ཀྲུང་གོ་བོད་ཀྱི་དྲ་བ།

ལོ་གསར་ལ་ཉེ་དུས་སུ་རྨོ་མོ་ལགས་དྲན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁེར་བུ   སྤེལ་དུས། : 2018-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief.jpg

བཀྲ་ཤིས་དོན་འགྲུབ་ཀྱིས་པར་བླངས།

རྨོ་མོ་ལགས་ནི་ལོ་གསར་དང་ཉེ་དུས་ཤིག་ལ་འཇིག་རྟེན་འདི་དང་ཁ་བྲལ་བ་ཡིན། ལོ་དེར། ངས་ད་དུང་རྨོ་མོ་ལགས་ལ་ལོ་གསར་གྱི་སྐྱེས་སུ་རྒུན་འབྲུམ་སྐམ་པོ་ཉོས་མེད་ལ། རྨོ་མོ་ལགས་ལ་སྔ་མོ་ནས་གློ་བའི་གཅོང་ནད་བྱུང་ཡོད་པའང་ཤེས་མེད། ན་ཆུང་གི་ངའི་བློ་རུ་གྲ་སྒྲིག་ཅི་ཡང་མེད་དུས། རྨོ་མོ་ལགས་ཀྱིས་ང་ལ་བསམ་དབང་དྲན་དབང་ཙམ་ཡང་མ་བྱིན་པར་ཁ་གྱེས་སོང་།

ངའི་བྱིས་དུས་ཀྱི་དྲན་པས་ཟིན་ཚད་ནས་རྨོ་མོ་ལགས་ནི་རྒྱུན་པར་སྨན་དང་གནམ་ཁབ་ལ་བསྟེན་པའི་ནད་པ་ཞིག་ཡིན་ལ། དེའི་ཁར་གློ་བ་མི་བདེ་བས། ཆམ་པ་དྲོས་འཁྱག་ཙམ་བྱུང་ནའང་གློ་ལུ་དྲག་ཏུ་ལངས་ཏེ། ཉིན་ལ་ཟས་ཀྱི་ཡི་ག་ཞན་ཞིང་མཚན་ལ་གཉིད་ཀྱི་བདེ་བ་དང་བྲལ། ང་ནི་ཆུང་དུས་ནས་རྨོ་མོ་ལགས་ཀྱི་གམ་ནས་འཚར་ལོངས་བྱུང་ཞིང་། རང་ལོ་བཅུ་དྲུག་བར་དུ་རྨོ་མོ་ལགས་དང་ལྷན་དུ་ཉལ་ནས་འོངས་པ་ཡིན། དེ་དུས་སུ། རྨོ་མོ་ལགས་ཀྱི་སྔས་འགྲམ་དུ་རྒུན་འབྲུམ་སྐམ་པོ་བཅུག་ཡོད་པའི་རས་ཀྱི་ཁུག་མ་ཞིག་བཞག་ཡོད་ཅིང་། རྨོ་མོ་ལགས་ཀྱིས་མཚན་མོའི་སྐབས་སུ་རྒྱུན་པར་རས་ཀྱི་ཁུག་མ་དེའི་ཁ་ཕྱེ་ནས། རྒུན་འབྲུམ་སྐམ་པོ་རྡོག་འགའ་ཁ་ནང་དུ་འཕངས་འགྲོ་ཞིང་། བྱིས་བློ་མ་ཡལ་བའི་ངས་ནི་རྨོ་མོ་ལགས་ཀྱིས་ལྐོག་ཟས་བྱེད་ཀྱིན་འདུག་བསམས་ནས་མིག་རིག་རིག་གིས་ལྟ་དུས། རྨོ་མོ་ལགས་ཀྱིས་རྒུན་འབྲུམ་སྐམ་པོ་རྡོག་འགའ་ང་ཡི་ལག་མཐིལ་དུ་འཇོག་པ་དང་། ངས་ནི་མྱུར་མོར་གོ་རེ་ཟ་བ་བཞིན་ལྡད་ཞོར་དང་མིད་ཞོར་བྱས་པ་ཡིན།

དེ་དུས་སུ་ང་རང་ལོ་ན་ཆུང་བས། རྨོ་མོ་ལགས་ཀྱིས་རྒྱུན་པར་མཚན་མོའི་སྐབས་སུ་རྒུན་འབྲུམ་སྐམ་པོ་རྡོག་འགའ་ཁ་ནང་དུ་འཕངས་འགྲོ་བ་དང་། སྔས་མགོར་རྒུན་འབྲུམ་སྐམ་པོ་བཅུག་ཡོད་པའི་རས་ཁུག་ཅིག་འཇོག་པའི་སྐོར་ལ་བསམ་བློ་འཁོར་མ་མྱོང་ལ། རྨོ་མོ་ལགས་ཀྱི་རྒ་བའི་གོ་རིམ་ལ་ཡང་བསམ་བློ་འཁོར་མ་མྱོང་། རྨོ་མོ་ལགས་ཀྱི་གམ་ནས་འཚར་ལོངས་བྱུང་བའི་ངའི་དག་གཙང་གི་སེམས་པར། རྨོ་མོ་ལགས་ནི་ངའི་རྟག་བརྟན་གྱི་ལྗོན་པ་སྟེ། མི་ཚེའི་གོ་རིམ་ནང་དུ་ནམ་ཡང་གྲིབ་བསིལ་བསྟེན་ཆོག་བསམས།

རྗེས་སུ་རྨོ་མོ་ལགས་ལ་སྔ་མོ་ནས་གློ་བའི་གཅོང་ནད་བྱུང་ཡོད་པ་དང་། རྨོ་མོ་ལགས་ཀྱིས་དབུགས་ལམ་དང་གློ་བ་མི་བདེ་དུས་རྒུན་འབྲུམ་སྐམ་པོ་རྡོག་འགའ་ཁ་ནང་དུ་འཕངས་ཏེ། མིད་པ་བསིལ་བར་བྱེད་པའམ་གློ་ལུ་འཇོམས་པའི་ཆེད་དུ་ཡིན་པ་དང་། དུས་དེར་ངེད་ཚང་གི་དཔལ་འབྱོར་ཆ་རྐྱེན་ཧ་ཅང་སྡུག་པོ་ཡིན་པས། རྨོ་མོ་ལགས་ཀྱིས་གནམ་ཁབ་དང་སྨན་རིན་ལ་བསྲི་ཚགས་བྱས་ཏེ། འདི་འདྲའི་བྱེད་ཐབས་ཤིག་གིས་གློ་བའི་གཅོང་ནད་ཀྱི་ན་གཟེར་དག་བསྲན་ནས་འོངས་པ་རེད། ང་རང་གིས་རྒྱུ་མཚན་དེ་དག་གསལ་པོར་ཤེས་དུས་ནི། རྨོ་མོ་ལགས་འཇིག་རྟེན་འདི་དང་ཁ་གྱེས་ནས་ལོ་གཅིག་ལྷག་འགོར་བའི་ཉིན་མོ་ཞིག་ཡིན།

ངས་ཐེངས་དང་པོར་རྨོ་མོ་ལགས་ལ་ལོ་གསར་གྱི་སྐྱེས་སུ་རྒུན་འབྲུམ་སྐམ་པོ་རྒྱ་མ་གང་ཉོས་འོངས་པ་ནི་མཐོ་འབྲིང་གི་སྐབས་ཤིག་ཡིན། དོན་དངོས་སུ། དེ་ནི་ངས་རང་འགུལ་གྱིས་ཉོས་པ་ཡང་མིན་ཏེ། ལོ་གསར་ལ་ཉེ་དུས་སུ་ང་རང་ཁུལ་ཐོག་ཏུ་འགྲོ་དུས་ཤིག་ལ། ཨ་མའི་མངགས་བཀོད་ལྟར་ཉོས་པ་ཡིན་ཞིང་། ཕྱིར་ཁྱིམ་ལ་སླེབས་དུས་ཨ་མས་ང་རང་སོང་ནས་རྨོ་མོ་ལགས་ལ་སྤྲོད་རོགས་ཟེར་བ་དང་། ངས་རྒུན་འབྲུམ་སྐམ་པོ་རྒྱ་མ་གང་པོ་རྨོ་མོ་ལགས་ལ་སྤྲོད་དུས་ཀྱི་རྨོ་མོའི་གདོང་གི་འཛུམ་མདངས་དང་བྱམས་བརྩེའི་མིག་ཟུང་དེ་ངས་ད་དུང་ཡང་བརྗེད་ཐབས་མི་འདུག

དེ་ནས་ང་རང་རིམ་བཞིན་སློབ་ཆེན་འགྲིམས་པ་དང་། ལོ་རེའི་ལོ་གསར་དང་ཉེ་དུས་སུ་རྨོ་མོ་ལགས་ལ་རྒུན་འབྲུམ་སྐམ་པོ་རྒྱ་མ་འགའ་རེ་ཆག་མེད་དུ་ཉོས་པ་ཡིན། རྨོ་མོ་ལགས་ཀྱིས་དབུགས་ལམ་མི་བདེ་བ་དང་གློ་ལུ་བྱུང་དུས་རྒྱུན་པར་ཁ་ནང་དུ་རྡོག་འགའ་འཕངས་འགྲོ་ཞིང་། རྒུན་འབྲུམ་སྐམ་པོ་ཁུག་མ་གང་གིས་རྨོ་མོ་ལགས་ལ་ལོ་འགའ་རེར་འདང་བ་དང་། དེ་ལས་མང་ཤོས་ནི་ང་དང་ནུ་བོས་ཟོས་པ་ཡིན། ང་རང་སློབ་ཆེན་མཐར་ཕྱིན་ཁ་མར། བྱ་བའི་ལས་གནས་དང་ཞིབ་འཇུག་སློབ་མ་གཉི་གར་རྒྱུགས་ལྷན་དུ་འཕྲོད་པས། སྤྱིར་ཡིན་ན་སྐབས་དེར་ངེད་ཚང་གི་དཔལ་འབྱོར་ཆ་རྐྱེན་ཧ་ཅང་སྡུག་པོ་ཡོད་པས་ང་རང་བྱ་བའི་ལས་གནས་སྟེང་ཞུགས་ཏེ། སྐྱེས་ཕོ་རབ་ཅིག་གི་ཚུལ་གྱིས་ཁྱིམ་ཚང་གི་དཔལ་འབྱོར་གྱི་ཁག་འཁུར་དགོས་པ་ཡིན་མོད། ལོ་ན་གཞོན་པའི་ང་རང་སྐབས་དེར་རང་ཉིད་ཀྱི་ཕུགས་བསམ་མམ་སྦྱངས་འདུན་གྱི་བློ་དེའི་དབང་དུ་གྱུར་ནས་བྱ་བའི་ལས་གནས་སྟེང་མ་ཞུགས་པར། མུ་མཐུད་དུ་དགེ་རྒན་དམ་པ་བདུད་ལྷ་རྒྱལ་ལགས་ཀྱི་གམ་ནས་སློབ་གཉེར་ལ་སྦྱངས་བརྩོན་བྱས་པ་ཡིན། རྨོ་མོ་ལགས་ཀྱིས་རྒྱུན་པར་ང་ལ་བཤད་རྒྱུར། མོ་ནི་ལ་ཁའི་ཉི་མ་དང་ལ་རྟིང་གི་གྲིབ་མ་ལྟ་བུ་ཡིན་པས། ཁྱོད་རང་བྱ་བའི་ལས་གནས་སྟེང་ཞུགས་ཏེ་ཆུང་མ་བསུ་བ་དང་། ཚ་བོ་སྐྱེ་བ་སོགས་མཐོང་ཐུབ་རྒྱུ་མ་རེད། རེ་བ་ཉག་གཅིག་ཡོད་པ་ནི། མོ་རང་སོང་ཤུལ་དུ། ཨ་མ་ལགས་ལ་སེམས་ནས་གཅེས་དུངས་བྱ་དགོས་ཤིང་། ཁྱིམ་མི་དག་ལ་ན་ཚ་སོགས་ཅི་ཡང་མ་བྱུང་བར་བདེ་སྐྱིད་ཀྱིས་འཚོ་བ་དེ་ཡིན་ཟེར། འོན་ཀྱང་། ངས་ནི་རྨོ་མོ་ལགས་ཀྱི་རེ་བ་སྟོང་ཟད་དུ་བྱས་ཏེ་བྱ་བའི་ལས་གནས་སུ་མ་ཞུགས་པར། མུ་མཐུད་དུ་སློབ་གཉེར་ལ་ཆས་པ་ཡིན།

རྨོ་མོ་ལགས་འཇིག་རྟེན་འདི་དང་ཁ་གྱེས་དུས་ནི་ཉིས་སྟོང་བཅུ་བཞི་ལོའི་དགུན་ཁ་ཞིག་སྟེ། ང་རང་ཞིབ་འཇུག་ལོ་རིམ་གཉིས་པའི་སྐབས་ཡིན། ལོ་དེར་རྨོ་མོ་ལགས་ཀྱི་ནད་རྙིང་ཡར་བསྐྱར་འཕར་བ་དང་། བྱེད་ཐབས་སྣ་ཚོགས་བསྟེན་རུང་ནད་བབ་ཇེ་དགར་མ་སོང་བས། ངས་སློབ་གྲྭ་ནས་གནང་ཞུ་བྱས་ཏེ་ཡུལ་ལ་ལོག་པ་དང་། ང་རང་ཡུལ་ལ་ལོག་རྗེས་ཀྱི་ཉིན་གསུམ་པར་རྨོ་མོ་ལགས་གྲག་འགུལ་ཅི་ཡང་མེད་པར་འཇིག་རྟེན་འདི་དང་ཁ་བྲལ་སོང་། རྗེས་སུ་རྨོ་མོ་ལགས་ཀྱི་ཁང་པའི་ནང་དུ་སྡུད་གསོག་བྱེད་དུས། རྒུན་འབྲུམ་སྐམ་པོ་བཅུག་ཡོད་པའི་རས་ཁུག་དེ་སྔར་བཞིན་རྨོ་མོ་ལགས་ཀྱི་སྔས་མགོར་བཞག་འདུག་ཅིང་། ཨ་མས་ཤི་བོའི་དངོས་རྫས་དང་ཅ་ལག་ཡོད་ཚད་མེ་ལ་བསྲེག་རྩིས་ཀྱིས། རྒུན་འབྲུམ་སྐམ་པོ་བཅུག་ཡོད་པའི་རས་ཁུག་དེ་ཡང་འཁྱེར་གྲབས་བྱེད་སྐབས། ངས་ཨ་མའི་ལག་ནས་རས་ཁུག་དེ་ཕྲོགས་ཏེ་རང་གི་མལ་ཁང་དུ་བརྒྱུགས་པ་དང་སྒོ་དམ་པོར་བརྒྱབ་སྟེ་བསྡད་པ་ཡིན། དེ་ནི་ང་རང་ལ་མཚོན་ན་རྨོ་མོ་དྲན་པའི་གདུང་བ་ཆེས་ཟབ་དུས་ཡིན། ལོ་ན་ཉི་ཤུར་སོན་པའི་ན་གཞོན་ཞིག་ཐེངས་དང་པོར་མིག་ཆུ་ཤམ་ཤམ་དུ་བཞུར་དུས་ཡིན།

དགུན་ཁ་དེར་ཁ་བ་བབས་མ་བྱུང་། ང་རང་དྲན་གདུང་ངམ་བསམ་གཞིག་རིགས་ཤིག་གི་རྒྱ་རུ་ཚུད་དེ། ཐེངས་དང་པོར་འཆི་བའི་སྐོར་ལ་བསམ་བློ་བཏང་བ་ཡིན། རྨོ་མོ་ལགས་འདི་ལྟར་ངའི་འཇིག་རྟེན་ནས་གློ་རྡེག་ལ་གཏན་དུ་ཡལ་འགྲོ་བར་ངས་ད་ལྟ་ཡང་དང་ལེན་བྱེད་ཐུབ་ཀྱིན་མི་འདུག འདང་དཔོག་གིན་མི་འདུག

རྨོ་མོ་འདས་ནས་ལོ་ངོ་གཉིས་འགོར་རྗེས་སུ། ང་རང་ཟི་ལིང་གྲོང་ཁྱེར་གྱི་ཞིབ་འཇུག་ལས་ཁུངས་ག་གེ་མོ་ཞིག་ཏུ་ལས་ཀ་གཉེར་བའི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་གྱུར་པ་དང་། རྨོ་མོའི་གམ་ནས་འཚར་ལོངས་བྱུང་བའི་ལོ་ཟླ་དེའི་ཤུགས་རྐྱེན་གྱིས་ང་རང་ཡང་རྒུན་འབྲུམ་སྐམ་པོ་ཟ་རྒྱུར་དགའ་བའི་མི་ཞིག་ཏུ་གྱུར་འདུག་ཅིང་། རང་ཉིད་ཀྱིས་དཔེ་ཀློག་གམ་ངལ་གསོའི་བར་གསེང་དུ་རྒུན་འབྲུམ་སྐམ་པོ་རྡོག་འགའ་ཁ་ནང་དུ་རང་བཞིན་གྱིས་འཕངས་འགྲོ་དུས་ངས་རྒྱུན་པར་རྨོ་མོ་ལགས་དྲན་འོངས་ལ། རྨོ་མོ་ལགས་དྲན་ཐེངས་རེ་རེར། ང་ལ་ནམ་ཡང་རྨོ་མོ་ལགས་དང་འདྲ་བའི་མི་གཞུང་དྲང་དང་བྱམས་སྙིང་རྗེ་ལྡན་པ། དཀའ་སྡུག་ལ་མགོ་མི་སྒུར་བ། རྒྱུ་འབྲས་བརྩི་བ། དཀར་ནག་ཤན་འབྱེད་མཁན་ཞིག་བྱ་དགོས་པའི་དྲན་སྐུལ་ཡང་ཡང་བྱེད་ཀྱིན་འདུག

ཕ་ཡུལ་ལ་ལོག་ཐེངས་རེར། ངས་ད་ལྟ་ཡང་རྒྱུན་པར་རྒུན་འབྲུམ་སྐམ་པོ་རྒྱ་མ་འགའ་རེ་ཉོས་ནས་སོང་བ་ཡིན་ཞིང་། ད་ལོ་ཡང་ངས་གོམས་ལོབས་ལྟར། ལོ་གསར་ལ་ཉེ་དུས་སུ་རྒུན་འབྲུམ་སྐམ་པོ་སྤུས་ལེགས་ཅན་རྒྱ་མ་གསུམ་ཉོས་ཡོད་ཅིང་། རྨོ་མོ་ལགས་སྔ་མོ་ནས་དག་པའི་ཞིང་དུ་བཞུད་ཚར་ནའང་། ང་ཡི་སེམས་ཁོང་དུ་རྨོ་མོ་ལགས་ཀྱིས་དག་པའི་ཞིང་དུ་དུང་ཡང་ང་དང་ཁྱིམ་མི་དག་ལ་བྱམས་བརྩེའི་སྤྱན་གྱིས་གཟིགས་ཡོད་པར་འདོད་ཅིང་།འདི་ནི་ཚ་བོ་ཞིག་གིས་རྨོ་མོ་ལགས་དྲན་སྟངས་ཤིག་དང་དྲིན་གཟོ་སྟངས་ཤིག་ཀྱང་ཡིན།

རྨོ་མོ་ལགས།དག་པའི་ཞིང་དུ་གློ་བའི་གཅོང་ནད་དང་གློ་བའི་གཅོང་ནད་ཀྱི་ན་གཟེར་མེད་ཅིང་།ཁྱེད་ལ་སྔར་བཞིན་རྒུན་འབྲུམ་སྐམ་པོ་སྐྱེལ་མཁན་གྱི་ཚ་བོ་ཡོད་པར་སྨོན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།