ཀྲུང་གོ་བོད་ཀྱི་དྲ་བ།

བདག་གི2019ལོའི་ལོ་གསར་གྱི་འཚོ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་ངོ་བཅུ་ཕྲག་ལ་གྲོང་ཁྱེར་དུ་འཚོ་བ་རོལ་ནའང་། ལོ་གསར་ལ་ནམ་ཡང་ཕ་ཡུལ་དུ་སོང་སྟེ་དྲིན་ཆེན་ཕ་ལོ་མ་ལོ་དང་ཕུ་ནུ་མིང་སྲིང་ཚོ་དང་མཉམ་དུ་རོལ་བ་ཡིན། འོན་ཀྱང་ད་ལོ་ཕ་ཡུལ་དུ་སོང་ནས་ལོ་སར་ན། གཅིག་ནས་བྱིས་པ་ཆུང་བས་དགུན་ཁའི་གྲང་འཁྱགས་བསྲན་མི་ཐུབ་པར་བསམ་པ་དང་། གཉིས་ནས་ལོ་གསར་གྱི་གུང་གསེང་སྐབས་སུ་ཕ་མ་གཉིས་ལ་ཐོག་ཁང་དྲོན་མོའི་ནང་དུ་སྲི་ཞུ་ཨེན་ཙམ་ཞིག་བསྒྲུབ་བསམས་ནས་ད་ལོའི་ལོ་གསར་ནི་གྲོང་ཁྱེར་གྱི་ཐོག་ཁང་དྲོན་མོ་ནང་དུ་སར་བའི་འཆར་གཞི་བཟོས། བོད་ལོ་ཚེས་པ་དང་མཉམ་དུ་ཕ་མ་གཉིས་ལ་ཁ་པར་ཡང་དང་བསྐྱར་དུ་བཏང་བས། ཕ་མ་གཉིས་ཀྱིས་ཀྱང་ངའི་ངོ་མ་ཆོད་པར་བོད་ལོའི་ཟླ་མཇུག་ཏུ་སྔ་གཞུག་བྱས་ཏེ་ངའི་ཁང་ཁྱིམ་དྲོན་མོ་ནང་དུ་ཐོན་སོང་།

བོད་ལོ་ཉི་ཤུ་དགུའི་དགོང་མོར། ཆུང་མས་དགུ་ཐུག་ཏུ་སྐམས་ལུག་ཕག་གསུམ་གྱི་ཤ་བཙོས་མ་དང་ཉ་ཤ་བྱ་ཤ་སོགས་མདུན་ཅོག་སྟེང་དུ་མང་པོ་བསྒྲིགས་ཡོད་རུང་། ཕ་མ་གཉིས་ཀྱིས་སྐམས་ཤ་ལུག་ཤ་ཉུང་ཙམ་ཟོས་རྗེས། བརྙན་འཕྲིན་ལ་མིག་ཅེར་ཏེ་ལྟ་བ་ལས་ཁ་བརྡ་མང་པོ་མ་བྱས། དེ་ནས་བདག་གིས་སྐད་འཕྲིན་གྱི་ཁ་ཕྱེས་ཏེ་ཕ་མ་གཉིས་ལ་ཕ་ཡུལ་དུ་ཡོད་པའི་ཚ་བོ་ཚ་མོ་ཚང་མར་སྐད་འཕྲིན་གྱི་ལམ་ནས་ཁ་བརྡ་བྱེད་དུ་བཅུག་པ་ན། ཁོང་ཕ་མ་གཉིས་ཀྱིས་ནུ་བོ་ནུ་མོ། ཚ་བོ་ཚ་མོ་རེ་རེར་དགུ་ཐུག་གི་སྐོར་སྤྲོ་བས་ཁ་བརྡ་བྱས་པར་མ་ཟད། ཁོ་ཚོས་ལོ་གསར་གྱི་ཆོ་ག་སྟབས་བདེ་སྤེལ་བར་དོགས་ནས་ཡང་དང་བསྐྱར་དུ་ལོ་གསར་གྱི་ཆོ་ག་མ་ལུས་ནན་མོར་སྤེལ་དགོས་པའི་སློབ་གསོ་བཏང་སོང་།

གནམ་གང་གི་དགོང་མོའི་དུས་ཚོད་བཅུ་གཉིས་ཡོལ་བ་དང་མཉམ་དུ། ངེད་བཟའ་མི་གང་བོའང་མལ་ལས་ལངས་ནས2019ལོའི་ཟས་མགོ་མ་སྟེ་ཉིན་འགའ་ལ་ཉུང་ཙམ་ཉུང་ཙམ་ཉོས་ཡོང་བའི་ཀ་ར་སིལ་ཏོག་སྣ་ཚོགས་དང་། སྐམས་ལུག་ཕག་གསུམ་གྱི་ཤ་དང་ཉ་ཤ་བྱ་ཤ བཏུང་བ་རྒུན་ཆང་སིལ་ཁུ་སྣ་ཚོགས། ཀ་ར་བུ་རམ་སོགས་ལ་རོལ་བ་ཡིན་རུང་། ཕ་མ་གཉིས་སྔར་བཞིན་ཁུ་སིམ་མེར་ཟས་རིགས་སྣ་ཚོགས་ཀྱི་བྲོ་བ་མྱོང་བ་ལས་ཁ་བརྡ་མང་པོ་མ་བྱས། ཁོམ་ལོང་ཅུང་ཙམ་ཞིག་ཡོད་ན་སྐད་འཕྲིན་སྒང་ལ་ཉུལ་བ་ནི་བདག་གི་གོམས་ལོབས་སུ་གྱུར་ཡོད། སྐད་འཕྲིན་སྒང་ན་བདག་ལ་ལོ་གསར་གྱི་ཤིས་ཚིག་ཕུལ་ཡོད་པའི་ཉེ་མི་གྲོགས་པོ་རྣམས་ལ་ཕྱིར་ཤིས་ཚིག་ཕུལ་ཞོར་དུ། སྐད་འཕྲིན་གྱི་གྲོགས་ཚོམས་སུ་སྤེལ་ཡོད་པའི་འདྲ་པར་དང་བརྙན་ཐུང་རེ་རེ་ལ་བལྟས། ལྷག་པར་ཕ་ཡུལ་གཅིག་པའི་གྲོགས་པོ་རྣམས་ཀྱི་སྐད་འཕྲིན་ཚོམས་ལ་ཞིབ་ཏུ་བལྟས། དེ་དག་གི་ཁྲོད་ན་ཟས་སྣ་ཚོགས་ཀྱི་སྡེར་ཁ་རི་རབ་ལྟར་བརྩིགས་ཤིང་བཏུང་བ་རྒྱ་མཚོ་ལྟར་བསྐྱིལ་བ། ཤོག་སྦག་གི་མེ་ཏོག་མཁའ་དབྱིངས་སུ་གསལ་ལེར་བཞད་པ། རི་ལུང་ནགས་ཀླུང་གི་གསེབ་ན་བསང་ཕུལ་ཞིང་ལབ་ཙེ་བསྟོད་པ། ཉེ་མི་རྣམས་གྲལ་གཅིག་ཏུ་འཛོམས་ནས་གླུ་གར་ལ་རོལ་བ་སོགས་མཐོང་བས། སྙིང་ཁོང་ནས་དེ་དག་ལ་ཡིད་སྨོན་འཆོར་བ་དང་མཉམ་དུ་ཕ་མ་གཉིས་ངེད་ཚང་ནས་ཁུ་སིམ་མེར་འདུག་པ་དེའང་ཧ་གོ་སོང་། དེར་མ་ཟད། རང་ཉིད་དགུན་ཁའི་གྲང་འཁྱགས་ལ་འཛེམས་ནས། ལོ་གསར་ལ་གྲོང་ཁྱེར་གྱི་ཐོག་ཁང་དྲོན་མོ་ནང་དུ་འཛུལ་ཏེ་ཕ་ཡུལ་གྱི་ལོ་གསར་གྱི་ཆོ་ག་རྣམས་ལ་བྱོལ་བ་དེ་ནི་སྒྱིད་ལུག་གི་ལས་ཁོ་ན་ཞིག་ཡིན་པར་མ་ཟད། རང་ཉིད་ལ་དབང་བའི་ལོ་སར་སྟངས་ཤིག་མིན་པའང་དངོས་གནས་ཚོར་བྱུང་།

དེའི་རྐྱེན་གྱིས། ལོ་མ་སར་གོང་དུ་བཟོས་པའི་འཆར་གཞི་ལ་འགྱུར་ལྡོག་མི་འབྱུང་ཀ་མེད་དུ་གྱུར། ཚེས་གཉིས་ཉིན་བཟའ་མི་གང་བོ་གློ་བུར་དུ་ཕ་ཡུལ་གཅན་ཚར་ལོག ཉིན་དེར་ཕ་མ་གཉིས་ལ་ཁ་བརྡ་ཇེ་མང་དུ་སོང་ཡོད་པར་མ་ཟད། ངའི་བྱིས་པ་གཉིས་ཀྱང་ཡུལ་གྱི་བྱིས་པ་ཚོ་དང་མཉམ་དུ་གནམ་ལྡིང་ས་ལྡིང་བྱས་སོང་།

ཚེས་གསུམ་ཉིན། ནམ་གསལ་བ་དང་མཉམ་དུ། ཨ་ཁུ་ཡོད་སའི་ར་ཁང་ནང་དུ་ཨ་ཁུ་ལ་ལོ་གསར་བསྐྱེལ་པ་ཡིན། ཨ་ཁུ་ཚང་ནི་ང་ཚོ་སྡེ་བ་ཧྲིལ་པོ་རྨ་ཆུ་ཁ་རུ་གནས་སྤར་རྗེས་ར་མ་འཚོ་མཁན་ཁོ་ནར་གྱུར་ཡོད། ར་ཁང་དེ་ནི་ང་ཚོའི་སྡེ་བ་དང་ཁ་ཐག་ཅུང་ཉེ་བའི་ས་ན་ཡོད་ལ། རླངས་འཁོར་བསྐོར་ནས་སོང་ན་ར་ཁང་དེར་དུས་ཚོད་སྐར་མ་གཅིག་ཙམ་མ་གཏོགས་མི་འགོར། དེར་ཐོན་དུས་ཨ་ཁུ་ཚང་གི་ར་ཁང་ནང་དུ་སྡེ་བའི་ཨ་ཁུ་སྔགས་པ་རྒན་པ་ཞིག་ཀྱང་ཐོན་ཡོད་ལ། ཁོས་ཁོ་རང་ར་ལ་སྲུང་འཐེན་དུ་ཡོང་བ་ཡིན་པ་དང་། ད་སྐབས་སྔོན་ཆད་ལྟར་སྒོ་ཟོག་ལ་སྲུང་འཐེན་བསམ་རུང་སྒོ་ཟོག་འཚོས་མེད། སྟབས་ལེགས་པ་ཞིག་ལ། ཁྱེད་ཀྱི་ཨ་ཁུ་ཚང་གི་ར་ཉོས་ཏེ་སྲུང་འཐེན་རྗེས། ཁོ་ཚང་ལ་མུ་མཐུད་དུ་འཚོ་རུ་འཇུག་པ་འདིའང་བཟང་ཟེར། ང་ཡང་ཁོ་གཉིས་དང་མཉམ་དུ་སྲུང་འཐེན་དུ་སོང་བ་ཡིན། དེ་ནི་ར་ཚེ་ཐར་དུ་གཏོང་བའི་ཆོ་ག་སྟབས་བདེ་ཞིག་སྟེ། ར་ཁྱུར་ཤིག་པའི་དུ་བས་བདུག་སེལ་བྱས་རྗེས། ར་ངེས་བཏགས་དེར་ཆུ་ནག(ཆུ་འཁྱགས)ཐེངས་གསུམ་གཅོལ་བ་དང་། ར་དེའི་སོག་གཡས་ཀྱི་རྩིད་པའི་ནང་དུ་བལ་འཐག་དཀར་པོ་ཞིག་འཐེན། རྭ་རྩ་རྭ་སྐེད་རྭ་རྩེ་གསུམ་དང་སྣ་མགོ་རྣ་མགོ་ཐོད་པ་བཅས་ལ་མར་ཉུང་ངུ་རེ་བསྐུས། དེ་ནས་ཆུ་དཀར་ཐེངས་གསུམ་ལ་གཅོལ་རྗེས། ར་དེ་ཡར་འདེགས་ཞོར་དུ་ཕོ་ལྷ་དང་དགྲ་ལྷ་བཅུ་གསུམ་པོ་ཡར་ལ་བསྟོད་དོ་ཟེར་ཞོར་དུ་ཁོང་གཉིས་ཀྱི་གདོང་ལ་འཛུམ་མདངས་རྒྱས་ཤིང་ཡིད་ཆེས་དང་སྤོབས་པས་ཀྱང་ཁེངས་འདུག

ངས་ཨ་ཁུར་ལབ་ཙེ་བསྟོད་དུ་འགྲོ་མིན་དྲིས་པ་ན། ཁོས་ང་རང་ལབ་ཙེ་བསྟོད་དུ་འགྲོ་འདོད་མོད། འོན་ཀྱང་ད་རུང་ཁྱིམ་ཚང་ལྔ་དྲུག་ཅིག་རར་སྲུང་འཐེན་དུ་མ་ཡོང་བས་ངས་དེ་ཚོར་བསྒུགས་ན་ལབ་ཙེ་བསྟོད་པའི་རྗེས་ཆོད་རྒྱུ་མ་རེད་ཟེར།

ང་ཚོ་སྡེ་བའི་ལབ་ཙེ་ནི་སྔོན་ཆད་ཀྱི་སྡེ་བ་དེའི་སྡེ་མགོའི་ཉག་ག་ཞིག་ན་ཡོད་ལ། རླངས་འཁོར་ཐད་ཀར་ལབ་ཙེའི་འགྲམ་དུ་ཐོན་ཐུབ་པས། རྒྱ་ལོ་ཚེས་གསུམ་ཉིན་སྡེ་བ་འདིའི་སྐྱེས་པ་རྒན་གཞོན་བྱིས་པ་ཚང་མ་ལབ་ཙེ་བསྟོད་དུ་ཡོང་བ་ཞིག་ཡིན། ང་རང་ཡུལ་དེར་ཐོན་དུས་ལབ་ཙེ་འགྲམ་དུ་རླངས་འཁོར་གྱིས་བཀང་འདུག་པས། ང་ཚོའི་རླངས་འཁོར་འཇོག་སའང་མེད་པར་གྱུར། བསང་ཁྲིའི་སྟེང་དུ་མེ་ལྕེ་ལམ་ལམ་དུ་འབར་བཞིན་ཡོད་ལ། སྡེ་མི་རྣམས་བསང་ཁྲིའི་མཐའ་བསྐོར་ནས་ཕན་ཚུན་ལ་ཀུ་རེ་རྩེད་མོ་རྩེ་ཞོར་དུ་ད་རུང་ལབ་ཙེ་ཁར་ཐོན་མེད་པའི་མི་རྣམས་ལ་བསྒུགས་ནས་བསྡད་ཡོད། བདག་གིས་ཀྱང་ལོ་ངོ་གཅིག་ལ་མ་འཕྲད་པའི་སྡེ་མི་རྣམས་ལ་དཀྱུས་གཅིག་ཏུ་འཚམས་འདྲི་བྱེད་ཞོར་ཁོ་ཚོའི་གསེང་དུ་འཛུལ། དེ་དང་མཉམ་དུ་བདག་ལའང་ཚོར་སྣང་སྐྱིད་པོ་ཞིག་ཀྱང་བྱུང་། དེ་ནས་ཅུང་ཙམ་འགོར་རྗེས། བསང་འབུལ་མགོ་བརྩམས་སོང་། མེ་ལྕེ་ལམ་ལམ་དུ་འབར་བའི་བསང་ཁྲིའི་སྟེང་དུ་སྔོ་ལོ་སྒང་འབུར་ལྟར་བརྩིགས་ཤིང་། གསར་བུ་བདུན་བརྒྱད་ཅིག་བསང་ཁྲིའི་སྟེང་དུ་འགོས་ནས། བསང་ཁྲིའི་འགྲམ་ནས་ཡར་སྟེར་བཞིན་པའི་བསང་རྫས་རྣམས་སྔོ་ལོའི་སྟེང་དུ་གཏོར་བ་དང་། དུ་བ་སྔོ་ལྷོག་ལྷོག་ཏུ་ཨ་སྔོན་དགུང་དུ་འཕྱུར། མི་རེ་རེའི་ལག་ཏུ་མདའ་རེ་བཟུང་ཤིང་བསང་ཁྲིར་གཡས་སྐོར་རྒྱག་ཞོར་དུ་ཚང་མས་རང་རང་ས་ནས་སྐད་གསང་མཐོན་པོས་བསང་འབོད་བྱས་སོང་། རང་གི་ཕ་རྒན་ལགས་ཀྱང་མི་ཚོགས་དེའི་ཁྲོད་ན་བློ་སེམས་རྩེ་གཅིག་ཏུ་གཞོལ་ནས་བསང་འབོད་ལ་བྲེལ་བ་མཐོང་། བསང་ཁྲིར་སྐོར་བ་གསུམ་བསྐོར་རྗེས་སྡེ་མི་རྣམས་བསང་ཁྲིའི་འགྲམ་དུ་འཚོགས་ནས། ཚང་མས་མགྲིན་གཅིག་ཏུ་བསང་བཏོན། དེ་ནས་གསར་བུ་དར་མ་སྐོར་ཞིག་ལབ་ཙེའི་སྟེང་དུ་འགོས་ནས་ཉིན་དེར་ཁུར་ཡོང་བའི་མདའ་རེ་རེ་བཞིན་ལབ་ཙེའི་མདའ་གསེབ་ཏུ་བསྟད། གསར་དུ་བསྟད་པའི་མདའ་དེ་རྣམས་ལོ་ངོ་མང་པོར་བསྟད་པའི་ལབ་ཙེའི་ནང་གི་མདའ་ཚོགས་ཀྱི་ཁྲོད་ལ་ཞིབ་ཏུ་མ་བལྟས་ན་གང་དུ་བསྟོད་ཡོད་པའང་མི་ཤེས་པའི་ཚོད་རེད། ལབ་ཙེ་བསྟད་ནས་ཚར་མ་ཐག་སྡེ་མི་རྣམས་ཀྱིས་རྩྭ་ཁྱི་དུག་འཐུ་ཞིང་། ངག་ནས་ལྷ་མོ་འོད་ཟེར་ཅན་མའི་གཟུངས་སྔགས་བཟློ་ཞོར་དུ་རྩྭ་དེར་མདུད་པ་དགུ་བརྒྱབ་སོང་། མདུད་པ་དགུ་བོ་ནི་གདོན་བགེགས་ལོག་འདྲེན་ཡོད་དོ་ཅོག་མཚོན་པ་ཡིན་ཟེར། ཚང་མ་ལབ་ཙེའི་མཐའ་རུ་གནས་པའི་རྡོ་ལེབ་དེའི་མདུན་དུ་གྲལ་བསྒྲིགས་ནས་རེ་རེ་བཞིན་དགྲ་མནན་སོང་། དེ་ནི་རྩྭ་མདུད་དེ་རྡོ་ལེབ་དེའི་འོག་ཏུ་བཅུག་རྗེས་རྐང་པ་གཡོན་པས་རྡོ་ལེབ་དེ་མནན། ལག་པས་ཟློག་པ་རྒྱག་ཞོར་དུ་ངག་ནས་དགྲ་མགོ་རེ་ཡིས་བཏུམ། དགྲ་ཁ་ཐལ་གྱིས་གཅོད། དགྲ་སྙིང་ལྕགས་ཀྱི་འཛེར་མ་རྒྱོབ་ཟེར་བཞིན་རེ་རེ་བཞིན་ཡིད་ཆེས་དང་སྤོབས་པས་ཁེངས་བཞིན་ཕྱིར་འཁོར་ནས་འགྲོ་བཞིན་འདུག བདག་གི་སེམས་ལའང་དགྲ་མནན་པ་དང་མཉམ་དུ་ལོ་འདིའི་ལུས་ངག་ཡིད་གསུམ་གྱི་དགྲ་བགེགས་མ་ལུས་པ་ད་ནས་ཚར་བཅད་པ་དང་བཏུལ་ཡག་བྱས་སོང་སྙམ་པའི་ཡིད་ཆེས་དང་སྤོབས་པ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་སོང་།

ཚེས་བཞི་ལྔ་གཉིས་ལ་ཕ་མ་གཉིས་ཀྱི་འདོད་འདུན་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་དང་ཤོ་བ་རྟ་མགྲིན་རང་བྱོན་སོགས་ལ་མཇལ་སྐོར་དུ་ཕྱིན་པ་དང་། ཚེས་དྲུག་ཉིན་ཕ་ཡུལ་གྱི་གྲོགས་པོ་ཞིག་གི་གཉེན་སྟོན་ལ་ཞུགས་ནས་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ། མདོར་ན་ཕ་ཡུལ་ལ་ལོ་སར་དུ་སོང་ན། གྲོང་ཁྱེར་གྱི་ཐོག་ཁང་དྲོན་མོ་ནང་དུ་སྡོད་པ་ལྟར་དལ་ལྷོད་བག་ཕེབས་ཤིག་མིན་པའི་ཁར་མཚམས་རེར་ཐང་ཆད་པའི་ཚོར་བ་བྱུང་རུང་། འོན་ཀྱང་སྤྲོ་བ་འཕེལ་ཞིང་ཡིད་ཇེ་བརྟན་དུ་འགྲོ་བ་ཞིག་ཡིན་པས། ཕྱིན་ཆད་ཀྱང་ལོ་གསར་ཕ་ཡུལ་ལ་ཡིན་གཅིག་མིན་གཉིས་སར་དུ་འགྲོ་དགོས་སྙམ་པའི་བསམ་པ་ཞིག་བཅོས་མིན་དུ་སྐྱེས་སོང་། །

གསར་འགོད་པ།དཔལ་ཆེན་རྡོ་རྗེ།    

♨ ལོ་གསར་སྐབས་སུ་གཞི་རིམ་དུ་བསྐྱོད་པ་།♨

རྩོམ་སྒྲིག་པ། : ཀླུ་མོ་མཚོ།