ཀྲུང་གོ་བོད་ཀྱི་དྲ་བ།

《ཟིང་ལོང་རྡེའུ་འགྲེམས》བཀླགས་པའི་རེག་ཟིག་སྣ་ཟིན་སྤུ་ཟིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : (ཟི་ལིང་།)ཏཱ་ནི་ལྷ་རྒོད།   སྤེལ་དུས། : 2019-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief (1).jpg

དང་པོ། དེབ་གསར་འདི་དང་འབྲེལ་བའི་སྐད་ཆ་བཞུན་མོ་འགའ།

ངེད་རང་སློབ་ཆེན་དུ་ཐོན་པའི་ཚུན་ཆད་ནས་རང་རེའི་དེང་རབས་རྩོམ་རིག་གི་བརྩམས་ཆོས་མང་པོ་ཞིག་བཀླགས་མྱོང་མེད་ཅིང་། ནང་སྒོས་སུ་སྒྲུང་གཏམ་དང་རང་མོས་སྙན་ངག་བཀླགས་པའི་མྱོང་བ་ཤིན་ཏུ་ཉག་ཕྲ་བ་ཡིན། འོན་ཀྱང་། སྔོན་ཆད་དམའ་འབྲིང་དང་མཐོ་འབྲིང་དུ་ཡོད་པའི་དུས་སུ་རྣམ་ཀུན《སྦྲང་ཆར》དུས་དེབ་ལ་ཆད་མེད་དུ་བལྟས་ཤིང་།《སྦྲང་ཆར》ནི་རང་གི་བོད་སྐད་ཡིག་གི་རྨང་གཞི་འདིང་བའི་དཔེ་ཆ་དྲིན་ཆེན་ཞིག་ཡིན། དེ་བས་གཟའ་འཁོར་སྔོན་མར་ཀུན་གྱིས་དྲ་ལམ་དུ་བརྒྱུད་བསྐུར་དང་འོས་སྦྱོར་གང་ལེགས་བྱེད་བཞིན་པའི་ད་ལོའི་དེབ་གསར་གཅིག་ནི《སྦྲང་ཆར》རྩོམ་སྒྲིག་ཁང་གི་རྩོམ་རིག་དཔྱད་བརྗོད་པ་ཆེན་མོ་ཨ་བུའམ་ཆོས་སྐྱོང་ལགས་ཀྱིས་ད་ལོར་གསར་དུ་བྲིས་ནས་གྲུབ་མ་ཐག་པའི་དེབ་གསར་ཏེ《ཟིང་ལོང་རྡེའུ་འགྲེམས》ཞེས་པ་འདི་རེད། དེབ་འདི་ཐོག་མར་ལག་ཏུ་འབྱོར་དུས་དེབ་ཀྱི་ཁ་བྱང་གཅིག་པུས་ནང་དོན་ཡང་གསལ་པོ་ཞིག་མ་གོ་བར་མནོ་བསམ་ཡང་ཡང་བཏང་བ་ཡིན། དང་པོ་ངེད་ཀྱི་བསམ་པར་ཨ་བུ་ལགས་ཀྱང་འགྱན་སངས་ཇི་བཞིན་ཚིག་གི་སྙན་ཆའམ་མཛེས་ཉམས་འདོན་ལུགས་ལ་ཐུགས་ཉམས་ཤུགས་ཆེན་བྱེད་མཁན་ཞིག་རེད་བསམས་བྱུང་། འོན་ཀྱང་། དེབ་འདི་ཉིད་ཞིབ་ཏུ་བཀླགས་པའི་གོ་རིམ་ཁྲོད་ད་གཟོད་དེབ་འདིའི་ཁ་བྱང་ལ་གོ་བ་བཞུན་མོ་ཞིག་ཆགས་པ་མ་ཟད། རྩོམ་པ་པོ་ཉིད་ནི་གནའ་དེང་ཟུང་གི་རྩོམ་རིག་གཞུང་ལུགས་ཀྱི་མཁྱེན་རྒྱ་ཟབ་ཅིང་། འདི་འདྲའི་དེབ་གསར་ཞིག་གི་བླ་དྭགས་ལའང་བསམ་གཞིག་གི་བར་སྟོང་ཡངས་པོར་ཕྱེས་པའི་སྒོ་ནས་མི་རིགས་རང་གི་རིག་གནས་ཀྱི་སེམས་ཁམས་གཙིགས་སུ་བཟུང་ནས་བཏགས་པ་མངོན་པར་གསལ། དེབ་འདི་སྔོན་འགྲོའི་གཏམ་དང་ལེའུ་ཆེན་པོ་གསུམ་གྱིས་གྲུབ་ཅིང་། སྔོན་འགྲོའི་གཏམ་དེ་ཡང་སྤྱིར་བཏང་གི་སྔོན་འགྲོ་འབྲི་སྟངས་ལྟར་མ་བྲིས་པར་ཁོང་ལ་རྩོམ་རིག་ཕྱོགས་ཀྱི་བཅར་འདྲི་བྱས་པའི་རྒྱུན་ཤེས་ཅུང་རྒྱས་པ་ཞིག་གིས་ཐོག་དྲངས་ནས་འབྲི་ལུགས་འདི་ལ་གཅིག་ནས་གསར་གཏོད་ཀྱི་ཆ་ལྡན་པ་དང་། གཉིས་ནས་བདག་ལྟ་བུ་དེང་རབས་རྩོམ་རིག་གི་བློ་སྦྱོང་ཤིན་ཏུ་དམན་པ་རྣམས་ལ་ཐོག་མའི་སྔོན་འགྲོའི་གཏམ་འདི་རྨང་གཞིའི་རྒྱུན་ཤེས་ལྟ་བུར་སོང་ནས་དེབ་ཀྱི་ནང་དོན་ལ་འཇུག་བདེ་བའི་ལམ་སྟོན་གྱི་ནུས་པ་དམིགས་བསལ་ལྡན་པ་དང་། གསུམ་ནས་ལེའུ་སོ་སོའི་མིང་འདོགས་སྟངས་ཀྱང་ཁྱད་པར་བ་ཞིག་འདུག་སྟེ། ལེའུ་དང་པོ་སྟེ《གླེང་སློང་བའི་གཏམ་ཉམས་མྱོང་གིས་ཁྱད་ཕྱེས་པ》ཞེས་པ་ནས་ལེའུ་གསུམ་པ་སྟེ《ཟུར་དུ་བཀོད་པའི་གཏམ་རིགས་ལམ་གྱིས་ཁུངས་བརྒྱན་པ》ཞེས་པ་ལྟར་བཀླགས་མ་ཐག་ཏུ་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པ་དང་། རྩོམ་པ་པོ་ཉིད་ཀྱིས་རྩོམ་རིག་ལ་བཅངས་པའི་འདུན་པ་ཟབ་མོ། རྩོམ་རིག་ལས་རྙེད་པའི་ཉམས་མྱོང་འཛོམས་པོ། རྩོམ་རིག་ལ་འཇོན་པའི་རང་རྟོན་འཕེར་པོ་བཅས་ལེའུ་སོ་སོའི་ཁ་བྱང་བཀླགས་མ་ཐག་ཏུ་ལེའུ་རེ་རེའི་སྤྱི་དོན་དང་ཁྱད་ཆོས་རེ་རེ་ལམ་སེང་ཡིད་དུ་འཁོར་ཡོང་བ་ནི་ཁོང་ལྟ་བུའི་རྩོམ་རིག་ལ་མཁྱེན་དཔྱོད་ཡངས་པ་ཞིག་གིས་མ་གཏོགས་འབྲི་དཀའ་བར་སྣང་བ་རྩོམ་རིག་ལ་འབྲེལ་འདྲིས་ཅུང་ཙམ་ཟབ་པའི་ཀློག་པ་པོ་ཀུན་ལ་ངེས་པར་གསལ་བ་ལགས། དེབ་མཆོག་འདིའི་ཕུན་སུམ་ཚོགས་པའི་ནང་དོན་གྱི་ཟབ་ས་རྣམས་རེ་རེ་བཞིན་ཁོ་བོས་ཇི་ལྟར་རོལ་མྱོང་བྱས་པའི་གནད་རྣམས་ཀློག་པ་པོ་ཀུན་གྱི་སྙན་ལམ་དུ་མ་ཞུས་པའི་སྔོན་དུ་ཆེས་བརྗོད་པར་འདོད་པ་ནི་མགོ་ནག་ས་ཡ་དྲུག་གི་ཚེ་ཡི་གཟུང་ཐག་ཉག་གཅིག་ཏུ་གྱུར་པའི་རང་རེའི་སྐད་ཡིག་འདི་ཉིད་དང་ནང་སྒོས་སུ་ད་ལྟའི་ན་གཞོན་རིགས་ཞེན་ཅན་རྣམས་ཀྱིས་ཁྲ་ཆུང་མིག་གིས་བལྟ་ས་དང་དར་ལུང་རྣ་བའི་མཉན་ས་རུ་གྱུར་པའི་བོད་ཀྱི་དེང་རབས་རྩོམ་རིག་འདི་ཉིད་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་ནང་དཔལ་དོན་གྲུབ་རྒྱལ་མཆོག་གི་རིགས་ཞེན་གྱི་སྤོབས་པས་མཐོ་རུ་འདེགས་པའི་ཐོག་མའི་ལོ་ཟླ་ནས་ད་ལྟ་ལ་ཐུག་གི་བར་གྱི་མི་ལོ་བཞི་བཅུའི་གཡུར་དུ་ཟ་བའི་འབྲས་བཟང་གི་འཕྲིན་ལས་དང་། ཡང་ན་བོད་ཀྱི་དེང་རབས་རྩོམ་རིག་འདི་ཉིད་ཀྱག་ཀྱོག་གི་ལོ་ཟླ་མང་པོ་ཞིག་བརྒྱུད་ནས་འཚར་ལོངས་བྱུང་བའི་འཕེལ་རྒྱས་ཀྱི་གནས་བབ་ལ་ཁ་ཡག་དང་ངོ་བསྟོད་ཀྱི་དབང་དུ་མ་སོང་བ། ལེགས་སོ་དང་ཤ་གཟུག་ཟ་རྐྱང་གི་རྩིང་ལས་སུ་མ་སོང་བ། གཟུར་གནས་དང་ཉམས་ཞིབ། ཕྱིར་རྟོག་དང་མཐའ་དཔྱོད་ཡོད་པ་བཅས་ཀྱི་སྒོ་ནས་བཟང་ན་བཟང་བའི་དགེ་མཚན་གནད་དུ་ཁེལ་བ། ཉེས་ན་ཉེས་པའི་གོ་འཛོལ་མཛུབ་མོ་རི་སྟོན་གྱི་ཚུལ་དུ་བསྟན་ཡོད་པ་བཅས་ཀྱི་བགྱི་བ་འདི་ནི་རང་ཅག་བཤད་ལ་མཁས་ཤིང་ལག་ལེན་ལ་མི་འཇོན་པའི་མི་རིགས་འདི་ཉིད་གོམ་གང་མདུན་དུ་སྤོ་བར་བསྐུལ་བའི་མིག་དཔེ་ཉག་ཅིག་ཏུ་འཁུམས་པས། ཁོང་དང་ཁོང་ལྟ་བུའི་སྒལ་ཚིགས་ཅན་དག་ནམ་ཡང་རླུང་རྟ་དར་ཞིང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།

གཉིས་པ། རྩོམ་རིག་རྒྱུན་ཤེས་དང་འབྲེལ་བའི་དོགས་གཅོད་རིག་པའི་རལ་གྲི།

རྩོམ་པ་པོ་གང་གིས《ང་ནི་རྩོམ་སྒྲིག་པ་དཀྱུས་མ་ཞིག་ཡིན》ཞེས་པ་ལྟར་ང་ཡང་རྩོམ་རིག་ལ་དགའ་བའི་ཀློག་པ་པོ་དཀྱུས་མའི་ནང་གི་དཀྱུས་མ་ཞིག་ཡིན། ཨ་བུ་ལགས་ཀྱིས་བབ་ཆགས་པའི་ཚིག་སྦྱོར་གྱི་རྒྱུན་བཞུན་མོ་ཞིག་དང་བསྡོངས་ནས་ལེའུ་དང་པོའི་ནང་དུ་བོད་ཀྱི་དེང་རབས་རྩོམ་རིག་གི་གནད་འཛིན་དུས་དེབ《སྦྲང་ཆར》ཉིད་དཀྱུས་སུ་བཟུང་ནས་ཕྱི་ལོ2000ནས2010ལོའི་བར་གྱི་མི་ལོ་བཅུའི་རིང《སྦྲང་ཆར》དུས་དེབ་དང་མཉམ་དུ་ཡར་རྒྱས་གོང་འཕེལ་དུ་སོང་བའི་བོད་ཀྱི་དེང་རབས་རྩོམ་རིག་འདི་ཉིད་ཀྱི་གནས་བབ་གསར་པར་ཕྱོགས་ཡོངས་ནས་ཉམས་ཞིབ་དང་གདེང་འཇོག་ཡིད་དུ་འཐད་པ་རེ་གནང་ཡོད། དེ་ཡང་གཙོ་བོ《སྦྲང་ཆར》དུ་བཀོད་པའི་བརྩམས་ཆོས་དག་གཞིར་བཟུང་ནས་སྒྲུང་གཏམ་དང་། སྙན་ངག ལྷུག་རྩོམ། དཔྱད་བརྗོད་བཅས་རིས་སུ་མ་ལྷུང་ཞིང་གསལ་ཆ་ཆེ་བའི་སྒོ་ནས་རྩོམ་ལུས་བྱེ་བྲག་པ་རེ་རེའི་བརྗོད་བྱ་དང་རྗོད་བྱེད་གཉིས་ཟུང་དུ་འབྲེལ་ནས་གཞུང་ལུགས་ཀྱི་ཁུངས་བཙུན་པ། དེབ་ཏུ་བཀོད་ཟིན་པའི་བརྩམས་ཆོས་རྣམས་རེ་རེ་བཞིན་ནན་གྱིས་བཀླགས་ཏེ་གླེང་བཞིན་ཡོད་པས་འགན་ཁུར་གྱི་འདུ་ཤེས་ཟབ་པ། རྩོམ་པ་པོ་རང་ཉིད་རྩོམ་རིག་གསར་རྩོམ་དང་རྩོམ་རིག་དཔྱད་བརྗོད་གང་གི་ཆ་ལའང་འཇོན་ཐང་ངེས་ཅན་ལྡན་པས་གཏམ་ཅི་གསུང་རིགས་ལམ་གྱི་གནད་ཟིན་པ། བགྲང་བྱ་བཅུའི་རིང་གི་རྩོམ་སྒྲིག་གི་བགྱི་བ་ལྷུར་གྱིས་བཞེས་པས་བརྩམས་ཆོས་དང་རྩོམ་པ་པོ། བརྩམས་པའི་དུས་བཅས་ལ་མཛོ་བདག་ལ་མཛོ་རྒྱུས་ཟབ་པ་ནང་བཞིན་བོད་ཀྱི་རྩོམ་རིག་སྤྱི་དང་།

ཆོས་སྐྱོང་། མིང་གཞན་ལ་ཨ་བུ་ཟེར། 1978ལོར་མཚོ་སྔོན་རྡོ་སྦིས་རྒྱ་ཚང་སྡེ་བར་སྐྱེས། 1994ལོ་ནས1998ལོའི་བར་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་དུ་དངོས་གཞིའི་སྦྱང་ཚན་གཉེར། 1999ལོ་ནས2001ལོའི་བར་སློབ་གྲྭ་དེ་གའི་བོད་ཀྱི་གནའ་རབས་ལོ་རྒྱུས་གསོ་སྦྱོང་འཛིན་གྲྭ་འགྲིམས། 2017ལོར། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མིའི་གྲས་སུ་ཞུགས། ད་ལྟ《སྦྲང་ཆར》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་སྒྲུབ་མུས་ཡིན། མི་སྒེར་གྱི་བརྩམས་ཆོས་ལ《རང་གྲོལ་ཞིབ་འཇུག》དང《ཟིང་ལོང་རྡེའུ་འགྲེམས》 《རྡུལ་འཚུབ་ལང་ལོང—ཨ་ལེའི་སྒྲུང་ཐུང་བདམས་བསྒྲིགས》(བོད་འགྱུར) 《འཛམ་གླིང་ཤེས་རིག་གི་བྱུང་བ་མདོ་ཙམ་བརྗོད་པ》(བོད་འགྱུར)《གྱང་ཆག—ན་རོའི་སྙན་ངག་ཕྱོགས་བསྒྲིགས》(རྒྱ་འགྱུར)《སཾ་རྒྱ་ཤན་སྦྱར་སྒྲ་ལྡན་ཚིག་མཛོད》(རྒྱ་འགྱུར་མཉམ་ལས)སོགས་མཆིས། སྒྲུང་གཏམ་དང་ལྷུག་རྩོམ། དཔྱད་བརྗོད། འགྱུར་རྩོམ་བཅས་པའི་རྩོམ་ཡིག་ཁ་གྲངས་ལོངས་པ་ཞིག་བོད་ཁམས་ཀྱི་ཚགས་དེབ་ཁག་ཏུ་སྤེལ། རྩོམ་རིག་དཔྱད་བརྗོད《ཕྱིར་འཁོར་བ》ཞེས་པར་སྐབས་དྲུག་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”རག་ཅིང་། ཆེད་དེབ་ཐོག་མ《རང་གྲོལ་ཞིབ་འཇུག》ཅེས་པར་མཚོ་སྔོན་ཞིང་ཆེན་གྱི་ཆེས་ཐོག་མའི“རྩོམ་རིག་སྒྱུ་རྩལ་དཔྱད་བརྗོད་བྱ་དགའ”ཨང་དང་པོ་དང་། སྐབས་བདུན་པའི“རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་ཞིབ་འཇུག་བྱ་དགའ”ཐོབ། བོད་འགྱུར་སྒྲུང་གཏམ《གཞས་དབྱུག》ཅེས་པར2015ལོའི《མི་རིགས་རྩོམ་རིག》གི་ལོ་ཙཱའི་བྱ་དགའ་ཐོབ་པ་བཅས་ཀྱིས་མཚོན་ཞིང་ཆེན་ཕྱི་ནང་དང་སྤྱི་སྒེར་གཉིས་ཀྱི་གཟིགས་བཟོས་མང་པོ་བུ་ལོན་གྱི་གསོས་སུ་ཉར་ཡོད།

ཐ་ན་རྩོམ་པ་པོ་རེ་རེའི་རྩོམ་རིག་གསར་རྩོམ་གྱི་བརྒྱུད་རིམ་དག་ཀྱང་ཁོང་དུ་ཆུད་ནས་ཁོ་ཚོའི་རྩོམ་གཤིས་དང་། ཁྱད་ཆོས། རྩོམ་འབྲིའི་ལས་ཀ་རྒྱུན་འཁྱོང་གིན་ཡོད་མེད་ཀྱི་གནས་ཚུལ། ཡང་ན་རྩོམ་པ་པོ་ཞིག་གི་བརྩམས་ཆོས་རྣམས་ལོ་སྔ་ཕྱི་བསྡུར་ནས་ཐོལ་བརྒལ་དང་མདུན་སྐྱོད་ཀྱི་ཆ་ལྡན་མིན་བཅས་ཀྱང་ལག་མཐིལ་ལ་སྐྱུ་རུ་ར་བཞག་པ་ཇི་བཞིན་ཤིན་ཏུ་གསལ་བ་འདི་ནི་གསར་དུ་གཉོམ་ལག་རྒྱས་ཤིང་མགོན་མེད་སྐྱབས་མེད་དུ་གྱུར་པའི་བོད་ཀྱི་དེང་རབས་རྩོམ་རིག་ལ་མཚོན་ན་ཅི་འདྲའི་བརྗེད་ཐབས་བྲལ་བའི་བྱམས་བརྩེའི་གཟིགས་སྐྱོང་ཆེན་པོ་ཞིག་རེད་ཨང་། ཁོང་གིས་རང་རེའི་དེང་རབས་རྩོམ་རིག་གི་དཔུང་སྡེ་གསར་པར་གྱུར་པའི་རྩོམ་པ་པོ་མི་ཉུང་བ་ཞིག་གི་བརྩམས་ཆོས་དང་རྩོམ་པ་པོ་གཉིས་ལ་དཀྱུས་གཅིག་ཏུ་དཔྱད་ནས་ལེགས་ཆ་མངོན་པར་བསྟོད་ཅིང་མི་འདང་བའི་སར་བསམ་ཚུལ་འགའ་རེ་ཞུས་ཡོད་པ་དེ་དག་ཡང་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་ལ་གཤིབ་བསྡུར་ཡོད་པའམ་རྩོམ་རིག་གཞུང་ལུགས་ཀྱི་མཐོང་རྒྱ་ཟབ་ས་ཞིག་ཏུ་གླེང་བཞིན་པ་ནི་དེབ་འདི་མགོ་ནས་མཇུག་བར་ཆ་ཚང་བཀླགས་ན་ད་གཟོད་གསལ་པོར་ཤེས་ཡོང་། ནང་སྒོས་སུ་སྒྲུང་གཏམ་དང་འབྲེལ་བའི་གཏམ་དུ་སྒྲུང་གཏམ་པའི་དཔུང་སྡེ་དང་། སྒྲུང་གཏམ་གྱི་བརྗོད་བྱ་བརྗོད་སྙིང་། སྒྲུང་གཏམ་གྱི་རྣམ་པ་དང་ཐབས་རྩལ་སོགས་ཟུར་ངོས་དུ་མ་ནས་གླེང་ཏེ་བོད་ཀྱི་དེང་རབས་རྩོམ་རིག་གི་གྲུབ་ཆ་གལ་ཆེན་དུ་གྱུར་པའི་སྒྲུང་གཏམ་ལ་ཞིབ་འཇུག་གཏིང་ཟབ་མོ་བྱས་ནས་སྒྲུང་གཏམ་གསར་རྩོམ་ཐད་དུ“སྒྲུང་གཏམ་གསར་རྩོམ་གྱི་སྐྱོན་ཆའམ་མི་འདང་ས་རེ་གཉིས་མིག་ལམ་དུ་ཐོགས་ཀྱང་འོངས་པ་ནི། གཅིག་ནས། བརྩམས་ཆོས་གང་དང་གང་ལ་ཆ་བཞག་ན་ཡང་གསར་རྩོམ་གྱི་ཁྱད་ཆོས་ཅུང་ཟད་ཞན་པ་འདྲ། རྩོམ་པ་པོ་ཞིག་ཡིན་ན་གསར་རྩོམ་གྱི་ཁྱད་ཆོས་མེད་པ་ནི་ཤིན་ཏུ་ནས་ཡིད་སྐྱོ་བ་ཞིག་རེད། གསར་རྩོམ་གྱི་ཁྱད་ཆོས་དེ་གསར་པ་ཞེས་པའི་སྟེང་ན་ཡོད་ཤ་སྟག་ཅིག་མ་ཡིན་པར། རང་ཉིད་གཞན་དང་མི་གཅིག་པའི་ཁྱད་ཆོས་ཀྱི་སྟེང་མཆིས་ཤིང་། བྱེ་བྲག་ཏུ་བརྗོད་བྱ་རྗོད་བྱེད་བརྗོད་སྙིང་བཅས་ཀྱི་སྟེང་ན་ཏིལ་ལ་ཏིལ་མར་བཞིན་གནས་པ་ཞིག་ཀྱང་རེད། ཐ་ན་སྒྲུང་གཏམ་དུ་བྱུང་བའི་མི་སྣའི་འགྲོ་འདུག་སྤྱོད་གསུམ་དང་སེམས་སེམས་བྱུང་བཅས་གཞན་དང་མ་འདྲེས་པར་རང་ཁྱད་ལྡན་པ་ཞིག་ཡོང་བར་རག་ལས།”ཞེས་གསུངས་པ་ནི་རང་རེའི་སྒྲུང་གཏམ་གསར་རྩོམ་པ་དག་ལ་མཚོན་ན་སེམས་ལ་འཛིན་རྒྱུའི་ཚིག་དང་རུམ་ལ་བསྡུ་རྒྱུའི་བྲོ་རུ་འགྱུར་བར་གདོན་མི་ཟའོ་བསམས། ཁོང་གིས་བོད་ཀྱི་སྒྲུང་གཏམ་པ་སོ་སོའི་ཐུན་མིན་གྱི་རྩོམ་གཤིས་ལ་དཔྱད་འཇོག་བྱས་པ་ཤིན་ཏུ་གནད་ལ་ཁེལ་ཡོད་པར་བསམས་ཏེ། སྟག་འབུམ་རྒྱལ་གྱི་ཁྱིའི་གཏམ་རྒྱུད་དང་། སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་གྲོ་ཞིང་ཁ། རིག་ལྡན་རྒྱ་མཚོའི་གནའ་གྲོང་། ལྷ་བྱམས་རྒྱལ་གྱི་རང་ཁྱད་རྫོགས་པའི་རྗོད་བྱེད་ཚིག་གི་མཛེས་ཉམས་ལ་བརྒྱུས་པའི་གཡུ་ཐོག་ཟམ་པའི་གཏམ་རྒྱུད་སྣ་ཚོགས་སོགས་རྩོམ་པ་པོ་རེ་རེའི་སྒྲུང་གཏམ་གྱི་བྱུང་རིམ་དང་། བརྗོད་བྱ་འདེམ་སྟངས། རྗོད་བྱེད་ཚིག་གི་ཉམས་འགྱུར་ཅི་མཆིས་ཕྱོགས་རིས་དང་སྒྱིད་ལུག་གི་དབང་དུ་མ་སོང་བར་ཞིབ་ཏུ་འགྲེལ་ཡོད་པ་ནི་རང་རེའི་ལྟ་བུ་འབྲི་ཤེས་མཁན་ལས་ཀློག་ཤེས་མཁན་ཉུང་བའི་བོད་ཀྱི་དུས་རབས་གསར་པའི་ཀློག་པ་པོ་དག་ལ་མཚོན་ན་དམིགས་བུའི་ལམ་ཁྲིད་ལྟ་བུའི་མཛུབ་སྟོན་ཞིག་ཅིས་ཀྱང་ལོས་ཡིན་བསམས་སོང་། ཁོ་བོ་ལྟ་བུར་མཚོན་ན་ཡང་གོང་གི་སྒྲུང་གཏམ་རྩོམ་པ་པོ་དེ་དག་ལས་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ཁ་ཤས་བཀླགས་མྱོང་ཡོད་ཅིང་། དེ་ལས་ང་ནི《ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》ཞེས་པ་དང《དབུས་ལམ་རིང་མོ》གཉིས་ཀྱིས་བག་ཆགས་ཟབ་མོ་བཞག་སོང་། སྒྲུང་གཏམ་སྔ་མ་རུ“དེ་ནས་བཟུང་། དུས་ཚོད་ཀྱི་ལྗོན་ཤིང་ལ་ཡལ་ག་གཉིས་སྐྱེས་ཡོང་སྟེ། ཡལ་ག་གཅིག་ལ་མཚན་གྱི་རྨི་ལམ་ཟེར་ཞིང་། ཡལ་ག་གཅིག་ལ་ཉིན་གྱི་རེ་ལྟོས་ཟེར། ཡལ་ག་དེ་གཉིས་ཡར་འབྲོག་ནས་ལྡང་ཡོང་བའི་རླུང་གིས་ཡང་ཡང་གཡོས་ནས་འཇགས་མཐའ་ཞིག་མི་འདུག”ལྟ་བུ་ང་རང་ཆེས་དགའ་བའི་སྐད་ཆ་ཚན་པ་གཅིག་རེད། གཅིག་ནས་སྐད་ཆ་ཚན་པ་འདི་སྙན་ངག་གི་རང་བཞིན་བླ་ལྷག་ཏུ་ཐོན་པར་བརྩོན་ནས་བྲིས་ཡོད་པ་དང་། གཉིས་ནས་དེང་གི་རྒྱ་མིན་བོད་མིན་གྱི་སྐད་ཆ་ར་མ་ལུག་ལྟར་སྙན་ངག་གིས་བརྒྱན་བསམས་ཀྱང་རྒྱན་ཚུལ་ལ་ལེགས་པར་མ་བྱང་བར་བོད་མི་རྒྱ་ཡིག་མི་ཤེས་པ་དག་གིས་བལྟས་ན་གོ་རྒྱུ་མི་འདུག་པ་དེ་འདྲ་ཞེ་དྲག་མང་པོ་འདུག དེ་དག་དང་བསྡུར་ན་རྩོམ་པ་པོ་ལྷ་བྱམས་རྒྱལ་ནི་བརྗོད་བྱ་རྗོད་བྱེད་གཉིས་ཕ་བུ་བཞིན་ཕན་ཚུན་ངོ་ལེགས་པར་འཕྲོད་ནས་རང་ཅག་གི་འཚོ་བའི་བདེ་སྡུག་གླེང་བར་འཇོན་པའི་ཕ་སྐད་སྒྲུང་གཏམ་པ་གཞན་དྲིང་མི་འཇོག་པ་ཞིག་ཡིན་པ་ཨ་བུ་ལགས་ཀྱིས་དཔྱད་བརྗོད་གནང་བ་དེ་བཞིན་རེད། དེ་བཞིན་ཁོང་གིས་སྙན་ངག་དང་ལྷུག་རྩོམ་གླེང་བའི་རབ་བྱེད་དུའང་རང་རེའི་དུས་རབས་གསར་པ་དང་སྒོས་སུ་ཕྱི་ལོ2000ནས2010ལོའི་བར《སྦྲང་ཆར》དུས་དེབ་ཏུ་བཀོད་པའི་བརྩམས་ཆོས་དག་གཞིར་བཟུང་ནས་ད་ལྟའི་གནས་བབ་ལག་མཐིལ་ལ་སྐྱུ་རུ་ར་རློན་པ་བཞག་པ་ཇི་བཞིན་སྙན་ངག་གསར་རྙིང་གཉིས་ཀ་དང་། ལྷུག་རྩོམ་གྱི་སྤྱིའི་འཕེལ་ཕྱོགས་དང་། བྱེ་བྲག་རྩོམ་པ་པོ་རེ་རེའི་རྩོམ་གཤིས་ལྷུག་པོར་གླེང་བ་འདི་ནི་རང་རེའི་དེང་རབས་རྩོམ་རིག་འདི་ཉིད་འཕེལ་རྒྱས་ཀྱི་ཆུ་ཚད་གསར་པ་ཞིག་ཏུ་བསླེབ་པར་བསྐུལ་བའི་གཟུར་གནས་ཀྱི་དཔྱད་བརྗོད་དོན་སྙིང་ཅན་ཞིག་ལོས་ཡིན་བསམས། བོད་ཀྱི་ཀློག་པ་པོ་ཀུན་ལ་བག་ཆགས་ཆེས་ཟབ་པའི་སྙན་ངག་པ་འཇུ་སྐལ་བཟང་དང་ལྡོང་ཆུ་ཤེལ། རོང་བོ་དགེ་ལྷུན་གྲུབ། སྐྱབས་ཆེན་བདེ་གྲོལ། གཅན་མེ་སྟག་སོགས་སྙན་ངག་གསར་རྙིང་གཉིས་ཀྱི་ཚབ་མཚོན་སྙན་ངག་པར་གྱུར་པ་དག་ལ་རྙིང་པར་ཞེན་ནས་གསར་པ་འགོག་པའམ་གསར་པར་ཞུགས་ནས་རྙིང་པ་དོར་བ་ཞིག་མ་ཡིན་པར་གནའ་དེང་ཟུང་འབྲེལ། གསར་རྙིང་མཉམ་གནས་ཀྱིས་དཔྱད་བརྗོད་གནད་དུ་ཁེལ་བ་རེ་གནང་བ་འདི་ཡང་ཁོང་ཉིད་བོད་ཀྱི་དེང་རབས་རྩོམ་རིག་ལ་མཉེས་གཤིན་ཆེ་བའི་རང་རྟགས་མངོན་པར་གསལ་བ་ཞིག་ཡིན་པ་རང་རེའི་ཀློག་པ་པོ་རྣམས་ཀྱིས་ཐད་ཀར་ཤེས་ཐུབ་པ་ཞིག་རེད། ལྷུག་རྩོམ་གྱི་སྐབས་སུ་ཡང་སྙན་ངག་གླེང་དུས་བཤད་ཟིན་པའི་སྙན་ངག་པ་འཇུ་སྐལ་བཟང་ཡང་བསྐྱར་མཚམས་སྦྱོར་བ་མ་ཟད། ཁོང་གི་ཚབ་མཚོན་བརྩམས་ཆོས《རང་ཁྱིམ》དང《སྦྲ་ནག་གི་གྱེས་འབོད》གཉིས་ཀྱི་སྒྱུ་རྩལ་ཁྱད་ཆོས་གསལ་པོར་བཀྲལ་ནས་ཕྱི་མ་ནི་སྔ་མའི་མཚོན་སྟོབས་ཆེ་རུ་འཕགས་པའི་རྟེན་འབྲེལ་གྱི་འབྲེལ་བ་ཟབ་མོ་ཞིག་ཡིན་པའི་གསང་དོན་ཡང་རྒྱ་ཆེའི་ཀློག་པ་པོ་ཀུན་གྱི་ལེགས་སྐྱེས་སུ་བསྟབས་ནས་རང་རེའི་རྩོམ་རིག་གི་ཞིང་ས་རུ་གོ་གནས་བརྟན་པོ་ཞིག་ཟིན་མེད་པའི་ལྷུག་རྩོམ་གྱི་ལས་དབང་ལའང་ཐུགས་ཁུར་ཟབ་བཞེས་གནང་གིན་པ་འདིས་ཀྱང་དཔྱད་བརྗོད་པ་ཆོས་སྐྱོང་ལགས་ཀྱི་རྩོམ་རིག་གི་མིག་རྒྱང་གཞན་ཞིག་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ།

གསུམ་པ། ལོངས་སྤྱོད་དང་དེ་ལས་རྙེད་པའི་ཉམས་མྱོང་གི་ནོར་བུ། 

གོང་དུ་སྨྲས་པ་བཞིན་ཨ་བུའམ་ཆོས་སྐྱོང་ལགས་ཀྱི་དེབ་འདི་རྩོམ་རིག་དང་འབྲེལ་བའི་བཅར་འདྲི་དང་། བགྲང་བྱ་བཅུའི་རིང་གི་བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ། རྩོམ་རིག་དཔྱད་བརྗོད་དང་ལོ་ཙཱ། མཐའ་མའི་མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་དང་འབྲེལ་བའི་འབེལ་གཏམ་བཅས་ཀྱིས་གྲུབ་ཅིང་། ནང་དོན་སྤྱིའི་ཆ་ནས་གོང་དུ་སྨྲས་པ་བཞིན་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། དཔྱད་བརྗོད་སོགས་ཀྱི་གནས་བབ་ངོ་སྤྲད་ཅིང་སོ་སོའི་ཐད་ཀྱི་གྲུབ་འབྲས་དང་མི་འདང་ས་མཐའ་དག་སྤྱི་དང་བྱེ་བྲག་ཟུང་དུ་འབྲེལ་ནས་ལྷུག་པོར་བརྗོད་པ་འདི་ནི་རང་ཅག་གི་རྩོམ་རིག་ཀྱང་དེང་རབས་ཅན་གྱི་འཚོ་བའི་མེ་ལོང་དུ་འགྱུར་བའི་བདེན་དཔང་ལུང་རིགས་འཛོམས་པ་ཞིག་ཏུ་ངེས་པར་ཡིན་འདུག་སྙམ། དེབ་འདི་ཞིབ་ཏུ་མཇལ་བ་ནི་ལོངས་སྤྱོད་ཅིག་ཏུ་འཁུམས་ཤིང་། དེ་ཡང་ད་ལྟ་ཟང་ཟིང་ལང་ལོང་དུ་སྣང་བའི་རང་རེའི་རྩོམ་རིག་གི་བརྩམས་ཆོས་ལྟད་མོ་ཅན་རྣམས་ཆུའི་ནང་ནས་རྡེའུ་འགྲེམ་པ་ཇི་བཞིན་རིགས་ལམ་གྱི་འགྲོས་གསལ་པོ། ཚིག་སྦྱོར་གྱི་དཔུང་བཙན་པོ། ལྷག་བསམ་གྱི་མདངས་གསལ་བ་བཅས་ཀྱིས་ལེགས་པར་ཁྲ་ཆུང་མིག་གི་དགའ་སྟོན་དུ་མངོན་ཡོད་པ་འདི་ནི་ང་ལ་མཚོན་ན་ལོངས་སྤྱོད་དམིགས་བསལ་པ་ཞིག་རེད། དེ་དང་ལྷན་དུ་རང་ཉིད་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་བརྩམས་ཆོས་ཕུལ་དུ་བྱུང་བ་མང་པོ་ཞིག་ད་དུང་མཇལ་མྱོང་མེད་པ་དང་། རྩོམ་རིག་ལ་བློ་སེམས་དཀར་བའི་སྙུག་ཐོགས་པ་ཞིག་ཡིན་ན་གནའ་དེང་ཟུང་འབྲེལ་ཐུབ་པ། རང་གཞན་གཙོ་ཕལ་མ་ཤོར་བ་བཅས་ཀྱི་སྒོ་ནས་དཔེ་ཀློག་རྣལ་མ་ལ་ཞུགས་ན་ད་གཟོད་བོད་ཀྱི་རྩོམ་རིག་གི་ཞིང་ས་ལ་ལེགས་སྐྱེས་སྟོན་རིན་ཡོད་པ་རེ་དབུལ་བའི་གོ་སྐབས་ལྡན་པ་མ་ཟད། ཡང་གཅིག་ལ་ནི་རང་ཉིད་ཀྱང་རང་རེའི་ཕ་སྐད་འདིའི་ལང་ཚོ་ལ་དུས་དང་མཐུན་པའི་བཀྲག་མདངས་གསར་པ་རེ་སྟེར་བའི་རྩོམ་པ་པོ་བསོད་ནམས་ཅན་ཞིག་ཏུ་མི་འགྱུར་པའི་ངེས་པའང་མ་མཆིས་པའི་ངེས་ཤེས་ཟབ་མོ་ཞིག་འདྲོངས་པར་གྱུར། ཨ་བུ་ལགས་ཀྱི་བརྩམས་ཆོས་འདི་ཉིད་བཀླགས་ཚར་བའི་སྐབས་ཀྱི་ཚོར་བ་གཞན་ཞིག་ཏུ་རྩོམ་པ་པོ་ཁོང་ནི་བོད་རྒྱ་སྐད་རིགས་གཉིས་དང་། དེང་གི་ནུབ་གླིང་དང་ཙི་ན་པའི་རྩོམ་རིག་གཞུང་ལུགས་གསར་པ་ཀུན་ལ་མཁྱེན་རྒྱ་ཤིན་ཏུ་ཆེ་རུང་། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་རང་གི་ཕ་སྐད་ལ་བཅངས་པའི་བརྩེ་དུང་ཟབ་མོ་ནི་ཁོང་གི་སྐད་ཆ་ཚན་པ་གཅིག་སྟེ“དེབ་འདི་ཚེ་འདས་ཕ་མ་གཉིས་ཀྱིས་བདག་ལ་བོད་སྐད་བོད་ཡིག་གི་ལམ་ཡང་དག་ཅིག་བསྟན་པའི་བཀའ་དྲིན་རྗེས་དྲན་གྱི་སྐྱེས་སུ་ཕུལ་བའི་ཞར་ལ།བདག་གི་བུ་མོ་གངས་སྐྱེས་པད་མ་དང་བུ་ཆུང་རྡོ་རྗེ་རིན་ཆེན་གཉིས་ལ་བོད་སྐད་ཀྱི་གསོས་སུ་བྲིམས་པ་དང་བོད་ཡིག་གི་བུ་ལོན་དུ་བསྐྱིས་པའི་དོད་ཀྱང་ཡིན།”ཞེས་པའི་གསུང་དུམ་སྙན་མོ་འདི་ལས་ལེགས་པར་མཚོན་ནུས་པ་ཡིན། མཐར་བོད་ཀྱི་དེང་རབས་རྩོམ་རིག་གི་ལས་དབང་དང་དར་རྒུད་ལ་ཐུགས་ཁུར་དོན་དང་ལྡན་པ་གནང་བའི་རྩོམ་རིག་དཔྱད་བརྗོད་པ་ཁོང་གི་སྐུ་ཚེ་རྒྱལ་མཚན་བརྟན་ཅིང་བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞིག་ཀྱང་སྙིང་ཁོང་རུས་པའི་གཏིང་ནས་ཞུ་བར་བྱའོ། །   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།