ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཙོ་ལ་བརྗོད་པའི་གཏམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (མཚོ་བྱང་།)དགེ་ལེགས་རྒྱལ་མཚན   སྤེལ་དུས། : 2019-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁག་དང་བོ།

འདབ་ཆགས་གཞན་དང་འདྲ་བའི་གཤོག་ཟུང་ལྡན་ནའང་། ཨུ་ཚུགས་ཀྱི་སྤྱོད་ངན་དང་རྙིང་ཞེན་གྱི་མཁྲེགས་སེམས་དེ་དག་ཁྱོད་ཀྱི་ལས་དབང་ལ་མིག་དཔེ་དང་གསར་གཏོར་གྱི་དྲི་མ་བྲལ་ཞིང་། ད་དུང་གཟེབ་ཏུ་ཚུད་པའི་གཞི་རུ་གྱུར་བ་དང་ལད་མོ་དང་གཞན་འབྲངས་ཀྱི་དམིགས་འབེན་གཅིག་པུ་བཟུང་ནས་རང་དོན་དང་གཞན་དོན་རང་གིས་བསྐྱུར་ཞིང་། ཐ་ན་ཁ་ཟས་ཙམ་ཡང་གཞན་བརྟེན་དགོས་པའི་གནས་སུ་ལྷུང་ཡོད། ཡིན་ཡང་འདི་ནི་རང་གི་རང་གི་རང་ལ་བཟོད་པའི་ཆེས་སྐྱོ་བའི་ཕམ་ཁ་ཞིག་ལས་གཞན་གང་ཡང་ཡིན་མི་སྲིད།      ཁྱོད་ལ་བདག་པོ་གང་གིས་འཕུར་དབང་བྲལ་བའི་ལྕགས་སྒྲོམ་རེར་བཅུག་ཚེ། དབྱར་ཁའི་ཚ་གདུག་དང་དགུན་ཁའི་བུ་ཡུག་དང་ཁྱོད་ལ་མཚོན་ན་གཟེབ་ནང་གི་མནར་གཅོད་བཙན་པོ་དེ་ཡིན་ཡང་། ཁྱོད་ཀྱི་དགོང་ནུབ་ཀྱི་ཁ་ཟས་ཙམ་རེ་བྱས་ཏེ་ལན་རེར་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་རང་གི་བདེ་སྐྱིད་ཡོད་ཚད་བདག་པོར་རག་སྙམ་པའི་བག་ཆགས་ལས་ཅི་ཡང་ཚོར་མེད། དེ་ནི་ཁྱོད་ཀྱི་རྟོགས་དཀའ་བའི་བསླུ་བྲིད་ཡིན་ལ་ཨུ་ཚུགས་ཀྱིས་སྨྱོས་བའི་སྐྱོ་གར་རང་རེད ། དེ་བས་ལྷག་རླུང་དང་བུ་ཡུག དྲག་ཆར་དང་གཙེས་བསིར། ཐལ་རྡུལ་དང་ཚ་གདུང་སོགས་ལ་གདོང་གིས་ལོན་ཀྱང་། མཐའ་བྲལ་ཨ་སྔོན་ནས་བྱ་ཁྱུ་ཡི་གཤོག་འགྱུར་རྩེན་དུས་ཁྱོད་ཀྱང་རིགས་གཅིག་ཡིན་པའི་རྟོགས་སད་ཀྱི་ཙག་ཤེད་ཀྱང་མེད་པ་ཚེ་རབས་ཀྱི་གཞན་གཡོག་གི་འདུ་ཤེས་ཆགས་པ་དང་མུན་ནག་གི་ལོ་ཟླ་བསྐྱལ་བ་ཡིན།

བསམ་གཞིགས་རེར། ཁྱོད་ལ་སྐྱུག་མེད་དྲོ་ཞིང་དགོད་བྲོ། ནམ་རྒྱུན་གཉའ་ཞུམ་ཞུམ་དང་མགོ་ལྕོག་ལྡེམ་ལྡེམ་གྱི་ངང་ནས་གཞན་གྱི་ངོ་གདོང་དཀར་ནག་ལ་བལྟ་བཞིན་ངན་ངན་གོམས་སོང་བའི་རང་གཤིས་དེ་མངོན་དུས་རེ་བ་བྲལ་བའི་ཁྱོད་ཀྱི་ལས་དབང་ལ་སེམས་པའི་དུངས་བ་ཞིག་གིས་མནར་བཅོད་ཡང་ཡང་བྱས་སོང་། ད་དུང་ཆོས་པ་ཞིག་གི་ངང་ཚུལ་བཟུང་ནས་མ་ཎི་རེ་འདོན་ཁུལ་བྱས་ཀྱང་དོན་དངོས་ཁྱོད་ཀྱིས་རྟོགས་ཆོས་ཀྱི་ཕན་པ་ཅི་ཞིག་ཡོད །   སྟོང་བཤད། རྫུན་གཏམ། བག་འཇམ། ལད་མོ། དེ་དག་མཐོང་ཞིང་ཐོས་དུས་སུ་ངའི་སེམས་སུ་ཚ་འུར་འུར་གྱི་དྲི་མ་ཞིག་ངང་གིས་ཐོན། ཅིའི་ཕྱིར། ཁྱོད་ཀྱི་མཆུ་ཏོས་རང་ཉིད་ཀྱི་ཁ་ཟས་བཙལ་མ་མྱོང་། ངན་གོམས་དང་སྟོང་བསམ་གྱིས་རང་གི་དགྲ་བོར་རྒོལ་མ་མྱོང་ལ། ཕྱིར་ལ་ཕྱིར་འདང་དང་ཕུགས་བསམ་མེད་པས་རང་གི་གཉེན་ཡང་བརྩེ་མ་མྱོང་། དེ་ལྟར་བཙོན་མུན་ནས་འཚོ་ཞིང་འདི་ལྟར་བཙོན་འོག་ཏུ་རྒས་རུང་བདེ་སྐྱིད་ཀྱི་ཆེད་དང་རང་དབང་གི་སླད་དུ་གང་ཡང་བརྩོན་མ་མྱོང་བ་འདི་ཇི་འདྲའི་ཕམ་ཞིང་ཇི་འདྲའི་ཕངས་བའི་སྐྱོ་གར་རིང་མོ་ཞིག་རེད་ཨང་།

ཁག་གཉིས་པ།

ཁྱོད་ནི་ངོ་མ་གཞན་དབང་ལ་དགའ་བའི་བྱ་ཞིག་ཡིན་ནམ། ཡང་ན་ཁྱོད་ཀྱི་གཤོག་ཟུང་གིས་ནམ་འཕངས་གཅོད་ཐུབ་པར་ཡིད་ཆེས་མེད་སོང་ངམ། གང་ལྟར་ཁྱོད་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་གཞན་དབང་གི་སྣང་བརྙན་གསོན་པོ་ཞིག་རེད། དོན་ངོ་མ་དེ་འདྲའི་ནུས་མེད་ཞིག་དང་འཇོན་མེད་ཞིག་གཏན་ནས་མིན། མ་མཐའ་དང་མ་གཞི་དེ་འདྲ་ཞིག་ཡིན་མི་སྲིད་སྟེ། ཡངས་ཤིང་རྒྱ་ཆེ་བའི་ནམ་མཁའ་ནི་འདབ་ཆགས་ཀྱི་ལྡིང་སྐོར་སྤྲོ་བའི་དགའ་ཚལ་ཡིན་ལ་གཤོག་རྩལ་ལྡན་པ་ཙམ་གྱིས་ཨ་སྔོན་མཐོན་པོའི་བང་རིམ་ནས་སྙེགས་ཐུབ་ཅིང་འཕུར་བཞིན་པ་ནི་དུས་རབས་ཀྱི་བདེན་དཔང་བྱས་ཡོད། གཤོག་རྩལ་ཡོད་བཞིན་གཟེབ་དྲ་རུ་འཚོ་བ་ཁྱོད་ཉིད་མ་གཏོགས་རྗེས་ལུས་གྱི་བྱ་རིགས་ཤིག་གང་ནའང་མེད། མིག་རྒྱང་ཐུང་ལ་བློ་ཁོག་ཆུང་བའི་ཁྱོད་ཀྱིས། ཕྱི་གསལ་ནང་གསལ་གྱི་འཇིག་རྟེན་འཕེལ་རྒྱས་དང་མཛེས་སྡུག་མི་མཐོང་པ་ད་ལྟའི་རང་གི་གནས་བབ་ཀྱི་ལས་དབང་ལ་སྔར་བསགས་རྒྱུ་ཡིས་སྨིན་པའི་འབྲས་བུ་འགའ་ཞིག་ལ་གཡོ་ཁག་དཀྲི་བ་དེ་ཇི་འདྲའི་གླེན་རྟགས་ཚ་ཨང་། སྤྱིར་ཆོས་ལུགས་ཀྱི་བཤད་རྒྱུན་ལྟར་ན་རྒྱུ་ཅི་བསགས་འབྲས་བུ་ཅི་འབྱུང་བ་ནི་བསླུ་མེད་ཀྱི་ཆོས་ཉིད་ཡིན་མོད། ད་ལྟའི་ཁྱོད་ཀྱི་སྤྱོད་བཞིན་པའི་རྗེས་འབྲངས་ཀྱི་འཚོ་བའི་ཟློས་གར་འདི་སྔར་བསགས་ཀྱིས་སྨིན་པའི་འབྲས་བུ་བགོ་སྐལ་ཞིག་ཡིན་ནམ། གཞན་གྱི་རྐང་འོག་ཏུ་ཡང་ནས་ཡང་དུ་ཚུད་བྱེད་ཀྱི་ས་བོན་ཡིན་ནམ། གཞན་འབྲངས་ཀྱི་དབང་གིས་སྔ་ནས་ད་བར་ཐོབ་ཡོད་པ་ནི་ཅི། གཞན་བརྟེན་ལ་ཡིད་ཚིམས་བཞིན་འདུག་ཕོད་པའི་གླེན་པའི་སྙིང་སྟོབས་དེ་དུས་རབས་ཀྱི་སྔར་ནས་དོར་ཚར། ད་ནི་ཁྱོད་ཀྱང་ཨུ་ཚུགས་ཀྱི་ངན་གོམས་དོར་ཏེ་བག་ཆགས་ཀྱི་བསླུ་བྲིད་ལས་བརྒལ་རན། དེ་ལས་ལྡོག་ཏེ་བདག་པོར་སྐྱབས་བཅོལ་ཞིང་མགོ་འབུལ་ལུས་འབུལ་གཏོར་ཏེ་སྔར་བཞིན་འཚོ་བ་བསྐྱལ་བའི་དབང་དུ་བཏང་ན་གཞན་ཐད་ཀྱི་ཁེ་ཕན་དང་གོ་སྐབས ། རང་སྟེང་གི་ཞན་ཆ་དང་ཉམས་རྒུད་ལས་མ་འདས།

ཁྱོད་ཀྱི་དོར་བ་མེད་པའི་གཞན་འབྲངས་ཀྱི་གཤིས་ཀ་ལས་ཁྱོད་ཀྱི་རིགས་སུ་གཏོགས་པའི་བྱ་ཕྲུག་དག་གི་སྐྱོ་གར་དང་ཕམ་ཁ་རྟོགས་ལ། དེས་སྐྱོན་མཛུབ་དང་འདུན་སྐུལ་མེད་པའི་ཁྱོད་ཀྱི་ཁོར་ཡུག་ན་རྟོགས་སད་དང་གོ་ཚོར་མེད་པའི་གུ་ཡངས་ཀྱི་གནས་ལུགས་འདི་གྲུབ་པ་ཡིན། དེ་བས་སྐུལ་ཞིང་བསླངས་དགོས་པ་ནི་ཁྱོད་རྟོགས་སད་ཀྱི་མགོ་བོ་དགྱེ་དགྱེ་ཀྱིས་དང་། ངས་ཁྱོད་རང་སྔར་བཞིན་ལྷ་བྱར་བརྩིས་ཏེ་བསྔགས་བརྗོད་ཚད་མེད་བྱེད་བཞིན། ངས་ནི་མཚང་འབྱིན་དང་འཁང་ར་ཅི་ཐུབ་ཀྱིས་གཞན་བརྟེན་གྱི་ཆོག་ཤེས་དང་རྙིང་ཞེན་གྱི་བག་ཆགས་ཀྱི་བཙན་གྱིས་བསྡོམས་པའི་སྒོ་གླགས་ཏེ་ཡང་ཡང་རྡུང་སྲིད། །

2018ལོའིཟླ10ཚེས18ཉིན།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།