ཀྲུང་གོ་བོད་ཀྱི་དྲ་བ།

བྱིས་པ་དང་མཉམ་དུ་ནར་སོན་པའི་ཟིན་ཐོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : བོད་གཞུག་སྐྱིད།   སྤེལ་དུས། : 2017-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་རིང་ཟླ་གསུམ་པའི་ཚེས་དགུ་ཡིན་ལ་གཟའ་ཕུར་བུ་རེད། གནམ་ངོ་ཤིན་ཏུ་དྭངས།

གསུམ་བརྒྱད་དུས་ཆེན་གྱི་དགའ་སྡུག་མཐའ་དག་ཀྱང་ཡིད་ངོས་སུ་སྨུག་སྤྲིན་བཞིན་འཐིབས་འདུག དུས་ཚོད་དྲུག་སྟེང་ནམ་རྒྱུན་བཞིན་མལ་ལས་ལངས་ཤིང་། ཞོགས་ཟས་ཟོས། དེ་ནས་བུ་མོར་སོ་དང་ངོ་གདོང་བཀྲུ་བ་དང་། ལྭ་བ་རྣམས་གྱོན་པར་སྐུལ་མ་བྱས། དེ་ནས་ཟ་མ་ཞིམ་སྲོལ་ཡག་སྲོལ་བཤད་དེ་མོ་དང་མཉམ་དུ་ལྷོད་ལྷོད་ངང་ཟོས་རྗེས་བྲེལ་འཚུབ་ངང་ལམ་ལ་ཆས། ལམ་བར་གྱི་རླངས་འཁོར་དག་ནི་གཅིག་རྗེས་གཅིག་ལ་འགྲན་པ་ལྟར་འཚང་ཁ་ཤིག་ཤིག་གིས་གློག་བརྡ་སྣ་ཚོགས་རྒྱག་ཞོར་མདུན་ལ་འགྲོ་བཞིན་ཡོད། རུས་སྦལ་ནུར་འགྲོས་ལྟ་བུའི་གཞུང་ལམ་སྟེང་ནས། བུ་མོས་ང་ལ་གློ་བུར་དུ“ཨ་མ་ཨ་མ།ཨ་ཁུ་ཉི་མ་ཤར་འདུག གན་དམར་པོ་དམར་པོ་རེད། ཆེན་པོ་ཆེན་པོ་ཞིག་ཀྱང་རེད”ཟེར། ངས་མདུན་ཕྱོགས་ཀྱི་ཁང་བརྩེགས་ཀྱི་ཀླད་ལ་བལྟས་ཤིང་། ཉི་མ་དམར་སེར་སྒོར་ཞིང་ཆེ་བ་ཞིག་གིས་མཚམས་སྤྲིན་གྱི་དབུས་ནས་ངེད་གཉིས་ལ་བལྟས་འདུག་པ་མཐོང་།  ཉི་འོད་ནི་རབ་ཏུ་འཚེར་བས་སེམས་ཁམས་ཀྱང་ཤིན་ཏུ་ཡངས་པར་གྱུར། བུ་མོས་ཀྱང་རང་དབང་མེད་པར་ཁ་ནས“ཨ་ཁུ་ཉི་མ་དྲོ་དྲོ”ཞེས་པའི་གླུ་དབྱངས་བླངས་སོང་། ངས་མོ་ལ་འཛུམ་ཙམ་བྱས་རྗེས་རླངས་འཁོར་དལ་མོར་བསྐོར་ནས་སོང་བ་ཡིན། མོས་ད་དུང་ཡ་མཚར་བའི་ངང“ཉི་མ་དམར་པོ་དམར་པོ”རེད་ཟེར། དེ་ནས་ངས་བུ་མོར་འུ་ཅག་གིས་ཉི་མ་སེར་པོ་ཟེར་དགོས་ནི་རེད་ཅེས་སྨྲས་པ་ཡིན།“འོ་ན་ངས་བལྟས་ན་དམར་པོ་རེད”ཟེར། ངས“ཞོགས་པར་མཚམས་སྤྲིན་གྱི་མདོག་དང་བསྡོངས་པས་དམར་པོར་མངོན་ཡང་། ཅུང་ཙམ་གྱིས་ཉི་མ་སེར་པོར་འགྱུར་ངེས་རེད”ཅེས་ལན་བཏབ།

བར་སྐབས་ཤིག་ལ་རླངས་འཁོར་ཁང་བརྩེགས་མཐོན་པོ་ཞིག་གི་ཕག་ལ་སླེབས་པས། ཉི་མ་ཁང་བརྩེགས་ཀྱིས་བསྒྲིབས་ནས་མི་མཐོང་། བུ་མོས“ཨ་མ། ངས་ཨ་ཁུ་ཉི་མ་མི་རིག་གི”ཟེར། ང་ལ་ཁ་གྲགས་ཁོམ་མ་བྱུང་།  མོས་བསམ་བསམ་རྗེས།“ངས་བལྟས་ན་ཉི་མ་ཚོང་ཁང་དུ་བུད་སོང་ནི་རེད”ཟེར། ང་ཁེར་དགོད་ཅིག་བྱས་རྗེས་ཁ་རོག་གེར་བསྡད། དེ་ནས་མུ་མཐུད་དུ་མོས་བསམ་བློ་གཏོང་བཞིན་པ་འདྲ།“ཨ་མ་ཨ་ཁུ་ཉི་མ་རྐང་ལག་མེད་པས་འགྲོ་ཐུབ་ནི་མ་རེད་ཡ”ཟེར། ངས་ལན་དུ“ཉི་མར་རྐང་ལག་མེད་ཀྱང་ཁོ་རང་འཁོར་བསྐྱོད་བྱེད་ཀྱི་ཡོད་ནི་རེད”ཟེར་བས་མོས་འདང་མ་ཕོག་པ་འདྲ།  “ཉི་མ་ཚང་ལ་ནུབ་རྗེས་ས་རུབ་འགྲོ་ནི་རེད”ཟེར་བས། མོས“འོ་རེད་རེད། ས་རུབ་ན་གཉིད་དགོས་ནི་རེད”ཟེར། དེ་ལྟར་ལམ་རྐེད་ཀྱི་འཚང་ཁ་རེ་ཞིག་འཇགས་ནས་ཁོ་མོ་བདེ་བླག་ངང་བྱིས་སྙོར་ཁང་དུ་མངགས། ཉི་འོད་དྲོན་མོ་དང་བྱིས་བློ་མཚར་མོའི་གསེབ་ནས་ངས་ཀྱང་ཉིན་གཅིག་གི་ལས་ཀར་འཇུས། ཉིན་གང་པོའི་གཞུང་ལས་ཁང་གི་ལས་ཀ་རྣམས་གྲུབ་སྟེ་བུ་མོ་བླངས་རྗེས་རང་ཁྱིམ་དུ་ལོག  དེ་ནས་ནུབ་ཇ་བསྐོལ། ནུབ་ཇ་འཐུང་དུས་ངས་རང་དབང་མེད་པར་ཐུག་པའི་ནང་གི་ཤ་རྡོག་གཅིག་བུ་མོའི་དཀར་ཡོལ་དུ་འཕངས། བུ་མོས་ངའི་གདོང་ལ་བལྟས་ཏེ་བསམས་ནས་བསྡད་འདུག  “ཨ་མས་ཁྱེད་རང་སྙིང་རྗེ་བས་བྱིན་པ་ཡིན”ཟེར་བ་ན། མོ་རང་དགའ་ཀྲོག་ཀྲོག་གིས་ནུབ་ཇ་འཐུང་གིན་འདུག  བར་སྐབས་ཤིག་ལ། མོས་ཕྱིར་ངའི་དཀར་ཡོལ་ནང་དུ་ཤ་རྡོག་ཅིག་འཕངས་སོང་། ང་ཧད་དེ་བསྡད་པ་ན།“ཨ་མ་ངས་ཀྱང་ཁྱོད་སྙིང་རྗེ་ཡི་འདུག”ཟེར། ང་ནི་སེམས་འགུལ་ཐེབས་ཏེ་སེམས་སུ་འཇིག་རྟེན་གྱི་མི་དར་མ་དག་གི་འབྲེལ་བ་ཡང་མ་བུ་གཉིས་ཀྱི་འབྲེལ་བ་ནང་བཞིན་ལས་སླ་མོ་ཞིག་ཡིན་ན་ཅི་འདྲའི་སྐྱིད་པ་ལའང་སྙམ་པའི་སེམས་ཚོར་ཞིག་སྐྱེས་སོང་། བུ་མོ་རྩེད་འཇོར་ཡུད་ཙམ་རོལ་བ་དང་ངས་ཀྱང་ཐབ་ཚང་ནང་ཡོངས་སུ་གཙང་སྦྲ་བྱས་ཚར། བྱིས་པ་གཉིད་དུ་འཇུག་པ་ནི་ལས་ཀ་གལ་ཆེན་ཞིག་ཡིན། ཐོག་མར་ངེད་གཉིས་ཀྱིས་མཉམ་དུ་སོ་དང་ངོ་གདོང་སོགས་བཀྲུས་པ་ཡིན། དེ་ནས་གསང་སྤྱོད་དུ་བསྡད། མོ་རང་ངའི་གདོང་ལ་ཅེར་ནས་བསྡད་འདུག  ངས་ཀྱང་མོ་ལ་བལྟས་ནས་བསྡད་ཙ་ན།  “ཨ་མ་འུ་གཉིས་ཀྱིས་འགྲན་བསྡུར་བྱེད”ཟེར། མོའི་སྐད་ཆ་དེ་ཐོས་རྗེས་ང་ལ་སེམས་གཏིང་ནས་དགོད་ཁ་ཞིག་ཤོར།  བུ་མོ་ལགས། ཁྱོད་ཀྱི་ཨ་མ་ད་བར་དུ་དེ་འདྲའི་འགྲན་བསྡུར་ལ་ཞུགས་མ་མྱོང་ལ། དེ་འདྲའི་འགྲན་བསྡུར་ཞིག་འཇིག་རྟེན་ནའང་མེད་པར་སྨོན་སྙམ་སོང་། དེ་དང་ལྷན་དུ་འགྲན་བསྡུར་ཞེས་པའི་མིང་ཚིག་འདི་བུ་མོ་ཆུང་ཆུང་འདིའི་ངག་ལས་ཀྱང་ཤོར་འགྲོ་ཡི་ཡོད་པས་འགྲན་རྩོད་ཀྱི་རྔམ་ཁ་རྒོད་པའི་དུས་རབས་འདིའི་སོ་ཁ་ཅི་འདྲའི་རྣོའང་སྙམ་ནས་དབུགས་རིང་ཞིག་ཀྱང་འབྱིན་དགོས་བྱུང་།

དེ་ནས་ངས་བུ་མོར་ཨ་ཁུ་རི་བོང་ཁ་ཤོ་དང་ཨ་མ་དྲེད་མོང་གི་གནའ་གཏམ་བཤད་རྗེས་ཁོ་མོ་རྨི་ལམ་གྱི་ཞིང་ཁམས་སུ་ཆས་སོང་། བུ་མོའི་གདོང་ལ་བལྟས་ཀྱིན་བལྟས་ཀྱིན་དྭངས་གཙང་ལྷད་མེད་ཀྱི་བྱིས་བློའི་སེམས་ཁམས་དེར་ཡིད་སྨོན་ཞིག་ཤོར་ལ། ཉིན་གང་པོའི་ཆད་སྣང་དང་། སེམས་ཁྲལ། དགའ་སྡུག མ་འོངས་པའི་དོན་དག་མང་པོ་ཞིག་ཀྱང་ལོགས་སུ་རང་ཤུགས་སུ་བསྐྱུར་ནས་ངས་ཀྱང་འཚོ་བའི་མེ་ལོང་གི་ཁ་དལ་མོར་བརྒྱབ་པ་ཡིན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།