ཀྲུང་གོ་བོད་ཀྱི་དྲ་བ།

ང་ཚོ་མཐོ་ལྗོངས་ཀྱི་སྐྱེས་པ་ཚོ།

ཡོང་ཁུངས། : ཤྭ་སྐྱ་དུས་དེབ།   རྩོམ་པ་པོ། : འཇུ་སྐལ་བཟང་།   སྤེལ་དུས། : 2019-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཐོ་ལྗོངས་འདིར་དང་པོ་ཡོང་དུས་ནས་ང་ཚོས་མང་པོ་ཞིག་ཁས་བླངས་ཚར།

ང་ཚོས་རང་ཉིད་ཀྱིས་ཤེས་པ་དང་ད་དུང་མི་ཤེས་པའི་དོན་བྱ་མང་པོ་ཞིག

གསང་ཨང་དུ་བསྡུས་ནས་ཁྲག་རྩའི་སྦུབས་དང་རུས་པའི་ཧྭ་རུ་བཏབ་ཟིན།

དམ་བཅའ་ཤོར་རྗེས་ང་ཚོར་མི་ཡུལ་འདིར་དུར་ས་འདེབས་གནས་མེད་པར་གོ་ཡོད། 

འབྲི་ཞོ་དང་ནས་ནག་གི་རོ་བཅུད་མང་དུ་གཞིབ་པས་རུས་རྐང་མཁྲེགས་པོ་ཞིག་ཆགས་ཡོད།

ཕ་མ་ཡི་རེ་ལྟོས་དང་བུ་ཕྲུག་གི་མདུན་ལྗོངས་བུད་མེད་ཀྱི་སེམས་བཅོལ་ད་དུང་གཞན་དོན།

མང་པོ་ཞིག་ང་ཚོས་གཅིག་ཏུ་བསྡོམས་པས་གཏོས་ཆེན་པོ་ཞིག་ཆགས་ཚར།

རྡོག་ཁྲེས་ཆེན་པོ་དེ་ཁུར་ནས་གཡང་གཟར་གྱི་ཕར་ཚུར་བར་ལྕགས་ཐག་ལ་བགྲོད་དགོས།

ང་ཚོ་མཚམས་འདིར་བསླེབས་ཟིན་ནས་ནེམ་ནུར་བྱེད་ས་ཡེ་ནས་མེད།

ང་ཚོའི་དགའ་མ་གདོང་དམར་མ་དེ་ཚོས་ང་ཚོ་ངར་ལྕགས་དུམ་བུ་ཞིག་ཏུ་བརྩིས་ཡོད།

ཁོ་མོ་ཚོས་རང་གི་སྐྱེས་པ་དེ་རྒྱབ་རི་བརྟན་པོ་ཤ་དྲོད་ཅན་ཞིག་དང་འདྲ་བར།

མི་ཡུལ་གྱི་སྐྱེས་པ་ཚོའི་གྲལ་ན་ཆེས་ཡིད་རྟོན་རུང་བའི་སྐྱེས་པ་ཞིག་ཡིན་སྙམ་ཡོད།

དེ་ཕྱིར། ང་ཚོས་ཨམ་གཙིགས་དེ་ཁོ་མོ་ཚོས་མི་མཐོང་ས་ན་སྡོམ་གྱིན་ཡོད།

ང་ཚོས་ཨ་ཕྱི་དང་གྱོས་མོའི་རུས་ཕྱེ་ཨམ་ཕྲག་ཏུ་བཅུག་སྟེ་གནས་ཆེན་ལ་རྐང་སྐོར་རྒྱག་ནུས།

དགོས་པ་བྱུང་ཚེ་ང་ཚོར་བཅུ་ཡོད་ན་དགུ་ཕངས་པ་མེད་པར་གཞན་ལ་སྦྱིན་པར་བྱ།

ང་ཚོས་རྣོ་ངར་དང་རྩུབ་རེག་ཆེ་བའི་ཚིག་མཚོན་གྱི་གྲུ་ཟུར་དུ་མ་ཁོང་དུ་མིད་ནས།

ཅི་ཡང་མ་བྱུང་བ་ལྟར་སྡོད་ཚུགས་པ་ངོ་ལ་ཡང་བལྟ་ཤོར་བའི་ཚོད་དུ་གནས་ཐུབ།

ང་ཚོ་འགག་དོག་མོ་ཉག་རོང་ཟམ་ཁ་ནས་ཕོ་ད་སྡོད་ཟེར་དུས་དན་ནེར་འདུག་ནུས།

དགོས་པ་ཆེ་ན་ང་ཚོས་ཅི་ཡང་ཕོད་ཅིང་ཅི་ཡང་ནུས་མོད་ཅི་ཡང་བསྲན་ཏེ་ཡོད།

ང་ཚོར་གྱད་མི་ལ་ཤེད་སྟོབས་འགྲན་ཅིང་ཤན་རྒོད་ལ་རལ་ཁ་འཐབ་པའི་ལོ་རྒྱུས་ཡོད་ལ།

རྒྱ་སྟག་གི་སྐེ་འབུ་གཅུས་ཤིང་འབྲོང་རྒོད་ཀྱི་དཔྲལ་ཀོ་བཤུས་པའི་གཏམ་རྒྱུད་ཡོད།

ང་ཚོས་ལོ་རྒྱུས་ལ་རྐ་ལམ་བཏོད་ཅིང་ལུགས་གཉིས་ཀྱི་གཞུང་ཤིང་ཡང་བཏེགས་མྱོང་།

འོན་ཀྱང་ང་ཚོ་བུ་ཕྲུག་ཚོར་ཁ་ཟས་འཚོལ་བཞིན་བུད་མེད་ལ་གཅེས་སྐྱོང་བྱེད་བཞིན།

རྩྭ་ཐུར་ཤིང་ཐུར་བཏུས་ཏེ་འཁོས་ཀ་ཕྲ་མོ་བྱིས་ཚང་ལྟར་སྙོར་བར་ནམ་ཡང་དགའ།

ང་ཚོས་རི་བོ་མཐོ་ས་ནས་ཀི་སྒྲ་གཏོང་ཞིང་རི་ཁུད་དམའ་ས་ནས་སྨེང་གླུ་ལེན།

བུད་མེད་ཚོའི་རྒྱབ་གདན་ལ་པ་ཊ་པ་ཊ་ལ་འཇའ་འགྲིག་དེ་ལ་ཁ་སྐུད་ཀྱང་འཇོག་ཤེས།

དེ་ལྟ་ནའང་རླངས་འཁོར་གྱི་ཁ་འཁོར་གཅུ་བ་ལས་རྟ་རྒོད་ཀྱི་རྔོག་འདབས་མནན་ཏེ།

ལྕང་ལོ་ནག་པོ་དར་ཆ་བཞིན་སྐྱོད་ཀྱིན་རང་སྣང་རྒྱ་ཡན་ཐོག་བརྫིས་སུ་མི་གཏོང་བར།

བཙན་པོ་ལ་ཁེ་མི་བྱིན་གཉོམ་ཆུང་གི་གཉའ་མི་གནོན་སྤྱི་ཆུས་ལ་སྙིང་མི་ཞུམ་པར།

ང་ཚོས་ཁས་བླངས་ཀྱི་སོ་མཚམས་སུ་ཕོ་རབ་ཀྱི་དམ་བཅའ་གཉན་པོ་སྲུང་བར་ནུས།

རྟག་ཏུ་མཐོ་ལྗོངས་ཀྱི་གནམ་སའམ་དེ་ལས་ཡངས་པའི་ཁོག་རྒྱ་ཞིག་བསྐྱེད་ནས།

སྐྱོ་བ་མེད་པར་རྒྱང་རིང་ནས་རྒྱང་རིང་འགྲིམ་ཏེ་འགྲོ་བ་ང་ཚོའི་ལས་དབང་ཞིག་ཡིན་མོད།

ནམ་ཞིག་རྔོན་པ་ཕྱིར་ལོག་པ་བཞིན་ཅི་ཞིག་རང་ཁྱིམ་དྲོན་མོར་ཁུར་ནས་འོང་སྟེ།

ང་ཚོར་རེ་བ་འཆང་མཁན་ཡོད་ཚད་ཀྱི་རེ་བཞག་སྐོང་བ་ནི་ང་ཚོའི་རེ་བ་ཆེ་ཤོས་དེ་ཡིན།


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།