ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་ཆུ། ​

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཚོ་བྱང་།དགེ་ལེགས་རྒྱལ་མཚན།   སྤེལ་དུས། : 2019-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉིན་གཅིག་གི་དུས་འདིར།

ཆུ་ཕྲན་དང་ཆུ་ཕྲན་གྱི་འབབ་རྒྱུན་དྲག་ཏུ་བརྡོལ་ཞིང་།

ཆུ་ཆེན་དང་ཆུ་ཆེན་གྱི་རླབས་རྒྱུན་མཁའ་རུ་འཕྱོ་དུས།

ངས་ཐེངས་མང་པོར་ཁྱེད་ཀྱི་རླབས་སྒྲ་ལ་རྣ་བ་གཏད།

གསེར་ལྡན་གྱི་ཆུ་བོ་ཡ།

བདུད་རྩི་ཡི་སྨན་མཆོག

བཞུར་སྒྲ་སྙན་པ་ནི།

ཁྱེད་ཀྱི་དགེ་མཚན་དང་།

འབབ་རྒྱུན་རིང་བ་ནི།

ཁྱོད་ཀྱི་ཁྱད་ཆོས་རེད།

འོན་ཀྱང་།

དུས་རབས་ཀྱིས་ཁྱོད་རང་ཇི་ལྟར་དེད་ནའང་།

གསར་གཏོད་ཀྱི་རླབས་སྒྲ་མེད་ལ།

རྟོགས་སད་ཀྱི་བཞུར་རྒྱུན་ཀྱང་རེད།

དེ་བས།

བཞུར་སྒྲ་སྙན་པ་ཙམ་ནི།

ཁྱེད་ཀྱི་གཟི་བརྗིད་ག་ལ་ཡིན།

རྙིང་ཞེན་གྱི་ཆུ་བོ་ཡ།

རུལ་སུངས་ཀྱི་བཞུར་རྒྱུན་དེ།

ཁྱོད་ཀྱི་མིག་ཆུ་མེད་པའི་ལོ་ཟླ་མཚོན་ལ།

ཁེར་རྐྱང་གི་ཨུ་ཚུགས་ཆེ་བའི་རྙིང་ཞེན་མཚོན།

དེ་རིང་།

དུས་ཚོད་དབང་གིས་མང་པོ་མི་འབྲི་ལ།

དུངས་ཞེན་ཞིག་གིས་མང་པོ་མི་གླེང་།

འབྲི་ཆུ་ཡ།

ལྷིང་འཇགས་ཀྱི་འབྲི་ཆུ།

ཁྱེད་ཀྱི་རླབས་སྒྲ་ལ་རམ་འདེགས་དང་།

ཁྱེད་ཀྱི་འགྱུར་ཁུགས་ཀྱི་མཛེས་སྡུག་ལ།

འཚོལ་སྙེག་བྱས་ནས།

ནམ་རྒྱུན་ཁྱེད་ཀྱི་རིན་ཐང་དེ།

ངོམ་ན་ཆོག་ཨང་། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།