ཀྲུང་གོ་བོད་ཀྱི་དྲ་བ།

བདག་ལ་སྐྱེལ་མ་གནང་རོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་ཚང་རྟ་མགྲིན་ཐར་གྱིས་བརྩམས།རྡེའུ་དཀར་ནག་གིས་བསྒྱུར།   སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—T R Jལ་རྗེས་དྲན་དུ།

微信图片_20190809140213.jpg

གཅིག

མཚན་མོ་འདིར།

ཟླ་འོད་འོག་ཏུ།

དགུན་དུས་ཀྱི་མང་ཆུ།

ཁུ་སིམ་མེར་ཁད་ཀྱིས་བཞུར།

མིག་ཆུའི་རྗེས་ཤུལ་ཡལ་བའི་དཀའ་སྡུག་ཁྲོད་ཤར་མར་འབབ།

ཁྱོད་ཀྱི་སྙིང་གི་འཕར་སྒྲ་ཐོས་པ་ནང་བཞིན།

མཚན་མོ་འདིར།

གློག་སྒྲོན་འོག་ཏུ།

དགུན་དུས་ཀྱི་མང་ཆུ།

དྭངས་ཤིང་གསལ་ལ་མཐིལ་ཞབས་མཐོང་།

དྭངས་གསལ་ནི་ཁྱོད་ཀྱི་གཞོན་དུས་ཀྱི་མིག་མདངས་ཇི་བཞིན།

ཁྱོད་ཀྱི་ལོ་ཟླའི་རྒས་ཉམས་ཇི་བཞིན་མཐོང་ཐུབ།

ཁྱོད་རང་སྐྱེས་ས་མང་ཆུའི་འགྲམ།

ལང་ཚོ་རྒྱས་ས་མང་ཆུའི་འགྲམ།

འཚོ་བའི་བསྟི་གནས་མང་ཆུའི་འགྲམ།

ཁྱིམ་གཞིས་ཆགས་ས་མང་ཆུའི་འགྲམ།

ཁྱོད་ཀྱི་ཤ་ཉེ་རིང་། ཁྱོད་ཀྱི་བུ་དང་བུ་མོ།

ཁྱོད་ཀྱི་གྲོགས་པོ། ཁྱོད་ཀྱི་ཡོད་ཚད་ཀྱི་ཡོད་ཚད།

མང་ཆུའི་འགྲམ་ན་ཡོད།

མང་ཆུའི་འགྲམ་ན་ལུས།

ཁྱོད་རང་བཞུད་པའི་མཐའ་མཇུག་གི་དུས་དེར།

ང་ཚོས་མང་ཆུའི་འགྲམ་དུ་ཁྱོད་ལ་སྐྱེལ་མ་ཞུས།

ཁྱོད་ལ་སྐྱེལ་མ་ཞུས། བདག་གི... ...


གཉིས། 

ཡོད་ཚད་གདོད་མ་ནས་ཅི་ཡང་མ་བྱུང་།

བདག་རང་ད་དུང་རྒྱང་རིང་ནས་ཕ་ཡུལ་དུ་ལྡོག

ང་ཚོ་མཉམ་གཅིག་ཏུ་འཚར་ལོངས་བྱུང་བའི་ཕ་ཡུལ་དུ་འཛོམས།

ཁྱུང་ཐོད་རི་བོའི་འདབས་སུ། མང་ཆུའི་འགྲམ་དུ།

རུ་སྡེ་ཁྲ་མོ་དེ། ངེད་ཚང་གི་རྒྱབ་ན་ཁྱོད་ཚང་གི་སྒོ་ཆེན་ཡོད།

ཉེ་ལོགས་སུ་རྒྱ་ལོ་ཚང་ཆགས།

ད་དུང་སྔར་བཞིན།

ཁྱོད་གཉིས་ཀྱིས་ངེད་ཚང་གི་སྒོ་དྲུང་དུ་འཛུམ་དམུལ་ལེར་བདག་རང་ཕྱིར་ལོག་པར་བསུ་མ་བྱེད།


གསུམ། 

མཚན་མོ་འདིར།

སྐྱོ་སྡུག་གི་མ་ཎིའི་དབྱངས་རྟ་དག

ཁྱོད་ཚང་གི་ར་སྐོར་ནས།

ཆོས་ཀྱི་འཁོར་ལོའི་སྒྲ་དང་ལྷན་ཅིག་ཏུ།

རུ་སྡེ་ཡོངས་ལ་ལྡིང་སྐོར་རྒྱག ཕ་ཡུལ་གྱི་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག

དེ་དུས ཕ་ཡུལ་གྱི་མཚན་མོའི་མཁའ་དབྱིངས་ནི་ཇི་འདྲའི་སྐྱོ་ཨང་།

དེ་དུས ཕ་ཡུལ་གྱི་ཟླ་བ་ནི་ཇི་འདྲའི་ཁེར་རྐྱང་ཞིག་རེད་ཨང་།

བསྐྱར་ཟློས་དང་བསྐྱར་ཟློས་ཀྱི་ཀློང་ལ་བསྐྱོན་པའི་མ་ཎིའི་དབྱངས་རྟ་དག

བདག་གི་སྙིང་ཁར་སྡུག་གི་འཁུན་སྒྲར་རྟོག

ཇི་འདྲའི་ཞེ་སྐྱོ་བ་ལ་ཨང་།


བཞི།

བྱིས་པའི་དུས། སློབ་ཆུང་འགྲིམ་པའི་སྐབས་དེར།

ཕལ་ཆེར་ནམ་རྒྱུན་བདག་རང་ཆེས་སྔ་མོར་ཞོགས་པ་ནས་མལ་ལས་ལྡང་བར་རྩོམ།

ནམ་རྒྱུན་གྱི་ཞོགས་པ་ཁྱོད་གཉིས་བོས་ནས་སློབ་གྲྭ་འགྲིམ།

སྐབས་འགར་རྒྱ་ལོའི་དལ་ལྷོད་ལྷོད་ཀྱི་ཚུགས་ཀར་བཟོད་ཐབས་བྲལ།

སློབ་འབྲིང་འགྲིམ་མགོ་ཚུགས་རྗེས།

ངེད་གསུམ་པོས་ཕལ་ཆེར།

ང་ཚོའི་ཁྱིམ་ཚང་གསུམ་འཕྲོག་རེས་བྱེད་པ་དང་འདྲ།

སུ་ཚང་གི་གསར་དུ་འགྲུབ་པའི་ཁང་པ་ཡག་པོའི་ནང་དུ།

ང་ཚོ་ཚང་མ་ཚ་ཐབ་སྟེང་འཚང་ག་རྒྱག

དྲན་ཨེ་བྱུང་། ཆུང་དུས་ཀྱི་ལོ་ཟླ།

ཁྱོད་གཉིས་དང་ལོ་གཉིས་ཀྱིས་ན་ཕྲ་བའི་སྐེམ་རིད་གཟུགས་ཆུང་གི་བདག

མཚན་རེར་ཉལ་ཐུལ་འཕྲོག་ནས་རྒྱལ་ཁ་ཞིག་བླངས་མ་མྱོང་།

ཕྱིས་སུ་ངས་ནམ་རྒྱུན་འདི་ལྟར་ལབ་སྟེ། སྐབས་དེར་གཉིད་ལོག་སྐབས།

ཁྱོད་གཉིས་རྒྱ་སྟག་ཅིག་དང་འདྲ་བར་ཁ་སྦུབ་ཏུ་ལྷོད་ཀྱིས་ཉལ།

ཡིན་ནའང་བདག་ནི་ཁྱི་ཞིག་དང་འདྲ་བར་ཟུར་གྱིས་ཉལ།

རེད་ལགས།

ང་ཚོས་མཉམ་དུ་དཔེ་ཆ་བཀླགས།

ང་ཚོས་མཉམ་དུ་ནོར་ལུག་འཚོས།

ང་ཚོས་མཉམ་དུ་འགྱིག་མདའ་རྩེས།

ང་ཚོས་མཉམ་དུ་ཨ་རྡོ་རྩེས།

རེད་ལགས།

ང་ཚོ་མཉམ་དུ་ག་ལེར་འཚར་ལོངས་བྱུང་།

ང་ཚོས་མཉམ་དུ།

དུ་བ་ལྐོག་འཐེན་བྱས་ནས་མི་རྒན་གྱི་བཟོ་ལྟ་བསྟན་པ་དྲན་ཨེ་བྱུང་།

ང་ཚོས་མཉམ་དུ།

ཨ་རག་ལྐོག་འཐུང་བྱས་ནས་བུད་མེད་གླེངས་པ་དྲན་ཨེ་བྱུང་།

རེད་ལགས།

ང་ཚོས་མཉམ་དུ་དེ་དུས་ཀྱི་ཉིན་མཚན་ཀུན་མུ་ནས་མུ་ལ་བསྐྱལ།

ང་ཚོ་མཉམ་དུ་འབྲིང་རྒྱུགས་ལ་ཞུགས་ཏེ་སོ་སོའི་བགྲོད་ལམ་ལ་བསྙེགས།

ང་ཚོས་མཉམ་དུ་ལས་ཀ་སྒྲུབ་མ་ཐུབ།

ང་ཚོས་མཉམ་དུ་གཉེན་སྒྲིག་བྱེད་མ་ནུས།

ང་ཚོས་་་་་་


ལྔ། 

མཚན་མོ་འདིར།

ངའི་ལག་པ་འདར་ཐེངས་དང་བོའམ་ཆེས་མཐའ་མཇུག་གིས།

འཁྱག་རེངས་སུ་གྱུར་བའི་ཁྱོད་ཀྱི་ལུས་པོར་རེག

ངག་ནས་གསོལ་བ་དྲག་ཏུ་བཏབ།

མཚན་མོ་འདིར།

ངས་མགོ་བོ་ཡར་དགྱེ་ནས།

ཕ་ཡུལ་གྱི་མཚན་མོའི་མཁའ་དབྱིངས་ཁྲོད།

སྐད་ཅིག་ལ་འཁྱུག་པའི་རྒྱུ་སྐར་དེར་འཚོལ་ཞིབ་བྱས།

མཚན་མོ་འདིར།

ངས་སོར་མོ་སྙིང་གར་སྦྱར་ནས་ཕྱག་འཚལ།

ཕ་ཡུལ་གྱི་ས་གཞི་སྟེང་།

ཉམས་པ་མེད་པའི་དག་ཞིང་འཚོལ་ཞིབ་བྱས།

མཚན་མོ་འདིར།

བདག་རང་ཚེ་སྲོག་རེ་རེ་བསྐྱེད་པའི་བདེ་སྐྱིད་ལ་སོམ་ཉི་སྐྱེས་བྱུང་།

མཚན་མོ་འདིར།

བདག་གིས་རྣམ་ཤེས་ཀྱི་ཀློང་ལ་འཐིམ་པའི་དད་མོས་ལ་དོགས་འདྲི་བཏང་ཡོད།

མཚན་མོ་འདིར།

འདི་ལྟ་བུའི་མཚན་མོ་འདི་ལ།

བདག་རང་ཁྱོད་ཀྱི་དར་མའི་གཟི་དཔལ་གྱིས་བརྟས་པའི་ངོ་གདོང་དང་འབྲལ་མི་སྤོབས།


 དྲུག

བདག་རང་ཕ་ཡུལ་གྱི་ཁྱུང་ཐོད་རི་བོར་འགྲེངས་ཏེ་བལྟས་པ་ན།

རིའི་རྒྱབ་ལོགས་ཀྱི་བྱེ་ཐང་ནི།

དགུན་གྱི་གྲང་རླུང་ཁྲོད་དེ་བས་མཐའ་མི་མངོན་ལ།

ང་ཚོ་ཆུང་དུས་སུ་རྩེད་འཇོར་གཡེང་བའི་རྐང་རྗེས་དག་དེ་ཡིས་ཡོངས་སུ་སྦས་སོང་།

ང་རང་ཕ་ཡུལ་གྱི་ཁྱུང་ཐོད་རི་བོར་འགྲེངས་ཏེ་བལྟས་པ་ན།

རི་འདབ་ཀྱི་མང་ཆུ་ནི།

དགུན་གྱི་ཉི་འོད་བཙན་པོའི་འོག་ཏུ་སྔར་བས་ཐོགས་པ་མེད་པར་བགྲོད་ཅིང་།

ང་ཚོ་ཆུང་དུས་སུ་ཆུ་རྩེད་བྱས་པའི་གཟུགས་བརྙན་དག་གསལ་བོར་མཐོང་ཡོང་།

བདག་རང་ཕ་ཡུལ་གྱི་ཁྱུང་ཐོད་རི་བོར་འགྲེངས་ཏེ།

བདག་གློ་བུར་ཅི་བྱ་གཏོལ་བྲལ་དུ་གྱར།

བདག་གིས་ཅི་ཞིག་བསྒྲུབ་ནུས།

བདག་གིས་ཅི་ཞིག་བསྒྲུབ་དགོས།

བདག་གིས་ཕ་ཡུལ་གྱི་བྱེ་ཐང་དུ།

ཕ་ཡུལ་གྱི་མིང་བྱང་རེ་བྲིས་མོད།

དེ་ཡང་“དྲི་རྟགས་”འགོད་དགོས་སམ་ཡང་ན་“འབོད་རྟགས་”འགོད་དགོས་པ་གཞི་ནས་རྟོགས་མ་བྱུང་།


བདུན། 

བདག་རང་ཡང་བསྐྱར་ཕ་ཡུལ་དང་གྱེས་བྲལ་བྱེད་དགོས་བྱུང་།

ཁྱོད་ཚོར་བྲལ་ནས། རྒྱང་དུ་བཞུད་འགྲོ།

བདག་གི་སྤུན་གྲོགས།

བདག་ལ་སྐྱེལ་མ་གནང་རོགས། དུས་རྒྱུན་ནང་བཞིན་བདག་ལ་སྐྱེལ་མ་གནང་རོགས།

ཁྱོད་ཀྱིས བདག་ལ་སྐྱེལ་མ་གནང་རོགས།

བདག་གིས་ཕ་ཡུལ་གྱི་དགུན་ཁ།

ཇི་བཞིན་བསྐྱུར་འདོད།

སྐྱོ་སྣང་དང་གྲང་ངར།

རྒྱང་རིང་གི་རྒྱང་རིང་དུ་འཁྲིད་འགྲོ།

བདག་གི་སྤུན་གྲོགས།

བདག་ལ་སྐྱེལ་མ་གནང་རོགས། 

དུས་རྒྱུན་ནང་བཞིན་བདག་ལ་སྐྱེལ་མ་གནང་རོགས།

ཁྱོད་ཀྱིས བདག་ལ་སྐྱེལ་མ་གནང་རོགས།

འུར་གྱིས་ལྡང་བའི་ཕ་ཡུལ་གྱི་རླུང་བུས།

ཁྱོད་ཀྱི་སྡུག་བསྔལ་དང་སྐྱོ་གདུང་ཡོད་ཚད།

དྲན་པ་དང་ཞེན་ཆགས་ཡོད་ཚད་ཁྱེར་ནས།

དག་པའི་ཞིང་དུ་སྐྱེ་བར་སྨོན། 

བདེ་ལྡན་ཞིང་དུ་སྐྱེ་བར་སྨོན།

2018ལོའི་ཟླ་12པའི་ཚེས་12ཉིན་མང་རྫོང་མང་ཆུའི་འགྲམ་དུ་འབྲི་མགོ་ཚུགས།

2019ལོའི་ཟླ་3པའི་ཚེས་12ཉིན་གྱི་ཕྱི་དྲོར་སེམས་ཀྱི་ཉི་ཟླར་ཡོངས་སུ་གྲུབ།

༢༠༡༩ལོའི་༼གངས་རྒྱན་མེ་ཏོག་༽དེབ་གཉིས་པར་འཁོད་ཡོད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།