ཀྲུང་གོ་བོད་ཀྱི་དྲ་བ།

དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་འཁོར་སོ་གཉིས་འཁོར་བའི་ཆེད་སྒྲིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20171130152846.jpg

ལོ་ངོ་སུམ་ཅུ།

      ---༡༩༨༥ལོའི་ཟླ༡༡ཚེས༢༩ཉིན་རྐྱེན་ལམ་དུ་སོང་སྟེ་ལོ་ངོ་སུམ་ཅུ་འཁོར་བའི་དཔལ་དོན་གྲུབ་རྒྱལ་དྲན་པ།

སྨྲེང་བུ།

        བརྗེད་དཀའ་བའི་ལོ་ངོ་སུམ་ཅུ། 

        དྲན་སླ་བའི་ལོ་ངོ་སུམ་ཅུ།

        ལོ་ངོ་སུམ་ཅུའི་སྔོན་གྱི་དེ་རིང་གི་ཉིན་མོ་ནི། ཁྱེད་རང་གིས་སྔོ་སང་སང་གི་ནམ་མཁའ་ལ་གཟིགས་ཐེངས་མཐའ་མ་དེ་གནང་སྟེ་གྲོགས་མེད་ཁེར་རྐྱང་དུ་བུད་སོང་། བསིལ་བསིལ་རླུང་བུ་ལྡང་བའི་བར་སྣང་གི་ཁམས་སུ་དབུགས་ཀྱི་འབྱིན་རྔུབ་མཐའ་མ་དེ་བསྐྱིལ་ཏེ་ཕྱི་མིག་མ་བལྟས་པར་བུད་སོང་། སྐྱ་ཐིང་ཐིང་གི་ས་གཞི་ལ་ཞབས་རྗེས་མཐའ་མ་དེ་བཞག་སྟེ་ལྗིད་ཏིག་ཏིག་གིས་བུད་སོང་།

        ལོ་ངོ་སུམ་ཅུའི་སྔོན་གྱི་དེ་རིང་གི་ད་ཚོད་ལ། 

མཚོ་སྔོན་པོའི་ནམ་མཁའ་སྔར་བཞིན་སྔོ་སང་ངེར་ཡོད་འདྲ།  མཚོ་སྔོན་པོའི་བར་སྣང་ལ་སྔར་བཞིན་རླུང་བུ་བསིལ་བསིལ་ཞིག་ལྡང་བཞིན་ཡོད་འདྲ།  མཚོ་སྔོན་པོའི་ས་གཞི་སྔར་བཞིན་སྐྱ་ཐིང་ངེར་ཡོད་འདྲ། གནས་སྐབས་འདིར། ཁྱེད་རང་ཁང་མིག་ཆུང་ངུར་བསྡད་དེ་ཨ་རག་ཕོར་གང་བཟུང་སྟེ་ཅི་ཞིག་ལ་བསམ་བློ་གཏོང་བཞིན་ཡོད་དམ། ཡང་ན་ཕྱི་རོལ་གྱི་ཁྲོམ་ར་དང་སྲང་ལམ་གང་རུང་དུ་ཐ་མག་རྐང་གཅིག་རྔུབ་བཞིན་འཆམ་འཆམ་དུ་འགྲོ་བཞིན་ཡོད། གནས་སྐབས་དེར། གལ་སྲིད་མགྲོན་པོ་གལ་ཆེན་ཞིག་ཡོང་སྟེ་ཁྱེད་ལ་གནས་ཚང་ཞིག་གཡར་ཡོད་ཚེ། གལ་སྲིད་ཁྱེད་ཀྱིས་གློ་བུར་དུ་ཨ་མ་དྲན་དྲགས་ཏེ་སྐོར་ཅིག་རྒྱག་འདོད་ཀྱི་འདུན་པ་འགོག་མེད་ཅིག་སྐྱེས་ཡོད་ཚེ། གལ་སྲིད་ཁྱེད་ལ་བྱ་བའི་ལས་གནས་སྤོར་བའི་བརྡ་ལན་དེ་ཉིན་གཅིག་གི་སྔོན་ལ་འབྱོར་ཡོད་ཚེ། •••••• 

        ག་ལེ་ག་ལེར་ནམ་མཁར་སྐར་མ་གཅིག་ཤར་གཉིས་ཤར། ས་གཞི་མུན་པས་གཡོགས་སོང་། བར་སྣང་གི་རླུང་བུ་བསིལ་བསིལ་ལྡང་། གཟིམ་ཁང་གི་སྒྲོན་མེ་དཀར་འཚུབ་བེར་ནག་འཚུབ་བེར། གནས་སྐབས་འདིར་ད་དུང་མགྲོན་པོ་ནི་མ་སླེབས། བརྡ་ལན་ནི་མ་འབྱོར། ཨ་མ་དྲན་ཡོད་མེད་ནི་ཅི་ཆ། གནས་སྐབས་འདིར། ཁྱེད་ཀྱིས་མིག་གིས་ཅི་ཞིག་མཐོང་ངམ། རྣ་བས་ཅི་ཞིག་ཐོས་སམ།  སེམས་སུ་ཅི་ཞིག་དྲན་ནམ། 

        མར་ངོའི་ཟླ་བ་ནུབ་ཕྱོགས་སུ་འཛུམ་ཙམ་འཛུམ་ཙམ། སྐར་མདའ་ཞིག་སྐྱ་འཚུབ་བེར་ཤར་ཕྱོགས་སུ་ལྷུང་སོང་། ཡོད་ཚད་ལྷིང་འཇགས་སེ་ཡོད་དུས། མཚོ་སྔོན་པོ་གཅིག་པུ་ད་དུང་གཉིད་མི་འདུག

       སྐྱ་རེངས་ཇེ་གསལ་ནས་ཇེ་གསལ། སྔོ་སང་སང་གི་ནམ་མཁའ། སྐྱ་ཐིང་ཐིང་གི་ས་གཞི། བསིལ་བསིལ་ལྡང་བའི་རླུང་བུ•••••• ཁྱེད་རང་བཞུགས་པའི་གཟིམ་ཁང་གི་སྒྲོན་མེ་གཏན་དུ་གཟིམ་སོང་། ཚིག་གཅིག་གིས་བཤད་ན།  ཡུན་ཐུང་ཚེ་ཡི་ཕ་མཐར་གཏུགས་དུས་ཁྱོད་ཀྱི་ལྗིད་ཏིག་ཏིག་ངང་དང་། སྐྱོ་ལྷང་ལྷང་ངང་ལུས་ཀྱི་བདེ་བ་དང་། སེམས་ཀྱི་རེ་བ་བཅོལ་ས་ཉག་གཅིག་ནི་སྔར་བཞིན"རྦབ་ཆུ"དང་། "དྲི་བཞོན" "གཞུང་ལམ"གསུམ་ཡིན་འདུག

      རང་ལ་མཚོན་ན། ལང་ཚོའི་རྦབ་ཆུ་དང་རྐང་ལམ་ཕྲ་མོ་ནི། ལོ་ངོ་སུམ་ཅུའི་རིང་ལ་ཕ་མ་དང་ཆུང་མ། བུ་ཕྲུག་གི་འཕྲོར་གླེང་ཐེངས་ཆེས་མང་ཞིང་། ན་ཟུག་ཆེས་ལྕི་བའི་བརྗོད་བྱ་ཞིག་ཏུ་གྱུར་ཡོད་ཨང་། 

       བརྗེད་དཀའ་བའི་ལོ་ངོ་སུམ་ཅུ། 

        དྲན་སླ་བའི་ལོ་ངོ་སུམ་ཅུ།

 ཞེས༢༠༡༥ལོའི་ཟླ༡༡ཚེས༢༩ཉིན་གྱི་ཕྱི་དྲོར་དབུས་ཀྱི་བུམ་པ་རིའི་འདབས་ཞོལ་དུ་དྲན་གསོའི་ཚུལ་དུ་སྦྱར་བ་འདིས་ཀྱང་ཁ་བ་རི་པའི་རྩོམ་རིག་གི་འཕྲིན་ལས་དར་བའི་རྒྱུ་རུ་གྱུར་ཅིག་གུ།

རང་གྲོལ་རྗེས་སུ་དྲན་པ།

 སྨུག་པོ།

རང་ཉིད་ཀྱི་ཚེ་སྲོག་གིས།

ཞོགས་པའི་སྐྱ་རེངས་བསུས་པ།

དུས་ཀྱི་ལུང་བསྟན་ཡིན་ནམ།

མང་པོ་ཞིག་གཉིད་ལས་སད་ཡོད་དམ།

ངའི་དོགས་པ་ག་དུས་གཅོད།

མི་ལོ་སུམ་ཅུ་འགོར་སོང་།

དཀར་གསལ་གྱི་ཟླ་བ་འོད་ཏུ་འཚེར།

སྤྲིན་དཀར་གྱི་འདབ་མ་ལང་ལོང་གཡོ།

རི་བོའི་ཕ་རྒྱབ་ན་གཉིད་དུ་ཡུར་བ་དག

ད་དུང་མུན་པའི་གཏིང་རིམ་ན་ལུས་པ།

ཁྱེད་ཀྱིས་ག་ལ་ཚོར།

མི་རྟག་སྒྱུ་མའི་རྨི་ལམ་དུ།

ལམ་གྱི་སྣེ་མོ་ཟིན་པ་དག་གིས།

རྐང་ལམ་ཕྲ་མོ་དེ།

ལོ་རྒྱུས་ཀྱི་གཡང་ལ་སྐྱུར་བ།

སྤྲུལ་སྐུའི་ལུང་བསྟན་དུ་བབས་ཡོད་དམ།

སད་ཀྱིས་བཅོམས་ཟིན་པ་མེ་ཏོག་མིན།

ཤ་རུས་ཀྱི་བརྩེ་དུང་འདྲེས་པའི།

སྲིད་པའི་ཟློས་གར་ཅིག་སྟེ།

གར་སྟེགས་འདིར།

ལ་ལས་ཁྱོད་ཀྱི་ཞབས་རྗེས་བཙལ།

ལ་ལས་ཁྱོད་ཀྱི་གྲིབ་གཟུགས་བཙལ།

ཤོག་བུ་གསར་བའི་ཕོ་བྲང་དུ།

སྨྱུག་གུའི་གོ་ཆ་ཐོགས་པ་ཚོ།

ཁྱེད་ཀྱི་ཚེ་སྲོག་གིས་སྦྲུམ་པའི།

སྡེབ་སྦྱོར་སེར་པོའི་དབྱངས་རྟ་འདི་ལས།

ནམ་ཡང་བརྒལ་མ་ཐུབ།

༢༠༡༧ལོའི་ཟླ༡༡ཚེས༢༩ཉིན།

སྙན་ངག་གི་རྒྱལ་སྲས།

རླུང་གཤོག(ལི་ཐང་།)

ནམ་རྒྱུན།

སེམས་སུ་སྐྱོ་ལྷང་ལྷང་གི་ན་ཟུག་གིས་བསྐྱོན་དོན་ཅི།

མཚན་མོ་ལ་འཁྱགས་སིབ་སིབ་ཀྱིས་སྙན་ངག་འབྲི་དོན་ཅི།

དྲོད་ལྡན་གྱི་ཁྱེད་རང་གྲང་ཤུར་ཤུར་གྱིས་དྲན་དོན་ཅི།

ཁྱེད་རང་འདའ་ཁའི་ཞལ་ཆེམས་དེ།

མི་ཡུལ་ལ་ཕུལ་བའི།

ཆེས་མཐའ་མཇུག་གི་ལེགས་སྐྱེས་ཡིན་ལ་

ང་ཚོར་གནང་བའི་ཆེས་ཐོག་མའི་དྲན་རྟེན་ཡིན།

གཡུ་ཡི་དོ་ཤལ་བརྒྱན་པའི་སྙན་ངག་གི་བུ་མོ་ལ་

འཁྲིག་པ་ཡིད་ཚིམས་པ་ཞིག་སྤྱད་དེ་

རྒྱང་རིང་ནས་རྒྱང་དུ་བཞུད་སོང་།

སད་ཀྱིས་བཅོམ་པའི་མེ་ཏོག་རྐང་གཅིག་དེ་

ཁྱེད་ལ་ཆེས་བློ་དཀར་བའི་ལམ་གྲོགས་ཡིན།

ལང་ཚོ།  ཚེ་སྲོག   ལ་རྒྱ།   ང་རྒྱལ།

མི་བུ་ཞིག་གི་འཚོ་གནས་ཀྱི་སྙིང་བོ་དང་།

བླ་ན་མཐོ་བའི་དད་པ་ཡིན་སྲིད།

ཡིན་ནའང་།

ཡོད་ཚད་མི་རིགས་ལ་བཅོལ་བ་ནི

ཆེས་རྔམ་པར་བརྗེད་པའི་སྤོབས་པ་དང་སྙིང་སྟོབས་སོ།།

ཁྱེད་ནི་ལོ་རྒྱུས་ཀྱི་རྡོ་རིང་སྟེ། ཁྱེད་རང་དྲན་འོས།

ཁྱེད་ནི་རིག་པའི་དཔའ་བོ་སྟེ། ཁྱེད་ལ་དད་འོས།

ཁྱེད་ནི་སྙན་ངག་གི་རྒྱལ་སྲས་ཏེ། ཁྱེད་ལ་བསྟོད་འོས།

སྐུ་ཞབས་ལགས།    ཁྱེད་རང་དྲན།

སྐུ་ཞབས་རང་གྲོལ་ལ་རྗེས་དྲན་གྱི་ཚུལ་དུ་སྦྱར་བ་དགེའོ།། 

 ༢༠༡༧.༡༡.༢༩ཉིན།

 ཁྱོད་རང་བཞུད་པ་སྔ་སོང་།

ཨ་ཚོགས་བློ་བཟང་མཁས་བཙུན།

    ཁྱོད་རང་བཞུད་པ་སྔ་སོང་། ཡང་ན་བཞུད་པ་འཕྱི་དྲག་སོང་། ཡིན་ནའང་། ཡོད་ཚད་སེམས་པ་ནང་བཞིན་ཏག་ཏག་ཡོང་མི་སྲིད། གནའ་བོའི་གནའ་བོ་ཞིག་ལའང་རང་རེའི་ཨ་མེས་ཤིག་གི་ཁ་དམ་དེ་ལྟར་གསུང་མྱོང་། ཉིད་ཀྱིས་ཀྱང་། ཡང་ན་ལོ་གསུམ་གྱིས་སྔས། ཡང་ན་ལོ་གསུམ་གྱིས་འཕྱིས་ཟེར་བ་འདྲ་བོའི་ཡིག་འཇོག་ཀྱང་གནང་ཡོད་རབས་ཐོས་ཀྱང་། མཐོང་མ་མྱོང་བདེན་ཤས་ཆེ། ལ་ལས་ཉིད་ཀྱི་བཙན་ཐབས་ཀྱི་གཤེགས་བཞུད་དེ་འགྲོ་དོན་ཁོ་ནའི་ཆེད་ཡིན་ཟེར། ཡང་ལ་ལས་གཞན་དུ་བཤད་ཀྱང་། རིགས་འདི་ལ་མཐའ་གཅིག་ཏུ་ལྷུང་བའི་སྲོལ་དང་ལམ་ཁ་དེ་མེད་པས། ཚང་མས་མཐའ་གཅིག་ཏུ་བདེན་ཁ་སྟེར་མི་སྲིད་ལ་མི་བདེན་པར་ཡང་སྨྲ་མི་ཕོད་དེ། ཉིད་ལ་རི་བརྒྱུད་འདྲ་བའི་དཔང་དངོས་ཡོད་ཅིང་། ཡང་ན་ཉི་མ་འདྲ་བའི་བདེན་པའང་ཡོད་སྲིད། གང་ལྟར་ཁྱོད་ཀྱི་གཤེགས་བཞུད་ལ་གྲག་སྐད་ཆེ། སྐད་པ་བྲག་ལ་མཆེད་ཅིང་ལུང་ལ་འབྱམས། ཐམས་ཅད་དཀྲོགས་ཤིང་ཀུན་པོ་བསྩངས། དགུན་ཟླ་ར་བ་དེར་དབྱར་ཟླ་ར་བ་ནང་བཞིན་འབྲུག་ལྟར་གྲགས་སོང་། ད་ལྟའང་སྔ་མ་ནང་ལྟར་གྲག་བཞིན་མཆིས། ཁྱོད་བཞུད་སྔ་སོང་ཟེར་བ་ནི་ཉིད་ཀྱི་ཕ་ཤུལ་བུ་འཛིན་ལ་རྩོད་པ་ཅན་དུ་གྱུར་བས་ཡིན་ཞིང་། འཕྱི་སོང་ཟེར་བ་ནི་ཐང་བུ་བརྡོལ་ཕྲུག་གིས་ས་སྟེང་ཁྱབ་སྟེ་ཡོད་པས་རེད།

དོ་ནུབ་ཁྱེད་དྲན་བྱུང་།

ཞོགས་སྣང་བ།

དགུན་གཞུང་འདིར་གྲང་ལྷགས་ཀྱིས་གཙེས་ནས།

ལུས་ལ་འཁྱག་འདར་རྒྱག་བཞིན།

སེམས་སུ་དྲན་གདུང་གིས་མནར་བཞིན།

སྐྱེས་ཆེན་ཞིག་གི་བཞད་བཤུལ་ཡང་ཡང་དྲན་སོང་།

དཔལ་དོན་འགྲུབ་རྒྱལ་ལགས།

དོ་ནུབ་ངས་ཁྱེད་ཀྱི་རྣམ་ཤེས་འཚོལ་བཞིན།

ཡུལ་གང་དུ་འགྲོ་དགོས་པ་ཤེས་མ་སོང་།

རྐང་ལམ་ཕྲ་མོ་ལས་བཙལ་ཡང་།

ཁྱེད་ནི་ལམ་གཉིས་ཀྱི་སུམ་མདོ་ལས་ལངས་ནས།

རང་དབང་མེད་པར་གཞུང་ལམ་གྱི་ཕྱོགས་སུ།

གོམ་པ་སྤོས་པ་ཡང་དྲན་སོང་།

ཡང་ན་ཁྱེད་ནི་རྐང་ལམ་ཕྲ་མོར་ལས།

ཐེངས་དང་པོ་དཔེ་ཁུག་རྒྱབ་ལ་ཁུར་ཏེ།

སློབ་གྲྭར་སོང་བ་ཡང་ཁྱེད་ཡིན།

དོ་ནུབ་ཁྱེད་ཀྱི་ཡོད་ཚད་དྲན་བྱུང་།

ཁྱེད་སོང་བཤུལ་ལས།

ངས་ཁྱེད་ཀྱི་རྐང་རྗེས་མ་གཏོགས་ཅི་རྙེད་མ་སོང་།

       ༢༠༡༧ལོའི་ཟླ༡༡པའི་ཚེས༣༠ཉིན།

མཐོ་སྒང་གི་སྐར་མདའ།

འབའ་ཁུ་ལོ། 

ཁྱེད་ཀྱི་ཕ་ཡུལ་ནི་རྨོངས་མུན་གྱི་རྔམ་ཁ་མཐུག་ས་སྟེ།

ཁྱེད་རང་འཚོ་གནས་ཀྱི་ཁོར་ཡུག་ཀྱང་།

རྨོངས་མུན་གྱི་རྔམ་ཁ་མཐུག་ས་ཡིན། 

ཁྱེད་ནི་རྣོ་དབལ་གྱི་རལ་གྲི་སྟེ། 

མུན་ནག་གི་ཡོལ་རས་གནས་ལུགས་ཀྱིས་གཤག་མཁན་ཡིན།

སྙུ་གུའི་སྟོབས་ཤུགས་ཀྱིས་མི་ཚོགས་བསྒུལ་ཞིང་།

བསམ་བློའི་སྟོབས་ཤུགས་ཀྱིས་མཁས་ཚོགས་འདར་དུ་བཅུག་པའི་གངས་ལྗོངས་ཀྱི་གཞོན་ནུ། 

སྨག་ནག་པའི་ཕ་ཡུལ་ལ་ཚེ་སྲོག་གིས་དུང་བརྡ་བརྡབ་པའི། 

སྐར་མ་འོད་ཆེན། 

སྙིང་སྟོབས་ཀྱི་སྨྲ་ལྕེ་གློག་ལྟར་འཁྱུག་པའི།

བརྟན་བརླིང་གི་གོམ་ཁ་མདའ་ལྟར་དྲང་བའི། 

ན་སོ་སུམ་ཅུ་ལས་མེད་པའི་མཐོ་སྒང་གི་སྐར་མདའ།

མཚན་མོ་འདིར་ཅི་ཡང་བཤད་ན་འདོད་ཀྱང་། 

ཡང་ཅི་ཡང་མ་ཤོད་པའི་སྨྲེང་སྐྱོ་རུམ་སྟེ། 

ང་ནི་རྩིགས་ལྡེབས་སུ་བཀལ་བའི་ཁྱེད་ཀྱི་སྐྱ་མདོག་གི་འདྲ་པར་ལ་གྱེར་ནས་བསྡད་ཡོད།

མཚན་མོ་འདི་ཇི་འདྲའི་ནག་ཨང་། 

མཚན་མོ་འདི་ཇི་འདྲའི་ལྕི་ཨང་། 

                          2017/11/29ལ།



མི་ཡི་དོན་གྲུབ་རྒྱལ། ལྷ་ཡི་རང་གྲོལ།

——དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་འཁོར་སོ་གཉིས་ལོན་པའི་རྗེས་དྲན་དུ།

འཕགས་ཆེན།   (ཡུལ་ཤུལ)

རི་རབ་ཀྱི་མེ་ལོང་ལྟ་བུའི་ཁྱེད

དུས་ཚོད་ཀྱི་མགོ་དཀྲིས་ལྟ་བུའི་ཁྱེད

ཟླ་ཞུན་གངས་ལ་ཞུགས་པའི་སྙིང་ཁྲག་ས་ནས་ཁོལ

ཁྱེད་ནི་ས་ཆེན་གྱི་སྒལ་གཞུང་ལ་འགྲེངས་བའི་གསེར་གྱི་མི

དུས་ཚོད་སོང་སོང་ཡང་རྙིང་རྒྱུ་མེད་པ་དེ

ཅི་ཙམ་གླེང་ཡང་འཛད་རྒྱུ་མེད་པ་དེ

ཁྱེད་ནི་རྒྱ་མཚོ་ཞིག་རེད་ཨང

སྙན་ངག་པ།

མི་སེམས་ཀྱི་ནམ་མཁའ་ལ་གཤོག་པ་གྲངས་མེད་བྲིས་ཏེ

ཉི་མའི་ཁ་དཀྲིས་ལྷོད་རྗེས

ཆགས་སྡང་གི་ཉིན་སྲིབ་གཉིས་བརྒལ་ཕོད་མཁན་ནི་ཁྱེད་ཁོ་ན

ད་ལྟ་རྨི་ལམ་གྱི་གངས་རི་དཀར་ཞིང་བརྗིད

འཆར་ཡན་གྱི་རྩྭ་ཐང་ཁོད་ཅིང་ཡངས

མི་ཡི་དོན་གྲུབ་རྒྱལ

ལྷ་ཡི་རང་གྲོལ

རྨོངས་ཞེན་གྱི་དྲྭ་རྒྱ་བཅད་དེ

ཐ་སྙད་ཀྱི་རྫ་བུམ་བཅག་ཏེ

རྙིང་སོང་གི་ལོ་ཟླ་རུལ་མྱགས་བརྒལ་ཏེ

བསྐྱར་བཟློས་ཀྱི་བྲག་ཅ་ལྷ་མོ་བསྐྱུར་ཏེ

ཁྱེད་ནི་སྔོན་ཞིག་ནས་འཕུར་སོང

2017/11/30ཉིན་ཟུར་མང་ལྔ་རིག་གཙུག་ལག་སློབ་གླིང་ནས་བྲིས།

རང་གྲོལ་དྲན་ཚུལ།

 རྔ་འོད། ( རྔ་བ། )

ཉིན་མོ་དེར

གངས་རིའི་འདབས་ནས་སྙན་ངག་པས་ང་རོ་བསྒྲགས

བློ་གཤོག་གིས་མི་རིགས་ཤིག་གི་བདེ་སྡུག་རུམ

ཆག་སྒོ་ཡི་ཐ་སྙད་རེ་རེ

སེམས་ཀྱི་གཏིང་དུ་ཁ་བ་བཞིན་ལྷབ་ལྷུབ་བབས

མནར་གཅོད་ཀྱི་སྡུག་བསྔལ་ལྗིད་པོ་ཞིག

བཟོད་མེད་ངང་ཕྱོགས་བཞི་ལ་གཤར

མི་རིགས་ཤིག་ཉམས་རྒུད་དུ་གྱུར་བའི་དུས་སུ

མི་རིགས་དེའི་སྙན་ངག་གིས

འགྱུར་ཁུག་ལྷང་ལྷང་གི་སྤྲོ་གླུ་བླངས་ནས་བསྡད་ན

ཅི་འདྲའི་ཡིད་ཚིམ་མི་སྲིད་པའི་ཉི་འོད་རྨས་མ་ཞིག་རེད་ཨང


ཉིན་མོ་དེར

སྙན་ངག་པས      སྨྱུག་རྩེ་ནས་འཆོར་བའི་ལ་རྒྱལ

གངས་ཅན་པའི་ཐང་ཆེན་དུ་ལྷུང

ངའི་མིག་ཆུ་ཁྲི་ཤོར་རྒྱལ་མོ་དང་བསྲེས

ངས་ད་དུང་སྐད་གདངས་མཐོན་པོས་དབྱངས་སུ་གྱེར

ལོ་རྒྱུས་ཀྱི་གཏམ་རྒྱུད་ཇོ་མོ་གླིང་མའི་ངོས་སུ

ངས་རྔུལ་ཆུ་རྣག་ཁྲག་བཅས་འཛར་ཡང

ང་སྔར་བཞིན་རྒྱུགས

སྙན་ངག་གིས་མི་རིགས་སྐྱོབ་མི་ཐུབ་ནའང

སྙག་ངག་གིས་མི་རིགས་ཀྱི་བསམ་བློ་སྐྱོབ་ཐུབ

སྙན་ངག་པའི་རྟུལ་ཕོད་ཀྱི་འོ་མ་དཀར་པོས

ངའི་ནར་སོན་གྱི་ལོ་ཟླ་སྐྱེལ་མྱོང


དེའི་རྗེས་སུ

སྙན་ངག་པ་རླུང་བུ་ཞིག་གིས་ཁུར་ནས

རྒྱང་རིང་གི་འཚོ་བ་ལ་ཐིམ་སོང

མཛེས་སྡུག་གི་རྩྭ་ཐང་དང

རྟ་ནོར་ལུག་གསུམ་འཛོམས་པའི་ཕ་ས་བྲལ

ངས་ཁྱེད་ཉིད་དྲན་ཕྱིར

སྙན་ངག་གི་ཚིག་རྐང་རེ་རེ

གཡུ་འབྲུག་སྔོན་མོའི་ངར་སྒྲ་བཞིན་བཀླགས

ངའི་སེམས་ཀྱི་སྙན་ངག་པས

ཁོར་ཡུག་གཞན་ཞིག་ནས་ཕ་ས་ཕ་ཡུལ་ལ

སྙན་ངག་གི་མཆོད་པ་འབུལ་བཞིན་མཆིས

ང་ཞེན་པའི་སྙན་ངག་པ་རི་མོ་ཞིག་བྲི་ཚེ

ངའི་སེམས་ཀྱི་གཏིང་རིམ་ན

མེ་རི་ཞིག་འབར་བཞིན་འདུག

སྐུ་ཞབས་རང་གྲོལ་ལ་རྗེས་དྲན་གྱི་ཚུལ་དུ་སྦྱར་བ་དགེའོ།།

2017/ 11/29

ང་མེ་རུ་སྦར་མཁན་དེ་སུ་རེད།

——རང་གྲོལ་རྗེས་སུ་དྲན་པར་ཕུལ་བ།

         ཁྲི་སྐལ་བཀྲ།

དོ་ནུབ། རྨི་ལམ་གྱིས་བསྙལ་བའི་ཞིམ་ཆང་དེ་བཞེས་ཡོད།

དོ་ནུབ། ཉི་ནུབ་ཀྱིས་གཤགས་པའི་གོང་བ་དེ་བཙེམས་ཡོད།

མུན་ཧ་ཅང་ནག་རུང་རླུང་བུ་ཁེར་རྐྱང་ཡིན།

ཟླ་འོད་ཤིག་ཙམ་ལས་མེད་ཀྱང་རྣམ་ཤེས་རི་རབ་ཙམ་ལུས་ཡོད།

ང་ལ་དྲག་ཏུ་ལྡིང་བའི་སྙིང་གསོན་པོ་འདུག

ང་ལ་ཆལ་ཆིལ་དུ་འབབ་པའི་རྦབ་ཆུ་ཡོད།

ང་ལ་ལང་ལོང་དུ་འཕྱུར་པའི་སྤྲིན་དཀར་གྱི་འདབ་མ་ཡོད།

ང་མེ་རུ་སྦར་མཁན་དེ་སུ་རེད།

དོ་ནུབ། ངག་ན་སྐུང་བའི་གླུ་གཞས་རྫོགས་མེད་དེ་སྤུངས་ཡོད།

དོ་ནུབ།  ཁྱིམ་ན་ཉར་པའི་སྙན་ངག་སྒྱོ་གང་དེ་ཁུར་ཡོད།

གྲང་ངར་སྟ་རེ་འདྲ་རྣོ་རུང་གླིང་བུ་ཁེར་འབུད་ཡིན།

རྒྱུ་སྐར་གཉིད་དུ་ཤོར་ནའང་ཨུ་ཚུགས་དགུ་མདུད་ཙམ་བརྒྱབ་ཡོད།

ང་ལ་རྩོམ་རིག་གི་མུན་པ་སེལ་པའི་སྐྱ་རེངས་ཡོད།

ང་ལ་མདུན་སྐྱོད་ཀྱི་གོམ་པ་བསྒྱུར་སའི་རྒྱལ་ཁམས་ཡོད།

ང་ལ་གངས་ལྗོངས་ཀྱི་སྤྲིན་པ་ལྡིང་བའི་ལ་རྒྱ་ཡོད།

ང་མེ་རུ་སྦར་མཁན་དེ་སུ་རེད།

 2017ལོའི་ཟླ11པའི་ཚེས29ཉིན་གྱི་མཚན་མོ།



སྐུ་ཞབས་རང་གྲོལ་ལ་རྗེས་སུ་དྲན་པ།

རོལ་སྐུད།(ཛམ་ཐང་།)

དོན་གྲུབ་རྒྱལ

སྔ་དྲོ་ཞིག་ལ།  ས་སྒང་འདི་རུ།

ཕ་མཐའ་བྲལ་བའི་ཨ་སྔོན་གྱི་དབྱིངས་ནས་རྟག་ཏུ་འཚེར་བའི་སྐར་མ་འོད་ཆེན།

ཁྱེད་ཀྱི་རྣམ་དཔྱོད་ལ་དབུས་མཐའ་བྲལ་བའི་འོད་ཟེར་ལམ་ལམ་དུ་འཁྱུགས།

དོན་འགྲུབ་རྒྱལ། ཁྱེད་ཀྱི།

འགྲོ་མའི་རྟོག་འཆར་གྱི་གསེང་ན

བསམ་བློའི་མཚེར་སར་གྱི་ལྗང་ལོ་འཛུམ།

དོན་གྲུབ་རྒྱལ།

སྔ་དྲོ་ཞིག་ལ། སྲིད་པའི་རྫ་སྒང་ནས།

སེམས་ཤུགས་ཀྱི་ལྟ་བ་མཐོ་རུ་སྙེགས་པའི་སྐྱེས་ཆེན་རིག་པ་རང་གྲོལ།

ཁྱེད་ཀྱི། རྔམ་བརྗིད་ཀྱི་ལྗགས་ལས་ལེགས་བཤད་ལྷུག་ལྷུག་འབབ་པ་དྲན་འོང་།

དོན་འགྲུབ་རྒྱལ།

སྔ་དྲོ་ཞིག་ལ་གོ་ལའི་ཕང་བ་རུ།

རྒྱ་སྟག་ངར་མ་བཞིན། ནགས་ཚལ་སྟུག་པོའི་ཀློང་ནས།

སེམས་ལ་བཙན་ས་ཐོབ་པའི་ང་རྒྱལ་དང་དཔའ་མཛངས་ཀྱིས་བརྗིད་པ་དྲན་འོང་།

དོན་འགྲུབ་རྒྱལ།

ཁྱེད་ཀྱི་ཐོག་རེག་བྲལ་ཞིང་གཟི་བྱིན་འཕྱུར་བའི་ཤེས་རབ་ཞིག

ང་ཚོའི་མིག་དབང་གི་ཟིན་ཐབས་བྲལ་བའི་འཇིག་རྟེན་ཏུ་འཕོ་ཉུལ་བྱས།

ཁྱེད་ཀྱི་གླེགས་བམ་རེ་རེའི་བསུང་ཞིམ་ཁྲོད། འགྲོ་བ་མང་པོའི་ཞེ་སེམས་འབུས་པ་དྲན་འོང་།

རང་གྲོལ།

ཁྱེད་རང་ས་སྒང་གི་སྟེང་དུ་སྨིན་ལེགས་ལྡན་པའི་ལྗོན་པ་ཡིན་ཙ་ན།

ཁྱེད་རང་མི་མཐའ་དག་གི་སེམས་ཁོང་གི་བརླན་ཞིང་གཤེར་བའི་དུས་སུ།

ཁྱེད་རང་གོ་ལའི་ཕང་བ་རུ་རང་བྱུང་གི་སྐྱེད་ཚལ་དུ་འབུས་སྐབས།

ཁྱེད་ཀྱི་ལོ་ཏོག་གི་རྟོགས་བརྗོད་ཀྱང་བཀྲག་མདང་འཚེར།

ཁྱེད་རང་སྲིད་པའི་ས་ཆེན་འདིར་མཛེས་སྡུག་བཀྲ་བའི་མེ་ཏོག་ཡིན་ཙ་ན།

ཁྱེད་རང་སྐྱེ་འགྲོའི་ཡིད་ཁུད་ན་སྙོག་བྲལ་གྱི་འདབ་མ་ཡིན་དུས་སུ།

ཁྱེད་རང་ས་ཆེན་གྱི་སྟེ་བར་ཁ་དོག་སྣུམ་པའི་འཁོར་ཡུག་ཏུ་བཞད་སྐབས།

ཁྱེད་ཀྱི་མེ་ཏོག་གི་རྟོགས་བརྗོད་ཀྱང་བསུང་ཞིམ་ལྡང་།

ཁྱེད་རང་ས་ཆེན་གྱི་བྲང་གཞུང་ན་དཔའ་སྙིང་ཅན་གྱི་རྒྱ་སྟག་ཡིན་ཙ་ན།

ཁྱེད་ཀྱི་འགྲོ་མའི་སེམས་ཁོང་ན་འཇིགས་པ་མེད་པའི་གཡུ་རལ་བསིག་དུས་སུ།

ཁྱེད་རང་རྫ་སྒང་ནས་ཚང་ཚང་འཁྲིགས་པའི་ནག་ཀླུང་དུ་འགྱིང་སྐབས།

ཁྱེད་ཀྱི་སྙིང་སྟོབས་ཀྱི་རྟོགས་བརྗོད་ཀྱང་དཔའ་མཛངས་ངར་སྐད་ལྡིར།

སྙིང་སྟོབས་དང་གསར་གཏོད་པ། སྙན་ངག་པ་དང་བསམ་བློ་བ་དོན་གྲུལ་རྒྱལ།

ཁྱེད་རང་བཞུད་པ་སྔ་དྲག་སོང་། དུས་ཚོད་ཀྱི་འཁོར་འགྲོས་མགྱོག་པས་ཡིན་ནམ།

ཡང་ན་གཟི་བརྗིད་ཀྱི་བསོད་ནམས་མ་བརྟན་པས་ཡིན། བདེ་བར་བཞུད་ཅིག །

  རྗེས་དྲན་གྱི་མགུར་མ།

 བུན་ཁྲང་རྡོ་རྗེ།  ༼ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།༽

“དཔལ”་དང་དགེ་བའི་ཚོགས་དག་རང་བཞིན་གྱིས་འདུ་བའི།།

“དོན”་དང་ཚིག་གི་ཆ་ཡང་བར་མེད་དུ་བརྡོལ་བའི།།

“གྲུབ”་འབྲས་མངོན་མཐོར་བརྩེགས་པའི་གཞུང་ལུགས་ཀྱི་བདག་པོ།།

“རྒྱལ”་བ་ཀུན་ལ་ཞབས་ཀྱི་སྤྱི་གཙུག་གིས་འདུད་དོ།།

རེ་བའི་འོད་ཅིག་འཆར་ཀའི་ཟོལ་འཛུམ་ལ་བརྗེ་དུས།།

བསོད་ནམས་ལས་ཀྱིས་ཕྲ་བའི་མངོན་ཤེས་དེ་མ་རྙེད།།

དགུ་རོང་ཡུལ་ནས་དགུ་ཚིག་ཐར་ཐོར་རེ་བཏུ་དུས།།

ངས་ཁྱོད་རིག་པ་གྲོལ་བའི་ངེས་ཤེས་དེ་རྙེད་སོང་།།

ཆུང་ངུ་ཆུང་ངུའི་དུས་ནས་ཁྱེད་ཉིད་ལ་ཅེར་བས།།

འཚོ་བ་ཧུབ་ཀྱིས་བཏུང་འདྲའི་ཞལ་རས་དེ་དྲན་འོངས།།

ལོ་ཟླས་བཟོས་པའི་རྒས་རིས་གྱ་གྱུ་དེ་དྲན་འོངས།།

དབུགས་ཀྱི་འཕར་སྒྲ་རེ་རེ་མངོན་སུམ་དུ་ཐོས་འོངས།།

གསུང་ཚིག་ཡན་ལག་བརྒྱད་ལྡན་ཆུ་གཏེར་གྱི་ཚོམས་ལ།།

ངང་ཚོགས་ཡིད་ཀྱིས་དགའ་ཞིང་ལྷན་ཅིག་ཏུ་རོལ་ཡོང་།།

བདེན་པའི་སྙིང་གཏམ་ཀ་ར་བུ་རམ་གྱི་ཉིང་བཅུད།།

རྣ་བའི་བུ་ག་དག་དུ་ཅིག་ཅར་ཏུ་སིམས་སོང་།།

རྩྭ་ཐང་དེ་ནས་གཏམ་རྒྱུད་ག་ཚོད་ཅིག་བྱུང་བ།།

དགོན་པ་དེ་ནས་འགལ་འདུ་ཅི་ཙམ་ཞིག་འཁྲུག་པ།།

འཚོ་བ་གཅེར་བུར་ཕུད་ནས་ཀེང་རུས་ལ་གཏུག་དུས།།

རྣམ་དཔྱོད་རལ་གྲིའི་སོ་དེ་ཇི་འདྲ་ཞིག་རྣོ་བ།།

ཡབ་མེས་བརྒྱུད་པའི་གཏམ་རྒྱུད་གང་མང་གི་ཁྲོད་ནས།།

ངས་ཁྱོད་གསར་བ་ཡིན་པའི་བདེན་ཁ་ཡང་སྟེར་ངེས།།

རྐང་ལམ་ཕྲ་མོའི་གཡས་ཟུར་གཡོན་ཟུར་ནས་འགྲེང་དུས།།

ཁྱེད་ལ་གདམ་གའི་ནང་གི་གདམ་ག་ཞིག་ཡོད་ངེས།།

ལང་ཚོའི་སྟོབས་ནི་རྦབ་ཆུའི་ང་རོ་ལ་འདྲེས་དུས།།

ཁྱེད་ནི་རང་དབང་རྙེད་པའི་རྒྱལ་སྲས་དེ་ཡིན་ངེས།།

ལྷབ་ལྷུབ་བསྐྱོད་པའི་དར་ལྕེ་དཀར་བོ་དེའི་འོག་ན།།

རང་ལ་ཐར་བའི་ལམ་ཞིག་ངེས་ཅན་དུ་རྙེད་འདུག།

ཁྱེད་རང་སྲིད་པ་གསུམ་གྱི་ཡང་རྩེ་ལ་བཀོད་ཀྱང་།།

བཞིན་དང་གཤིས་སོགས་ས་མལ་རྡོ་མལ་དུ་བྱས་ཡོད།།

ཁྱེད་རང་མི་ཚེའི་གཅོང་རོང་ཆེན་པོ་རུ་ལྷུང་ཡང་།།

ལུས་དང་རྣམ་ཤེས་ཁ་ཁ་སོ་སོ་ལ་ཕྱེས་འདུག།

སྙན་ངག་སྲིད་པའི་ཁྱོན་ན་འོད་ཆེན་དུ་འཚེར་བའི།།

བདེན་པའི་རྒྱལ་སྲས་རིག་པ་རང་ས་རུ་གྲོལ་མཁན།།

དོ་ནུབ་སྒྲོན་མེ་རྐང་གཅིག་སྔས་མགོ་ལ་བསྒྲོན་ཏེ།།

འཁོར་བའི་ཆོས་ཉིད་རུམ་ནས་རྨི་ལམ་ལ་ཆས་འགྲོ།

 ༢༠༡༧.༡༡.༢༩ཉིན

 སྙན་ངག་གི་རྒྱལ་སྲས།

རྔ་འོད། ( རྔ་བ། )

རྣམ་དཔྱོད་གཤོག་ཟུང་ཧི་མ་ལ་ཡི་ཡང་རྩེར་གནས།།

རིག་གཞུང་ཁྲི་ཤོར་རྒྱལ་མོའི་འོག་ནས་ང་རོ་འཕུར།།

མུན་པའི་ཁྲོད་ལ་འོད་སྣང་གསོན་པའི་ལག་རྗེས་ཕུད།།

མི་ཡུལ་ཁམས་འདིར་བཞད་པའི་རྩོམ་རིག་དེད་དཔོན་རྨད།།

ལྷག་བསམ་གངས་ལས་དཀར་བའི་སྙན་ངག་གསོན་པོ་འདི།།

ཕྱིར་རྗེས་རྡུལ་ཕྲན་གང་མང་སྦྱར་བའི་རྟུལ་ཕོད་ཅན།།

སྲིད་པ་འཇིག་བར་ཟུངས་ཁྲག་གངས་ལྗོངས་ཁྲོད་ལ་འཕྱུར།།

སྤྱི་ཚོགས་རྨོངས་འཐོམ་རྒྱལ་མཁན་སྙིང་གི་གཅེས་ནོར་རེད།།

རིག་པའི་གནས་བཅུ་དུང་ཞེན་སྟག་གཟིག་ཤ་གཟན་བཞིན།།

དབྱེེར་མེད་ཐ་སྙད་ཤ་དམར་ཟ་བའི་སྡུག་རུས་རྒོད།།

ལྟོ་འགྲངས་ཕྱུག་པས་ཁོག་པ་རིན་ཆེན་སྣ་བདུན་འགྱུར།།

རྗེས་རབས་རྣམ་དཔྱོད་འཁོར་ཕྱོགས་ཁོང་གི་རྗེས་སུ་སྙེགས།།

ང་ནི་ཁྱེད་ཀྱི་བདེན་ལུགས་ཕྱོགས་སུ་འཕུར་རྩལ་སྦྱངས།།

འགྱོད་པ་མེད་པའི་ལས་གནས་སྙན་ངག་རོལ་མགོ་བརྩམས།

རྒྱབ་རི་བརྟན་བརླིང་མཆིས་བའི་རྩོམ་རིག་སྐར་ཚོམ་དག།།

རྒྱ་མཚོ་འཕྱོ་ཡང་སུབ་པར་མེད་པའི་ངར་སྒྲ་ལྡིར།།

དུས་དེ་རིང་ཁྱེད་རང་མི་གླེང་སུ་ཞིག་གླེང་།

སོ་དུང་ཁྲག་ཐིགས།

མི་རབས་གསར་རྙིང་གཉིས་ཀྱི་དབྱེ་མཚམས་ནས་འགྲེང་ཤིང

རིག་གནས་གསར་རྙིང་གཉིས་ཀྱི་ལྟེབ་ཁུག་ནས་སྦྲུམ་པའི

མཛེས་སྡུག་ཡིད་འོང་གི་མེ་ཏོག་ཅིག

དགུ་རོང་ཉི་མ་དགུ་འཆར་གྱི་འཛིན་མའི་བྲང་ཁར་སྐྱེས་མྱོང

མེ་ཏོག་དེའི་མིང་ལ་རང་གྲོལ་ཟེར་ཞིང

རྩོམ་རིག་གསར་བའི་དེད་དཔོན་དུ་འབོད

རང་གྲོལ་ཟེར་བའི་སྐྱེས་བུ་དེར

གདོང་གཏོད་སྒྲུབ་ཕོད་ཀྱི་སྤོབས་པའི་མེ་དཔུང་ཡོད

སྙིང་རུས་བརྟན་པོས་རྐང་ལམ་གཞལ་བའི་ལོ་རྒྱུས་ཡོད

ན་ཆུང་སྣང་བའི་མེ་ཏོག་སད་ཀྱིས་བཅོམ་པའི་གདུང་བ་ཡང་ཡོད

ནམ་ཟླ་དགུན་གྱི་འཁྱག་གྲང་བསྒོམ་ནས

སུ་ཞིག་གི་ལྐོག་གཡོའི་མུན་ནག་གིས་སྒྲིབ་སོང

ཨ་ཁ་ཁ   མི་སེམས་གོ་ལྡོག་གི་དུག་རླངས་ཀྱིས་བརླགས་སོང

ལམ་མེད་པའི་ངམ་ཐང་ལ་སྦར་འབད་ཀྱི་ལམ་བཏོད་ཅིང

ལོ་རྒྱུས་ཀྱི་ནག་ཉེས་དག་ལ་མཛུབ་མོ་བཙུགས

སྙིང་ན་རུས་པ་ཅན་ཞིག

མཇིང་བ་སྦོམ་པོ་ཅན་ཞིག

སྟག་ཤ་རའི་མིང་བྱང་ཡོངས་སུ་ཚང་བ་ཞིག

སྒལ་ཚུགས་སྙི་ས་ནས་མདུང་མོ་བཞིན་དུ་འགྲེང་འོང་བ་ཞིག

སུ་གང་མ་ཡིན་ཏེ  དགུ་རོང་རིག་པ་རང་གྲོལ་ལགས

དུས་དེ་རིང་ཁྱེད་རང་མི་གླེང་སུ་ཞིག་གླེང

དུས་དེ་རིང་ཁྱེད་ཉིད་ཚིག་གིས་མཆོད་ཅིང་སེམས་ཀྱིས་འདུད

རིགས་དང་རུས་ཀྱི་སྒལ་ཚུགས་ཅན

རང་གྲོལ་ཟེར་བའི་རླབས་པོ་ཆེ

རང་གྲོལ་ལགས་དྲན་པའི་གདུང་དབྱངས། 

 _____གཅན་དཀའ་གྲུབ། ༼ཡུལ་ཤུལ༽

  ས་ཆེན་པོའི་མུན་པ་གཞིལ་བའི་ཟླ་ཟེར།གླིང་ཆེན་པོར་འོད་སྣང་འགྱེད་པའི་ཉི་མ་སྟེ།བློ་ལྡན་གཙུག་གི་ཅོད་པན།དེང་རབས་རིག་པའི་དཔའ་བོ།སྐྱེས་ཆེན་རིག་པ་རང་གྲོལ་ལགས།མི་ཡུལ་དང་གཏན་དུ་གྱེས་ནས་བགྲང་བྱ་ག་ཚོད་ཅིག་ཕྱིན་ཡོད་པ་ངས་ནམ་ཡང་མཛུམ་མོར་བཀུག་ནས་བརྩི་བཞིན་ཡོད།ཁོར་ཡུག་གཉོམ་པོའི་གྲུ་ཀ་འདིར།ཁྱོད་རང་གླེང་མཁན་ཧ་ཅང་ཉུང་།ཡིན་ནའང་།ཁྱོད་ཀྱི་བླ་མེད་ཀྱི་ཕུགས་བསམ་དང་།ལྷད་མེད་ཀྱི་མི་གཞི།རྣམ་དཔྱོད་ཀྱི་བློ་གྲོས་ངའི་མི་ཚེ་འདིའི་གསལ་ཐག་གེར་ཆོད་པའི་མདུན་ལྗོངས་ཁྲོད་ཀྱི་སྐྱ་ཡ་ཡིན།དུག་རླངས་ཐེབས་པའི་ཁོར་ཡུག་འདིར།མུན་ནག་དང་ཀླ་ཀློའི་བློ་ཁ་རི་བོ་བཞིན་བརྟན་པོའི་མི་བུ་སྟོབས་ཆེན་ཚོས།ཁྱོད་ལ་གཏད་པའི་ཕྲག་དོག་དང་།ཞེ་འཁོན་གྱི་མདུང་མོ་ཚེར་རྫོང་བཞིན་ཡོད་ནའང་།ཁྱོད་ཀྱིས་སྔར་བས་སྙིང་ཕུར་ཤུགས་ཀྱིས་བརྡབས་ཏེ།བག་འཁུམ་གྱི་གཏིང་རུམ་ན་ལུས་པའི་མི་ཡུལ་འདིར།སྨྲ་ངན་གྱི་རོ་འཛིན་གཅོད་པ།སྲོལ་གསར་གྱི་ལམ་བུ་འབྱེད་པ།ལམ་སྟོན་གྱི་མཛུབ་མོ་ཀེར་བར་ཁྱེད་ཉིད་མིག་འབྲས་ཇི་བཞིན་ཉེ་བར་མཁོ་བའི་ཚེ།ཁྱོད་ཀྱིས་རྩོམ་འབྲི་བ་ལས་ཚེ་སྲོག་གི་ཐ་ཚིག་བསྒྲགས་ན་ཕ་གིའི་སྲ་འཐས་ཀྱི་རི་བོ་དེ་བརྟོལ་ནུས་པ་ཐུགས་ལ་འཁྲུངས་ཏེ།བདེན་དོན་དང་ལ་རྒྱའི་ཆེད་དུ།འཆི་ཕོད་པའི་དཔའ་བོའི་སྙིང་སྟོབས་ངོམས་ནས་བཞུད་སོང་།དེ་ནི་བརྗེད་པར་དཀའ་བའི་མི་ལོ་ཉེར་དགུའི་སྔོན་གྱི་སང་ཉིན་རེད།དེང་རབས་རྩོམ་གསར་བའི་དེད་དཔོན།བློ་འབྱེད་བསམ་བློ་བ……ཁྱོད་ཀྱིས་གསུངས་པ་ནང་བཞིན།རྩོམ་པ་པོ་དང་བརྩམས་ཆོས་གཉིས་དོ་མཉམ་དགོས་ཞེས་པ་ལྟར།མཁས་གྲལ་དུ་འཚང་དགའ་བའི་ཁ་གསོན་པོ་སྟག་འདྲ་བ་དང་།ལུས་ཤི་བོ་རོ་འདྲ་བ་དག་དང་རྩ་ནས་མི་འདྲ་བར།ཁྱོད་ལ་རང་རྐྱ་ཐུབ་པའི་བསམ་བློ།སྤྱི་ཚོགས་ཀྱི་ངན་ཉེས་ལ་དོགས་སློང་དང་དགག་སྒྲུབ་ཀྱི་སྙིང་སྟོབས་ལྡན་པ།དྲང་བདེན་སྐྱོང་བའི་རྒྱུ་འབྲས་བློ་མིག་ཆེ་བ་སོགས་རང་གཤིས་གསོན་པོ་ཁྱོད་ལ་མངའ།འཆི་བ་ནི་ཏན་ཏན་ཁྱོད་ཀྱི་སྐྱོ་གར་སྙིང་སྟོབས་ཀྱི་མཚོན་རྟགས་རེད།འཚོ་བའི་ཕྱིར་དུ་འཆི་ཕོད་པའི་སྐྱོ་གར་སྙིང་སྟོབས་རེད།

ངས་འདི་དག་ནམ་ཡང་མིག་གིས་འཚོ་ཞིང་།སེམས་ཀྱིས་སྒོམ་བཞིན།གདུལ་བྱ་ཚོར་ཁྱོད་ཀྱི་རྩོམ༼རྩྭ་ཐང་དྲན་གླུ༽སོགས་ཁྲིད་དེ།ཁྱོད་ལ་རྗེས་དྲན་ཚད་མེད་གནང་བཞིན་ཡོད།ད་དུང་བརྩམས་ཆོས་ལས་གཞན་པའི་ཁྱོད་ཀྱི་བསམ་བློའི་ཉིང་བཅུད་དག་ལ་མིག་དཔེར་དྲངས་ཏེ།གོ་བསྐོན་བློ་འགུག་དང་བུམ་པ་གང་བྱོའི་ཚུལ་དུ་ལ་རྒྱའི་འདུ་ཤེས་དྲག་ཏུ་སློང་བཞིན་ཡོད།རང་ཉིད་ལའང་རྟག་བརྟན་ཐེར་ཟུག་གི་ཀུན་སློང་གཙང་མས་ཀུན་ནས་གཡོས་ཤིང་།ལོག་རྟོག་གི་གཡའ་ཡིས་མ་གོས་པའི་དད་པའི་མེ་ལོང་གི་ངོས་ནས།དོ་དགོང་ཡང་།ཁྱོད་ཀྱི་རྣམ་ཤེས་ཕྲ་མོར་ཐེངས་གཅིག་མཇལ་འདོད་ཡོད།ཁྱོད་ཀྱི་ཕྱོགས་ཞེན་ལས་ལྡོག་སྟེ་ཐུན་མོང་ལ་དབང་ཞིང་སྙན་ངག་གི་ཁོང་གསེང་ནས་ངུ་རྒྱུ་འོངས་པ་དང་།ཁྲག་རྒྱུན་ཇེ་མགྱོགས་སུ་འགྲོ་བར་བྱེད་པའི་བརྩམས་ཆོས་རྣལ་མ་དག་ལ་གཟིགས་འདོད་ཡོད……ད་དུང་འདི་དང་འབྲེལ་ནས་རླབས་ཆེན་གྱི་སྐྱེ་དངོས་རིག་པ་བ་ཡུས་ཏ་ཧྥུ་ཡིས་ཞལ་གདམས་དྲོན་མོ་ཅིག་དྲན་བྱུང་།༼རླབས་ཆེན་གྱི་མི་སྣ་བྱུང་མ་མྱོང་བའི་མི་རིགས་ནི་འཛམ་གླིང་སྟེང་ཆེས་སྙིང་རྗེ་བའི་སྐྱེ་འགྲོའི་ཚོགས་ཤིག་རེད་ལ།རླབས་ཆེན་གྱི་མི་སྣ་བྱུང་ཡང་དེར་བརྩི་བཀུར་དང་དགའ་ཞེན།ཡིད་སྨོན་བཅས་མི་བྱེད་པའི་རྒྱལ་ཁབ་དང་མི་རིགས་ནི་བྲན་གཡོག་གི་རྒྱལ་ཁབ་དང་མི་རིགས་ཤིག་རེད།༽ཅེས་པ་ནི་ང་ཚོ་དང་ང་ཚོ་འདྲ་བའི་མི་རིགས་དག་ལ་གནང་བའི་ལེགས་བཤད་རྣལ་མ་ཞིག་རེད་ཨང་།            

བཞུད་སྔ་བའི་ཉི་མ།

 ཆོས་འཁོར་ལྗང་ལོ།

ས་ཆེན་མ་རྒས་གོང་།

མེ་ཏོག་གི་ལང་ཚོ་སད་ཀྱིས་བཅོམ།

རི་བོ་མཐོན་པོ་ཞིག་གི་རྩེ་མོ་ནས་ཕ་ཡུལ་ལ་གཟབ་ཉན་བྱེད་དུས།

ཉི་འོད་མུན་པར་འདྲེས་པའི་ལོ་རྒྱུས་བདག་གི་རུས་རྐང་ལ་ཟུག་པ་ནས།

ཁྱོད་རང་བཞུད་སྔ་བའི་ནོངས་འགྱོད་ཁོ་ནས་བཟི་མགོ་བརྩམས།

ཐ་ན་རྨི་ལམ་དུ་ཡང་།  ཁྱོད་ཀྱི་ཞལ་གསུང་དྲན་ཏེ།

"རྙེད་པར་དཀའ་བི་ལོ་རྒྱུས་ཀྱི་བེམ་པོ་ལ། ...

མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས... "

དགེ་སྡིག་གི་དབྱེ་བར་རྨོངས་པའི་མི་རབས་ཤིག

ཁྱོད་ཀྱིས་ཅི་ལྟར་གཅེས་ཀྱང་ཕན་པ་མ་བྱུང་བར།

ལུས་ངག་ཡིད་གསུམ་ཆེས་མཐའ་མའི་མཆོད་རྫས་སུ་སྤུངས་ཏེ།

རླབས་ཆེན་གྱི་དོན་དག་ཅིག་ཡོངས་སུ་འགྲུབ་པའི་དགའ་སྣང་གིས།

སེམས་ཀྱི་ཟབ་ས་རུ་སྨིན་པའི་ཆུས་འདྲིས་ལ་བདེ་མོ་བཞག་ཟིན།

དེ་ནི་ངའི་རྣ་ལམ་ལ་འཇགས་པའི་གཏམ་རྒྱུད་ཅིག་ཀྱང་ཡིན།

ད་ནི་ཞིབ་ཏུ་བསམ་ན། ཁྱོད་རང་བཞུད་པ་སྔ་དྲགས་སོང་།

ཉི་མ་ལགས།  དྲག་བཙན་རང་གྲོལ།

ཁྱོད་རང་བཞུད་པ་དངོས་གནས་སྔ་དྲགས་སོང་།

ང་ཚོའི་ཕ་ཡུལ་ད་དུང་མུན་པའི་གྲོང་ན་ཡོད།

དོན་གྲུབ་རྒྱལ།

ཀརྨ་དབང་རྒྱལ།

གང་དེ་གློག་དང་འདྲ་བའི་རྣམ་དཔྱོད་ཅན།།

གངས་ཅན་ལྗོངས་ཀྱི་རྒྱན་དུ་མྱུར་བྱོན་ནས།།

སྐྱེས་སྦྱངས་རིག་པའི་རྩལ་གྱིས་རྒྱལ་གྱུར་བའི།།

རིག་པའི་སྲས་བོ་དོན་གྲུབ་རྒྱལ་ལོ་འདུད།།

མྱུར་བའི་བློ་ལ་སྤོབས་པའི་དཔུང་མཛད་དེ།།

དེང་རབས་རྩོམ་རིག་སྒོ་འཕར་ཡངས་ཕྱེས་ཏེ།།

བོད་ཀྱི་རྩོམ་རིག་གཞུང་ལ་རྨང་བཏང་བའི།།

རྩོམ་གསར་དེད་དཔོན་དོན་གྲུབ་རྒྱལ་ལོ་མཆོད།།

ལས་མཐུ་བཙན་པོས་སྐད་ཅིག་མགྲོན་གྱུར་ཏེ།།

གངས་རིའི་ཡུལ་དུ་ཡོད་ཚད་འབུལ་སྤོབས་པས།།

སྐར་མདའ་བཞིན་དུ་མྱུར་བར་བཞུད་པ་འདི།།

རང་རེའི་མི་བུ་ཀུན་པོ་བསོད་ནམས་ཆུང་།།

གངས་རིའི་ཡུལ་དུ་རང་མདངས་སྤྲོས་པ་ཡིས།།

བྱས་རྗེས་འོད་དུ་བསྐྲུན་པའི་དཔའ་བོ་ཉིད།།

བཞུད་པའི་ལོ་ཟླ་ཕྱིར་མིག་ལན་ཙམ་གྱིས།།

སེམས་ཀྱིས་གླེང་བཞིན་བཀའ་དྲིན་རྗེས་སུ་དྲན

རང་གྲོལ་དྲན་པ།  

          འཇིགས་མེད་བསམ་གཏན།          

ཞོགས་པ་རེ་རེར་ཆེས་སྙིང་དུ་སྡུག་པ་ནི

འཆར་ཀའི་ཉི་ཟེར་མ་ཡིན་པར

ཁྱོད་ཀྱི་མིང་ཡིག་ལ་འཐིམ་པའི

མི་ལོ་སོ་གཉིས་རིང་གི་དྲན་པའོ

ནམ་ཟླ་ཡང་བསྐྱར་དགུན་ལ་སླེབས་སོང

ཏག་ཏག་མི་ལོ་སོ་གཉིས་ཀྱི་རིང་ལ

མི་ཚོའི་དྲན་ངོགས་ནས་བོར་མ་མྱོང་བའི

རྣམ་ཤེས་ཀྱི་གར་མཁན་ཁྱོད་རང

མི་ཚོས་གླེང་བ་ཐེངས་གཅིག་མིན

༡༩༨༥ལོའི་དགུན་ཁར

ཁྱོད་ཀྱི་མང་པོ་ཞིག་ལུས་སོང

མི་ལོ་སོ་གཉིས་འགོར་རྗེས་ཀྱི་དགུན་ཁར

ཁྱོད་ཀྱིས་ལུས་སོང་བ་དག་གི་དབང་གིས

ང་ལའང་དགུན་ཁ་སླེབས་སོང

མི་ལོ་སོ་གཉིས་ཀྱི་སྔོན་དུ 

མི་ལོ་སོ་གཉིས་ཀྱི་རིང་ལ

མི་ལོ་སོ་གཉིས་ཀྱི་རྗེས་སུ

ཡང་བསྐྱར་མི་ལོ་སོ་གཉིས་ཀྱི་རིང་ལ

ཁྲེལ་མེད་ཀྱི་མི་ཁྱོད་ཅི་འདྲའི་དྲན་པ་ལ

          ༢༠༡༧.༡༡.༢༩ ཉིན།

འོད་ཀྱིས་བཀྱགས་པའི་སྒེའུ་ཁུང་།

  འོད་ཞགས། (དར་རྩེེ་མདོ)

ནམ་རྒྱུན་དང་འདྲ་བར།

ཕྱི་རོལ་ན།

ཉི་འོད་ཀྱིས་གསོས་པའི་རྩི་ཤིང་གྲངས་མེད་ཅིག

ཡོམ་ཡོམ་འགུལ་བ་དང་།

རླུང་བུ་འཇམ་པོ་ཞིག་ངའི་སྒེའུ་ཁུང་ལས་ཐད་ཀར།

ངའི་ཕྱོགས་སུ་ལྡང་འོང་།


སྐབས་དེར། ནམ་མཁའ་ན་འོད་ཀྱི་གོང་བུ་སྦྲུམ་པའི་སྤྲིན་པ་འགའ།

ལྷོད་ཀྱིས་ངའི་སྒེའུ་ཁུང་ལ་ཕྱོགས་ནས་འོང་པ་དང་འདྲ་བར།

མཐོ་ས་ནས་དམའ་ས་དང་།

རྒྱང་རིང་ནས་ཉེ་སར་འཁོར་ཡོང་།


ཕྱོགས་ལྷུང་དང་འཐེན་འཁྱེར་ཀར་ཀོར་མེད་པའི་ཉི་འོད་དེས།

ངའི་སྒེའུ་ཁུང་ལ་འོད་ཀྱི་གཟེགས་མ་ཡང་ཡང་གཏོར་བས།

རླུང་བུ་རྩུབ་ཀྱང་རུང་གྲང་ཡང་ཆོག

ང་ལ་འཁྱག་པའི་ཚོར་བ་ཡེ་ནས་མ་བྱུང་།


སྤྲིན་པ་དེ་སེམས་པ་ངན་ནག་ཅིག་མིན་ན།

ཡིད་ཀྱི་མཚོ་མོ་སྒུལ་བྱེད་ཀྱི་སྙེ་མའི་ཕོན་པོ་དག

ཞིང་ཐང་གྲུ་བཞིའི་ཀོང་ཁ་ནས།

ངའི་སྒེའུ་ཁུང་ཁར་རླུང་བུ་དང་ལྷན་དུ་བསྐྱལ་མ་གནང་བྱུང་།


རྨི་ལམ་ཞིག་དང་འདྲ་བའི་ངང་ཚུལ་འདིས།

རྨི་ལམ་མ་ཡིན་པའི་ལམ་གྱི་བདེན་པ་ཡང་ཡང་བཙལ་ཡང་།

མཐའ་མའི་འབབ་སྟེགས་ནི།

སེམས་པ་ཤོང་དཀའ་བའི་སྒེའུ་ཁུང་དེ་ཡིན།


མཐའ་མཚམས་སུ་བབས་པའི་ཁང་ཆར་འདྲེས་མའི་རྒྱུ་བ་འདིས།

རླུང་བུ་གྲང་ངད་ཀྱིས་བསྡམས་པ་དང་།

སྤྲིན་པ་འཁྱག་སྣང་གིས་བཅུན་ན་ཡང་།

ཉི་འོད་དངོས་མ་སྒེའུ་ཁུང་ལ་འཕྲོས་པས།

ང་ལ་གྲང་བའི་ཚོར་བ་ཡེ་ནས་མ་བྱུང་།


སྐབས་སུ། སྒེའུ་ཁུང་འདི།

འདས་དོན་གྱི་རྣམ་ཐར་ལ་རིག་ཉུལ་བྱེད་ས་དང་།

མངོན་གྱུར་གྱི་ལྷན་འཛོམས་ལ་སེམས་པ་གླན་ས་ཡིན།

འབྱུང་འགྱུར་གྱི་རྨི་ལམ་དར་ལྕོག་བཞིན

རི་སྒང་དང་ཐང་གཤོང་ནས་རླུང་ལ་བསྐྱོན་སའང་འདི་ཡིན།


ཡོལ་བ་མེད་པའི་སྒེའུ་ཁུང་འདིས།

སེམས་ཅན་ཁྲི་སྟོང་གི

འཁྱག་ལྟོགས་དགའ་སྡུག་གི་སེམས་ཁྲལ་འཁུར་ནས་ཡོད།

2017-11-29

སྐར་མདའ། བརྗེད་དཀའ་བའི་དྲན་ཤིང་རིང་མོ།

——དཔལ་དོན་གྲུབ་རྒྱལ་ལགས་སྐུ་གཤེགས་ནས་ལོ་འཁོར་སོ་གཉིས་འཁོར་བའི་རྗེས་དྲན་དུ།

          འབའ་ཚེ་སྨྱོན།

ཁྱེད་ཀྱིས་མཚན་མོ་དེའི་སྐར་ཚོགས་རུམ་ནས

ནངས་མོ་དེའི་ཉི་ཟེར་སྒོམ་ནས

བཞུད་སོང

 སྔ་ས་ནས་རྒྱང་རིང་གི་རྒྱང་རིང་དེར་བཞུད་སོང

དེ་བས ཁྱེད་ལ་ཁ་རྡུང་གཏོང་མཁན་ཡང་ཇེ་མང་དུ་ཕྱིན་སོང


བཞུད་སོང ཁྱེད་རང་བཞུད་སོང

མི་ལོ་སོ་གཉིས་སྔོན་གྱི་ཞོགས་པ་དེའི་སྐྱ་རེངས་དང་བསྡོངས་ནས

རྒྱང་རིང་རྒྱང་རིང་དུ་ཕྱིན་སོང

དེ་བས སྐུ་ཉིད་ཀྱི་རྩོམ་རིག་བུ་མོའང

ས་ཆེན་འདིའི་ཁེར་རྐྱང་གི་རྣམ་ཤེས་དག་ལ་དབང་སོང་སྐད

མདོ་ཡོད་མདོ་མེད་ཀྱི་གསུང་སྒྲོས་དག་ཀྱང

སྨན་ཤར་མའི་གོ་ཁའི་གཏམ་བཞིན་ཡང་ཡང་གྲག་གིན་འདུག


རྒྱང་བཞུད་ཀྱི་རྒོད་པོ 

ཞོགས་པ་དེའི་ཉི་ཟེར་བསྣམས་ནས

གང་དུ་བཞུད་སོང  རྩོམ་རིག་གི་ལམ་སྣ་འདྲེན་བཞིན

གང་དུ་བཞུད་སོང་ཨང


བདེ་བར་སྨོན དུས་རབས་འདིའི་སྐར་ཆེན་ལགས

ཁྱེད་ཀྱི་མཐོང་ལམ་ཡངས་ཤིང  ཕེབས་ལམ་བདེ་བར

སྙན་ངག་གིས་མཆོད་རྐོང་རེ་རེའང་དངོས་གནས་བསྒྲོན་ན་འདོད་ཨང

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།