མོད།

ཁོ་མོའི་ལུས་དྲོད་ཀྱིས།

ས་གཞི་ཡོངས་སུ་བཞུས་སོང་། (1998.3.6)

རང་ཉིད་ཤིང་གིས་བཟོས་པའི།

འཁོར་ལོ་ཞིག་ཡིན་པ། སྔར་ནས་ཤེས་ཀྱང་།

རྐང་ལག་བཞི་བོ། ད་དུང་རྐྱོང་འདོད། (1998.3.24)

དུས་སྐབས་འདི་ནས་བཟུང་། གདོད་མའི་དབྱངས་ཡིག་དང་།

ཁ་དོག་ལྔ་ལྡན་གྱི་གསལ་བྱེད་མེད་ལ། པི་ཝང་གི་སྒྲ་དང་།

བྱིན་གྱིས་བརླབས་པའི་གཟུངས་སྔགས་ཀྱང་།

ནམ་མཁའི་ཁྱོན་དང་ལྷན་དུ་འཚེར་བ་མ་ཡིན། (1998.4.12)

༡༠

ཉེན་རྟོག་པས་མི་ཞིག་མི་ཞིག་གིས་བསད་འདུག་ཅེས།

ངའི་རོ་ཡི་སྟེང་དུ་རས་དཀར་བོ་ཞིག་བཀབ། འདྲ་པར་འགའ་བརྒྱབ། (1998.7.3)

༡༡

གསེར་བྲིས་ཀྱི་གཏམ་རྒྱུད་ཉར་མཁན།

རང་ཉིད་ཀྱི་གླུ་སྒྲ་རུམ་མཁན།

ཤ་དང་རུས་པ་མཆོད་ནས་དཀོན་མཆོག་ཕྱུག་པོར་གཏོང་མཁན།

ཁོ་ཚོ་ནི་གངས་རིའི་གློ་སྙིང་ལྟ་བུའི་བོད་མི་རེད། (1998.7.6)

༡༢

ང་ནི་ཕ་བོང་ང་ནི་ཆར་བ་ང་ནི་ཤ་ཡིས་བཟོས་པའི་སྒྱེ་མོ།

ཞེས་བཤད་ཀྱང་ཆོག ང་ནི་ང་ཡི་བདག་པོ་ཞེས་འུར་ཀྱང་ཆོག

ང་ནི་ང་ཡི་དགྲ་བོ་ཞེས་འདར་ཀྱང་ཆོག (1998.8.18)

༡༣

ཨེ་ཧོ། ད་དུང་འདི་ལྟར་འཚོའམ།

ཤ་ཁྲག་བྲི་གང་མེད་པར་རྟེན་བཞིན་རྟེན་བཞིན།

སྐད་ཆ་འཕེལ་འགྲིབ་མེད་པར་བསྐྱར་བཞིན་བསྐྱར་བཞིན།

ད་དུང་འདི་ལྟར་འཚོའམ།  (1998.8.31)

༡༤

ཆོས་དུང་གི་སྒྲ་དབྱངས་ལས།

ཁ་བས་གཡོགས་པའི་བང་སོ་ཞིག་གསལ།

ཁྲོམ་སྲང་གི་བསང་དུད་ལས།

གློ་མཆིན་སྒུལ་བའི་གཞས་རྙིང་ཞིག་འཕྱུར།

ཞིབ་ཏུ་བསམ་ན། རྒས་མོ་ཚོའི་སྒལ་བར།

གནམ་སར་མི་ཤོང་བའི་ངུ་སྐད་བབས་ཡོད། (1998.9.21)

༡༥

ར་བའི་ཕྱི་རོལ་ཏུ།

བྱིས་པ་འགའ་གཅེར་བུར་བུད་ནས།

སྐྱེ་བ་སྔོན་མའི་མེ་ཏོག་འཚོལ་བར་རྒྱུག (1998.10.25)

༡༦

འཇིགས་སྔངས་དེ་མ་གླེང་ཐབས་མེད་ཀྱི་དབང་གིས།

ངའི་སྔས་འགོར་བཏགས་པའི་ཟླ་བ་ཁྲག་ཏུ་བཞུར།

དྲང་མོར་བཤད་ན། ཀེང་རུས་ཀྱི་ཚུལ་དུ་གྲུབ་པའི་ང་།

ཁྱོད་ཀྱི་ཁ་སྤྲོད་དུ་འདུག་མི་འདོད། (1998.10.27)

༡༧

ནམ་མཁའ་དང་ས་གཞི་ཀུན་གྱིས་དྲན།

བུ་སྣོད་དང་སྒལ་ཚིགས། ང་གཅིག་པུས་དྲན། (1998.11.1)

༡༨

ཡུལ་ལྗོངས་དེས་ཁྱོད་ལ་མི་གཤིས་ཤིག་གཡར།

བྱ་རྒོད་ཀྱི་ལུས་སྟེང་དུ་བྲིས་པའི།

སྐྱེ་ཕོ་གཉིས་ཀྱི་མནའ་ཚིག ཡུལ་ལྗོངས་དེའི་སྲོག་ཤིང་དུ་གྱུར།

ཁྱོད་ཀྱིས། རང་གི་རུས་པ་རྩྭ་གསེབ་ཏུ་སྦེད་རྗེས།

ཡང་ནས་ཡང་དུ་གངས་རི་སྒུལ། (1999.2.10)

༡༩

གློག་འོད་རིགས་འདིས་བདག་གི་རུས་པ་བརྟོལ་ཟིན།

ཚ་དྲོད་ཡོད་ཚད་འོད་སྣང་གིས་སྦྲེལ་བས།

ནུ་འབུར་འདིས། སུ་ཞིག་ལ་བརྩི་བཀུར་བྱེད།

བྷ་གའང་ཅི་ཞིག་གིས་ཕམ་པར་རྒྱག (1999.2.20)

༢༠

ངས་རང་ཉིད་བཞུགས་ཁྲི་མཐོན་པོ་ཞིག་ཡིན་པར་གླེང་། (1999.2.25)

༢༡

ང་ལ་མཚོན་ན། སྒེའུ་ཁུང་ནི་ཡོད་མི་འོས་པ་ཞིག་རེད་དང་།

སྒོ་མོ་ནི་གཏན་དུ་ཕྱེ་ཆོག་པ་ཞིག་ཡིན། (1999.3.1)

༢༢

འདྲེ་གཅིག་བཟུང་བྱུང་། འདྲེ་གཞན་ཞིག་ཀྱང་བཟུང་བྱུང་།

བཙོན་ར་ལྷོག་ལྷོག་ཏུ་འཕྱུར་དུས།

ངས་ཁྱོད་ལ་བྱ་དགའ་སྤྲོད། ཉེན་རྟོག་པ། (1999.3.15)

༢༣

གཤོག་པ-----རང་སེམས་ཀྱིས་དབུལ་ཕོངས་ལ་སྤྲིངས་པའི་འཕྲིན་ཡིག

རྒྱན་ཆ-----དབྱངས་ཡིག་བསྟར་བའི་ཚེ་སྲོག་གི་རོལ་ཆ།

རྨི་ལམ-----སྤྱང་ཀི་ཁོ་ནས་དཀྲོག་གིན་པའི་དུས་ཚིགས།

དེ་ལས་གཞན ནས་ཆང་སྙོལ་བྱེད་ཀྱི་ཤ་ཁྲག་ཀྱང་ཡོད། (1999.4.29)

༢༤

ངས། རང་ཉིད་ཀྱི་འབྱུང་ཁུངས་འཚོལ་བ་ཇི་བཞིན།

ཁང་མིག་འདིར་ཡང་ཡང་མྱུལ་ཞིབ་བྱས་ཤིང་།

སྲོག་གཅོད་ཀྱི་གྲི་ཆུང་རང་གི་བྲང་གཞུང་ལ་བརྡར། (1999.5.1)

༢༥

མེ་ཏོག་དེའི་བདག་མོ་གནས་ལ་འགྲོ་ཁར།

ངས་གླིང་བུ་འབུད་བཞིན་ཐག་རིང་ལ་བལྟས་བསྡད།

བག་རྟའི་རྨིག་རྗེས་ཀྱིས་བཏོད་པའི་ལམ་བུ་ཕྲ་མོ།

ཁོ་མོའི་གློ་མདོག་གི་སྐ་རགས་ཡིན་སོང་། (1999.5.25)

༢༦

ཁྱོད་ཀྱི་སྒེའུ་ཁུང་གི་ངོགས་སུ་ཡུན་རིང་བཏགས་པའི།

ཟླ་བ་སྒོར་མོ་དང་ཁོ་བོའི་དོན་ལྔ་སྣོད་དྲུག

སྤང་ཐང་གི་ཤོག་བུའི་ངོས་སུ་ཡིག་འབྲུར་གྱུར་ཏེ།

ཚ་དྲོད་འབར་བའི་བརྩེ་འཕྲིན་གྱི་གཤིས་སུ་གྲུབ། (1999.6.7)

༢༧

ཉི་འོད་ལ་རིག་པ་ཀློང་དུ་བརྡོལ་ཟིན།

མིའི་མིག་གིས་གངས་རིར་བལྟར་མི་བཟོད་པའི་དུས་སུ།

རྦབ་ཆུ་དང་ཁྱོད་ཀྱི་སྐྲ་ལོ་ཇི་འདྲའི་མཛེས།

བརྩེ་གཞས་དེས་ཟམ་པ་དག་ལྡེམ་ལྡེམ་དུ་བསྒུལ་བས།

ངས་ཡུལ་ལྗོངས་འདི་ཁོང་དུ་ཆུད་དཀའ། (1999.7.17)

༢༨

ཁྱོད་ཀྱིས་ཉལ་ཐ་རྔུབ་བཞིན་གླལ་མོ་ཞིག་བྱས་པས་ཀྱང་།

ཡུལ་གྱར་བའི་ལྷམ་དང་རྡོག་ཁྲེས་ཇེ་ལྗིར་འགྲོ་ལ།

མི་སེམས་བསླུ་བྱེད་ཀྱི་དཔལ་འབར་ཡང་གཏན་དུ་ཞི་བར་གྱུར།

ཁྱོད་ཀྱིས་ང་ལ་གླེང་བ་ཉམས་མྱོང་ངམ་འབེལ་གཏམ་ཉག་གཅིག་ཡིན་རུང་།

ངས་ཤ་ཁྱི་ཞིག་ཁྲིད་འོངས་ནས་ཁྱོད་ཀྱིས་མ་རྙེད་པ་ཐམས་ཅད་འཚོལ་ངེས།

༢༩

རང་ཅག་གི་བར་དུ་འབྲེལ་བ་མེད་པ་ཤེས་སོང་།

སླར་ཡང་མཇལ་དུ་ལོག་ནས་མིག་ཟུང་བཙུམས་དུས།

གྲོན་ཆུང་བྱས་པའི་དུས་ཚོད་སྔར་གནས་སུ་ཁེགས་འདུག

རེ་སྒུག་བྱེད་སའི་གསེར་དངུལ་དེ་གང་ནའང་མི་འདུག (1999.11.16)

༣༠

ཁྱོད་ནི་ཡོལ་བ་དང་བདག་ནི་དེའི་རྒྱབ་ཀྱི་གར་མཁན་ཏེ།

མིག་ཟུང་དང་ཐལ་སྒྲ་རླུང་ལྟར་འཚུབ་ཀྱང་།

རང་ཅག་གིས་འཁྲབ་སྟོན་གྱི་མཚམས་འཇོག་མི་རུང་། (1999.11.26)

༣༡

དུས་སྐབས་འདི་སུ་ལ་མཚོན་ནའང་སྐྱོ་གདུང་ཆེ་ཤོས་སྟེ།

མིག་ཆུ་ཙམ་ཕྱུང་བ་ལས་སླ་མོ་ཟད།

བདག་གི་གྲིབ་མ་ཡིན་པའི་སྣུམ་ཟད་ཀྱི་མར་མེ།

སྦྲ་ཕུགས་དེར་ལྷབ་ལྷུབ་འབར་དུས་ཁྱོད་ཀྱིས་རིན་ཐང་ཞིག་རྙེད་དམ། (1999.11)

༣༢

མཛའ་མོ་ཡ། ཡིག་འབྲུ་རེ་ནི་དྲོད་མ་ཡལ་བའི་ཁྲག་ཐིགས་རེ་ཡིན་ན།

བདག་གིས་རང་ལུས་ཀྱི་ཟུངས་བཅུད་ཡོད་ཚད་ཁྱོད་ལ་བསྐུར་ཟིན།

༣༣

ཁྱོད་ཀྱིས་ངེས་པར་དུ་ཤེས་སྲིད་དེ།

མ་ཡུམ་གྱི་འདས་མཆོད་ལ་ཞུགས་རྒྱུ་ནི།

ང་ཚོ་མ་ཤི་གོང་གི་རླབས་ཆེ་ཤོས་ཀྱི་ལས་ཀ་ཡིན། (2000.1.26)

༣༤

ཟླ་བ་རྨས་མ་ལྟར་ཡི་ཐང་ཆད་པའི།

མཐའ་མཇུག་གི་མར་མེ་གློ་བུར་ཟིམ་པར་གྱུར།

ཁྱོད་ཀྱིས་བཀྲེས་སྐོམ་དང་མཉམ་དུ་ཁྲེལ་དགོད་ཅིག་བྱས།

འཁོར་བ་ནི་མ་གཞི་ནས་ཁང་སྟོང་ཞིག་ཡིན། (2000.2.3)

 ༢༠༠༡ལོའི་ཟླ༡༢པར་དག་བསྒྲིགས་བྱས།

(སྐད་འཕྲིན་ལས་བཤུས།)  

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།