ཀྲུང་གོ་བོད་ཀྱི་དྲ་བ།

དབྱར་གྱི་ལང་ཚོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (མཚོ་བྱང་།)དགེ་ལེགས་རྒྱལ་མཚན།   སྤེལ་དུས། : 2019-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་ནས་འཕགས་པའི་ཚེ། །

ཆུ་སྐྱེས་པདྨ་དགའ་སྣང་དང་བཅས་བཞད་ཅིང་མཛེས། །

ཁུ་བྱུག་འཇོལ་མོས་རབ་སྙན་གསུང་སྙན་བསྒྲགས་པ་ན། །

དབྱར་གྱི་ལང་ཚོའི་མཛེས་སྡུག་འབའ་ཞིག་གཞི་ནས་རྟོགས། །


དབྱར་གྱི་ལང་ཚོ་འབྲོག་ཐང་ཕྱུག་མོར་སླེབས་པའི་ཚེ། །

སྐྱེ་འགྲོ་ཀུན་གྱིས་དགའ་བདེའི་དཔལ་ལ་རོལ་ཞིང་སྤྲོ། །

སེར་ཆེན་མེ་ཏོག་རྩྭ་ཐང་ཀུན་ཏུ་ཁེངས་པས་ན། །

ཕ་ཡུལ་མདའ་བཞི་དྲན་པའི་གླུ་དབྱངས་བར་མེད་ཤོར། །


ཕ་ཡུལ་ཕྱོགས་ལ་ཕྱིར་མིག་ཕྲན་ཙམ་ཤོར་བའི་ཚེ། །

རྟ་ནོར་ལུག་གསུམ་འཕེལ་ཁ་དར་བ་དྲན་ཞིང་སྐྱོད། །

ཕུ་ནུ་ཀུན་གྱིས་མགྱོགས་མྱུར་སྐྱ་རྩལ་ངོམ་པས་ན། །

བདག་གི་སེམས་ནི་རྟ་ཕོ་གཤོག་ཐོགས་དང་གཅིག་གོ །


དྲོ་ཞིང་འཇམ་པའི་རླུང་བུ་ན་ཆུང་ཚོགས་ཤིང་གིས། །

དགོད་སྒྲས་ཁེངས་པར་གླུ་དབྱངས་སྙན་མོ་ལེན་ཞིང་འགྲོ། །

རྩེད་ཞོར་དགོད་ཞོར་བདག་གི་དྲུང་ནས་རྒྱུ་བ་ན། །

སེམས་ཀྱི་འཆར་སྒོ་ཕ་ཡུལ་ཕྱོགས་ནས་ཕྱིར་ལ་དྲངས། །


དབྱར་གྱི་ལང་ཚོ་རབ་ཏུ་རྒྱས་པའི་དུས་བཟང་འདིར། །

ཡུལ་མི་ཀུན་གྱིས་སྤྲོ་བས་བསུ་ཞིང་དངན་པས་བསྐྱལ། །

དུས་ནི་རེས་འཁོར་མི་འགྱུར་འཇིག་རྟེན་ཆོས་ཉིད་ཀྱང་། །

བདག་གི་སེམས་ནི་ཨེ་བཟློག་སྙམ་པའི་འཁྲུལ་སྣང་སྐྱེས། །


བདག་ནི་ལྷ་ཡུལ་ལྟ་བུའི་ལན་གྲུ་ན་འཚོ་ཞིང་། །

ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག །

འོན་ཀྱང་བདག་གི་མདུན་ལྗོངས་སེམས་ལའང་འཆར་ན། །

གནས་འདི་ནས་ད་དུང་སྡོད་དགོས་ཀྱང་སྙམ་མོ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།