ཀྲུང་གོ་བོད་ཀྱི་དྲ་བ།

དཔྱིད་ཀ་བསླེབས་བྱུང་།

    སྤེལ་དུས། : 2019-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

དཔྱིད་ཀ་བསླེབས་བྱུང་།

ཁྲི་གོང་ཨོ་རྒྱན་ཚེ་རིང་། 


ཁ་བ་རི་ལུང་དུ་བབས་པ་ནས
དུས་ཚིགས་ཤིག་གི་འོད་མདངས་ས་འོག་ལ་སྦས་ཤིང
མི་རྣམས་ཆར་བས་བརླན་པའི་མཚན་མོ་བཞིན
ཁ་བའི་པང་ན་དལ་གྱིས་ལྡང

 

ཞོགས་པའི་ཉི་རྩེ་ས་གཞིར་ཕོག་པ་དང
སྐྱ་ཐིང་ངེར་བཀྲམ་པའི་རི་གྲོང་དེའང
འོད་ལམ་ལམ་དལ་གྱིས་འགུལ་ཞིང
ནམ་མཁའ་སྔོ་ཞིང་དྭངས་ལ
གྲོང་ཚོའི་མཁའ་དབྱིངས་ན་ངང་གིས་འགྲེམ་ཞིང་འཁྱུད་པའི་དུ་སྨུག་དེ 
ས་དེའི་མི་རྣམས་ཀྱི་གཤིས་ཀ་དང་ཀུན་ནས་མཚུངས

གྲོང་ཚོའི་ཉེ་འདབས་ཀྱི་ཆུ་ཕྲན་དེ་ཡང
ཅ་ཅོ་སྒྲོག་པའི་བྱེའུ་ཞིག་དང་འདྲ་བར
གྱ་གྱུའི་དགོད་སྒྲ་དང་བཅས་གནམ་ས་གཉིད་ལས་སློང་ཞིང
རྒྱ་ལྕང་གི་ཡལ་ག་དེ་རྣམས་ཉི་ཟེར་གྱིས་ཤད་པའི་སྐྲ་ལོ་དང་འདྲ་བར
ཆུ་ལེན་བུ་མོའི་རྒྱབ་ན་ལྡེམ་ལྡེམ་དུ་གཡོ

ལྟེང་ཀའི་ཉེ་འགྲམ་དང  རྣང་མ་དང་རྣང་མིག་བར་ན
འོད་གྱུ་ལེར་འབུས་པའི་ལྗང་མྱུག་དེ་རྣམས་ཀྱིས
ཚེ་སྲོག་གི་འབོད་པ་བསྣམས་ནས་ས་གཞིར་ཁ་གཡང་སྒྲོག

ཡོད་ཚད་དལ་གྱིས་འགྲེམ་ཞིང
དཀར་སེར་དམར་མདངས་བཀྲ་བའི་ཁམ་བུའི་མེ་ཏོག་རྣམས
དྲི་བཞོན་བུ་མོས་ཕུལ་བའི་ལེགས་སྐྱེས་ཇི་བཞིན
རི་ལུང་དང་གྲོང་ཚོའི་བར་ན་གར་ལ་འགྲོ་བའི
ན་ཆུང་བུ་མོའི་འཛུམ་མདངས་ལྟར་ཁྲ་ལམ་མེར་བཞད་ཅིང
བསིལ་རླུང་གི་གཤོག་སྒྲོ་ལས་མཆེད་པའི་དྲི་བསུང
སྙིང་ལ་སིམ་པའི་ཆུང་འདྲིས་དྲི་ངད་བཞིན་རི་ལུང་མྱོས་པར་བྱེད

ཡོད་ཚད་དལ་གྱིས་བཀྲམ་པས
ས་གཞི་དྲོད་འཇམ་གྱི་འོད་གོར་རེ་རེ་གསེང་ན
སྐྱེས་སྟོབས་འབར་བའི་མཆོད་པའི་ལྷ་མོ་ཞིག་དང་མཚུངས
དེ་ལྟར ཉི་ཟླས་ས་གཞིར་སྤྱན་ཕྱེས་པ་ནས
ལོ་ཟླ་དུས་ཚིགས་བཞི་རུ་གྱེས

༢༠༡༩ལོའི་ཟླ་༤ཚེས་༡༢ཉིན།

༢༠༡༩ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ་ལས་བཤུས།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།