ཀྲུང་གོ་བོད་ཀྱི་དྲ་བ།

དེང་རབས་ཀྱི་ཕྱུག་པོའི་བུ་དང་དབུལ་པོའི་བུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མེལ་ཚེ།


ངའི་བུ་མོ་སྒེར་བཙུགས་སློབ་གྲྭ་ཞིག་ཏུ་འགྲོ་བཞིན་ཡོད། ཅང་མ་འགོར་བར་མོའི་སློབ་གྲོགས་ཀྱི་གནས་ཚུལ་གྱིས་མོ་རང་ཧ་ལས་སུ་བཅུག་འདུག  ཨ་ཕ། ངའི་སློབ་གྲོགས་དེ་ལ་སྒེར་གྱི་ཁྱིམ་ཚང་གི་དགེ་རྒན་དྲུག་ཡོད་ཟེར། ཐ་ན་ལུས་རྩལ་ལ་ཡང་སྒེར་གྱི་དགེ་རྒན་འདུག ཨ་ཕ། ངའི་སློབ་གྲོགས་ཤིག་ཉིང་པོ་ནས་སློབ་གྲྭར་འོང་གིན་པས།  ལམ་བར་གྱི་དུས་ཚོད་ཆུད་མི་འཛའ་བར་བྱ་ཆེད། ཁྱིམ་ནས་མོ་ལ་རླངས་འཁོར་གྱི་ཁང་པ་ཞིག་ཉོས་འདུག་ལ།  མོས་རླངས་འཁོར་གྱི་ནང་ནས་ལས་བྱ་འབྲི་ཆོག་པར་མ་ཟད།  དགེ་རྒན་གྱིས་ཀྱང་རླངས་འཁོར་ནང་ནས་མོ་ལ་གསབ་ཁྲིད་བྱེད་ཀྱིན་འདུག་ཅེས་བཤད། ངའི་དཔྲལ་བ་ནས་རྔུལ་ཆུ་འཛུམ་བྱུང་།  སེམས་སུ་དེ་འདྲ་ཞིག་ལའང་སློབ་སྦྱོང་ཟེར་རམ་སྙམ།

མོས་བཤད་པའི་སློབ་གྲོགས་དེ་དག་ནི་ཕྱུག་པོའི་བུ་རབས་ཡིན་འདུག ངས་བུ་མོར་ཁྱོད་ཀྱིས་ཁོ་ཚོར་སློབ་སྦྱོང་བྱ་མི་རུང་།  རང་གི་སྦྱང་བྱ་ལ་འབད་པ་བྱས་པས་ཆོག་ཅེས་བཤད་པ་ཡིན།  སེམས་སུ་སློབ་སྦྱོང་མི་བྱེད་པར་རླངས་འཁོར་རྩ་ཆེན་བསྐོར་ནས་སྡོང་པོར་གདོང་ཐུག་རྒྱག་མཁན་དེ་དག་ཀྱང་ཕྱུག་པོའི་བུ་རབས་ཡིན་པ་མིན་ནམ་སྙམ།

ཉིན་ཞིག་ང་མོའི་ཉལ་ཁང་དུ་ཕྱིན་པར། བུ་མོ་ཞིག་གིས་སློབ་གྲྭའི་ལྭ་བ་གྱོན་ཞིང་། གདོང་ལ་རྔུལ་ནག་འཕྱུར་བཞིན་མལ་ཁང་གི་ཐང་གཅལ་ཕྱིས་རྗེས།ནན་ཏན་གྱིས་སློབ་སྦྱོང་བྱེད་མགོ་བརྩམས། ངས་བྱིས་པ་འདི་ཅི་འདྲའི་ངར་བ་ལ། ཁྱོད་ཀྱིས་མོ་ལ་སློབ་སྦྱོང་བྱ་འོས་ཞེས་བུ་མོ་ལ་བཤད་པར། བུ་མོས་དེ་ནི་ཁྱིམ་ཚང་གི་དགེ་རྒན་དྲུག་ཡོད་པའི་སློབ་གྲོགས་དེ་རེད་ཟེར། རྗེས་ནས་ངས་རིམ་བཞིན་བྱིས་པ་དེ་དག་ལ་རྒྱུས་ལོན་བྱུང་སོང་།

ཁྱིམ་ཚང་གི་ཆ་རྐྱེན་ཤིན་ཏུ་བཟང་བའི་བྱིས་པ་དེ་དག་སློབ་སྦྱོང་ལ་བརྩོན་པ་ཆེ་བར་མ་ཟད། སོ་སོའི་ཐུན་མོང་མ་ཡིན་པའི་དགའ་ཕྱོགས་དང་འཇོན་ཐང་ཡང་སྣ་མང་འཛོམས་པ་རེད། ཁོ་ཚོས་གཞན་ལས་སྔ་བར་ཧྭ་རེས་ཕོར་ཐིའི་མ་གཞིའི་པར་གཞི་ཀློག་ཚར་གྱིན་ཡོད་ལ། རྣོ་སྦྲེང་སོགས་ཀྱི་རོལ་ཆས་དཀྲོལ་བའི་ཆུ་ཚད་ཀྱང་མཐོན་པོར་སླེབས་ཡོད་པ་རེད།

ཁོ་ཚོ་སྤྱི་ཁྱབ་ནས་གཤིས་ཀ་ཡག་ལ་གུས་ལུགས་ལྡན། དུས་མཚུངས་སུ་སྤྱི་ཚོགས་ཚོགས་པའི་བྱ་འགུལ་ལ་ཞུགས་པར་སྤྲོ། འགྲན་རྩོད་ཀྱི་འདུ་ཤེས་ཀྱང་ཤིན་ཏུ་ཆེ། ཕལ་བའི་ཁྱིམ་ཚང་གི་བྱིས་པ་རྣམས་ཀྱིས་དབྱར་གནང་གི་སྐབས་སུ་གློག་ཀླད་ལ་འཐམ་ནས་རོལ་རྩེད་རྩེ་བཞིན་པའི་སྐབས་སུ། བྱིས་པ་དེ་དག་གི་ཕ་མ་རྣམས་ཀྱིས་ཁོ་ཚོ་ཁང་ཟམ་སློབ་ཆེན་དང་ཡེ་ལུའུ་སློབ་ཆེན་སོགས་ལ་ལྟ་སྐོར་དུ་ཁྲིད་ནས། ཁོ་ཚོར་འདི་ནི་ཁྱོད་ཀྱི་མ་འོངས་པའི་དམིགས་འབེན་ཡིན་ཞེས་བཤད་ཀྱིན་ཡོད་པ་རེད། ཕལ་བའི་བྱིས་པ་རྣམས་སློབ་གྲྭའི་ནང་གི་མཛེས་མ་ཨང་དང་པོ་སུ་ཡིན་མིན་གྱི་རྩོད་གླེང་ལ་མགོ་འཁོར་ནས་སྡོད་དུས།བྱིས་པ་དེ་དག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔེ་བཟོ་རྩོད་གླེང་ལ་ཞུགས་ཏེ། དྲང་བདེན་ཟེར་བ་ནི་ཅི་ཞིག་ཡིན་པ་རྩོད་ཀྱིན་ཡོད།

ཕལ་བའི་བྱིས་པ་རྣམས་ཀྱིས་བརྙན་འཕྲིན་ནང་གི་དགོད་བྲོའི་ལེ་ཚན་ལ་བལྟས་ནས་འབོལ་ཁྲིའི་སྟེང་ན་འགྲེ་ལོག་རྒྱག་གིན་ཡོད་དུས། བྱིས་པ་དེ་དག་གིས་ཧྥ་རན་སེའི་སྐད་དང་སི་ཕེན་གྱི་སྐད། འཇར་མན་གྱི་སྐད་སོགས་ལ་སྦྱོང་བ་བྱེད་ཀྱིན་ཡོད་ལ། ཁོ་ཚོའི་མ་འོངས་པའི་འགྲན་རྩོད་བྱེད་ཡ་ནི་འཛམ་གླིང་ཧྲིལ་པོའི་ཆེས་ཕུལ་དུ་བྱུང་བའི་སློབ་ཆེན་སློབ་མ་ཡིན་པ་རེད།

ཆུང་ངུའི་དུས་སུ། ཕ་མས་ང་ཚོར་ཞིང་པའི་ཁྱིམ་ཚང་གི་བུ་ཕྲུག་ཅིག་གིས་སློབ་ཆེན་གྲགས་ཆེན་ཞིག་ལ་རྒྱུགས་འཕྲོད་པའི་གཏམ་རྒྱུད་ཅིག་འཆད་པར་བྱེད་ལ། སློབ་སྦྱོང་གི་གནད་འགག་ནི་ནམ་ཡང་རང་ཉིད་ལ་བརྟེན་རྒྱུ་དེ་ཡིན་ཞེས་ཀྱང་འཆད། གཏམ་རྒྱུད་དེར་ངས་ལོ་བཅུ་ཕྲག་ལྷག་ལ་ཉན་མྱོང་། ཤུག་སྡོང་ཕ་བོང་གི་སྲིབས་ཀ་ནས་ཆེར་སྐྱེས་པ་ལྟ་བུའི་གཏམ་རྒྱུད་དེ་དག་ལ་ངས་ཁས་ལེན་སྟེར་མི་འདོད་པ་མིན། འོན་ཀྱང་གཏམ་རྒྱུད་དེ་དག་གི་ཤུགས་བསྟན་ནི་ཕྱོགས་སུ་ལྷུང་བའི་གནས་ལུགས་ཤིག་རེད། ཁྱོད་ཀྱིས་ཡོད་ཚད་བྱིས་པའི་སྟེང་ལ་བཀལ་ན་ག་ལ་རུང་། སློབ་གསོའི་ཁོར་ཡུག་དང་སློབ་གསོའི་བྱེད་ཐབས་ནི་ད་གཟོད་ཆེས་གལ་ཆེ་བ་དེ་རེད་འདོད།

པེར་ཀེལ་ཟི་འཛམ་གླིང་གི་ཕྱུག་པོ་ཨང་དང་པོར་གྱུར་པ་ནི་ཁོང་གི་ཁྲིམས་རྩོད་པ་ཡིན་པའི་ཨ་ཕ་དང་དངུལ་ཁང་སྦྱིན་བདག་གི་བུ་མོ་ཡིན་པའི་ཨ་མ་དང་ཁ་འབྲལ་ཐབས་ག་ལ་ཡོད། ཁོ་རང་འགྲོ་སའི་སྒེར་བཙུགས་སློབ་གྲྭ་དེས1968ལོར་ཨ་སྒོར་སྟོང་གསུམ་ཅན་གྱི་རྩིས་འཁོར་སྒྲིག་ཆས་ཉོས་ཡོད་པ་རེད།

1968ལོར་ང་ཚོའི་བྱིས་པ་ཕལ་མོ་ཆེས་ད་དུང་བྱིའུ་མདའ་དང་འདམ་བག་ལས་རྩིས་འཁོར་ཟེར་བ་ཞིག་ག་ལ་ཤེས།

ཡར་སྔོན་ཞིག་ལ། ཧྭ་ཝོར་ཏི་སློབ་ཆེན་གྱིས་ཧང་ཀྲོའུ་ཡི་མཐོ་གསུམ་བུ་མོ་ཞིག་ལ་དུས་བཅད་མ་ཐོན་སྔོན་ལ་བརྡ་ཐོ་བཏང་བའི་གནས་ཚུལ་ཞིག་གསར་འགྱུར་ཚ་ཤོས་སུ་གྱུར་མྱོང་བ་རེད། འོན་ཀྱང་ཕལ་བའི་ཁྱིམ་ཚང་གི་བྱིས་པ་རྣམས་ནི་དེ་ལ་ཡིད་སྨོན་སྐྱེ་རྒྱུའི་འོས་ལས་ཡོད་པ་མ་རེད། བུ་མོ་དེའི་ཕ་མ་གཉིས་ཀ་མཱ་ཧྲིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན﹙MIT﹚ནས་མཐར་ཕྱིན་པ་རེད་ལ། དེའི་ཨ་ཕ་ནི་ད་དུང་ཚན་རྩལ་ཀུང་སི་ཞིག་གི་ལས་འཛིན་པ་ཡིན་པ་རེད། བུ་མོ་དེ་ཆུང་དུས་ནས་ཨ་རིའི་དབྱར་གནང་གི་སློབ་གསེང་བྱ་འགུལ་ལ་ཞུགས་ཏེ་རྩིས་འཁོར་གྱི་མ་ལག་ཨང་སྒྲིག་ཕྱོགས་ལ་སློབ་སྦྱོང་བྱས་པ་རེད།

དུས་རབས་གོང་མའི་ལོ་རབས་དགུ་བཅུའི་ནང་ལ《བརྩེ་དུང་གི་དུས་རབས་གསར་མ》ཞེས་པའི་གློག་བརྙན་ཞིག་དར། དེའི་ནང་གི་མི་སྣ་གཙོ་བོ་གཉིས་ཀ་གོང་བདེ་ཟ་ཁང་ཞིག་ཏུ་ཟ་མ་བཟའ་རུ་སོང་བར། ཟ་ཁང་གི་མདུན་དུ་གྲལ་ཕྲེང་རིང་བོ་ཞིག་བསྒྲིགས་ཡོད་པ་རེད། དེར་བུ་མོ་དེས་དགའ་རོགསBilལ་ཟུར་ཟ་བྱེད་པར། Bilཡིས་ང་ནམ་ཉི་མ་ཞིག་ལ་མི་ཡི་གྲལ་མགོ་ནས་སྡོད་མཁན་ཞིག་ཏུ་འགྱུར་ངེས་ཡིན་ཞེས་བཤད། བུ་མོ་དེས་མདུན་གྱི་གྲལ་ཕྲེང་རིང་བོ་དེ་བསྟན་ནས་འདི་ན་མི་ཡི་གྲལ་མགོ་ནས་སྡོད་མཁན་དུ་འགྱུར་མི་འདོད་པའི་མི་སུ་ཡོད་དམ་ཞེས་བཤད།

ཡིན་ན་ཡང་ཕལ་བའི་ཁྱིམ་ཚང་གི་བྱིས་པ་རྣམས་མི་ཡི་གྲལ་མགོ་ནས་སྡོད་མཁན་ཞིག་ཏུ་འགྱུར་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། འཁོར་རྒྱུག་མྱུར་བའི་སྤྱི་ཚོགས་ཀྱི་གནས་སྟངས་ལས་མི་རྣམས་ཀྱིས་རང་གི་འཇོན་ནུས་ལྟར་གྲུབ་འབྲས་ཆེན་པོ་ཞིག་ལ་བརྩོན་ལེན་བགྱི་ཆོག་པ་ལས། ཁྱིམ་ཚང་གི་འབྱོར་ཕྱུག་དང་འབྲེལ་བའི་སྒང་ནས་གྲུབ་འབྲས་ཐོབ་པ་ཞིག་མིན་པ་ལྟར་སྣང་། འོན་ཀྱང་། སྟབས་མི་ལེགས་པ་ཞིག་ལ།ད་ལྟའི་དུས་རབས་འདིའི་དུས་མགོར་གཞི་རྒྱ་ཆེན་པོའི་ངང་ནས་བརྟག་དཔྱད་བྱས་པ་ལྟར་ན། སྤྱི་ཚོགས་ཀྱི་འཁོར་རྒྱུག་རང་བཞིན་དེ་སྔོན་ནས་འགྱུར་མིད་ཐེར་ཟུག་གི་རྣམ་པ་ཞིག་ཏུ་ཚུད་འདུག་པ་དེ་རེད། སྤྱི་ཚོགས་རིག་པ་སྨྲ་བས1970ལོ་ནས་ལོ་རབས་དགུ་བཅུའི་དུས་མཇུག་བར་གྱི་ཨ་རིའི་ཕ་བུ2749ཙམ་གྱི་ཡོང་སྒོ་དང་ལས་རིགས་ལ་ཞིབ་འཇུག་བྱས་པ་བརྒྱུད། སྤྱི་ཚོགས་གོ་གནས་ཀྱི་འཁོར་རྒྱུག་རང་བཞིན་ཐེར་ཟུག་གི་རྣམ་པར་ཚུད་འདུག་པ་ཤེས་རྟོགས་བྱུང་། དུས་སྐབས་དེའི་ནང་དུ་སྐྱེས་པའི་བྱིས་པ་རྣམས་ནར་སོན་རྗེས། ཁོ་ཚོའི་མོས་ཕྱོགས་ནི་ཕ་མའི་སྤྱི་ཚོགས་གོ་གནས་སམ་གྲལ་རིམ་དེའི་ཐོབ་ཐང་དེ་སྲུང་འཛིན་བྱེད་པར་ཕྱོགས་ཆེ་བའི་སྡོམ་ཚིག་ཐོབ་ཡོད།

 མ་གཞི་བྱིས་པའི་ཐོབ་ཐང་ལ་ཡང“རྒྱུད་པ”འདེད་རྒྱུ་ཡོད་པ་རེད། དབྱིན་ཇིའི་མཁས་པ་ཚོ་ལ་ཡང་དེ་དང་འདྲ་བའི་སྡོམ་ཚིག་ཐོབ་ཡོད། ད་སྐབས་དབྱིན་ཇིར། སྒེར་བཙུགས་སློབ་གྲྭའི་སློབ་མས་ཉིའུ་ཅིན་དང་ཁང་ཟམ་སོགས་ལ་རྒྱུགས་འཕྲོད་ཚད་གཞུང་བཙུགས་སློབ་གྲྭ་དང་བསྡུར་ན་ལྡབ13.47གྱིས་མང་། དུས་རབས་གོང་མའི་ལོ་རབས70པ་ནས་བཟུང་། དབྱིན་ཇི་སྲིད་གཞུང་གིས་ཐབས་ཤེས་སྣ་ཚོགས་ཀྱིས་སྣང་ཚུལ་དེའི་རིགས་མེད་པར་བཟོས་པ་སྟེ། དཔེར་ན་གཞུང་བཙུགས་སློབ་གྲྭར་འགྲོ་གྲོན་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་། སློབ་གྲྭས་ནུས་ཤུགས་ཡོད་རྒུས་རྒྱབ་ལྗོངས་མི་འདྲ་བའི་སློབ་མ་བསྡུས་ཚད་ཇེ་མང་དུ་གཏོང་བ་སོགས་བྱས་ཀྱང་། ཡོད་ཚད་ཕམ་ཁས་མཇུག་བསྒྲིལ་པ་ལས་འོས་མེད་པར་གྱུར། ཕལ་བའི་མི་ལ་རྒྱལ་ཁ་ཐོབ་མི་སྲིད་པ་མ་ཡིན་མོད། དེ་འདྲའི་སྐལ་བ་ཤིན་ཏུ་ཕྲ། དེ་འདྲ་མིན་ན་ཤུག་སྡོང་ཕ་བོང་གི་སྲུབས་ལས་སྐྱེས་པའི་དཔེ་དེ་འདྲ་སྦྱོར་དགོས་དོན་མེད།

ཁྱད་པར་དེ་འདྲ་འབྱུང་བའི་རྒྱུ་རྐྱེན་ཅི་ཡིན་ནམ།

ད་ནི་གནད་དོན་གལ་ཆེན་ཞིག་ལ་གདོང་གཏོད་པར་བྱ། ཕྱུག་པོའི་བུ་ཕྲུག་རྣམས་ཕལ་བའི་བྱིས་པ་ལས་རྣམ་པར་རྒྱལ་དོན་ཅི་ཡིན་ནམ།(ཉན་མི་བཟོད་པའི་དྲི་བ་འདི་ནི་དོན་དངོས་ཤིག་ཀྱང་རེད།)

ཨ་རིའི་མཱ་རེ་ལན་ཏི་སློབ་ཆེན་གྱི་སྤྱི་ཚོགས་རིག་པ་སྨྲ་བ་ཨན་ནེ་ཐི་ལཱ་རེ་ཨའོ་སའོ་ཡིས་ཨ་རིའི་ཁྱིམ་ཚང12ལ་རྗེས་འདེད་བརྟག་དཔྱད་བྱས་པ་རེད།མོས་ཕྱུག་པོའི་ཁྱིམ་ཚང་དང་ཕལ་བའི་ཁྱིམ་ཚང་གཉིས་ལ་སོ་སོར་བྱིས་པ་གསོ་སྐྱོང་གི་མ་ལག་མི་འདྲ་བ་རེ་ཆགས་ཡོད་པ་ཤེས་རྟོགས་བྱུང་། ཕྱུག་པོའི་ཁྱིམ་ཚང་གི་ཕ་མ་རྣམས་ནི་བྱིས་པ་བྱ་འགུལ་སྣ་ཚོགས་ལ་འཇུག་པར་སྤྲོ། ཁོ་ཚོས་བྱིས་པའི་ཆེད་དུ་དགེ་རྒན་དང་ཁྲིད་སྟོན་པ། སློབ་གྲོགས་སོགས་ཀྱི་གནས་ཚུལ་རྩད་གཅོད་པར་བྱེད། ཕལ་བའི་ཁྱིམ་ཚང་གི་བྱིས་པ་རྣམས་ནི་ཕལ་ཆེ་བ་ཕུ་ནུ་མིང་སྲིང་དང་རྩེད་རོགས་ཚོའི་མཉམ་དུ་ཕྱི་རོལ་ནས་རྩེད་པར་དགའ། ངལ་རྩོལ་པའི་གྲལ་རིམ་ལས་ཐོན་པའི་བུ་མོ་ཁཱ་ཏིས་ཟེར་བ་ཞིག་ཡོད་པ་གླུ་དབྱངས་ལེན་པར་སྤྲོ་ལ། སློབ་གྲྭ་གྲོལ་རྗེས་ཆོས་ཁང་གི་གླུ་ལེན་རུ་ཁག་ཏུ་ཞུགས་ནས་གླུ་དབྱངས་ལེན། མོའི་ཕ་མ་གཉིས་ཀྱིས་མོ་ལ་དེའི་ཕྱོགས་ཀྱི་གསོ་སྐྱོང་བྱེད་དགོས་པའི་གནད་དེ་ཚོར་གྱིན་མེད།

ཁོ་ཚོས་བུ་མོས་གཞན་ལ་རང་ཉིད་རིག་པ་རྣོ་བ་ངོམ་སོ་བྱེད་པའམ། ཡང་ན་དེ་ནི་མོས་གཞན་གྱིས་རང་ལ་ཡིད་འཇོག་བྱེད་ཆེད་དུ་བཏོན་པའི་ཐབས་ཤིག་ལས་ཅི་ཡང་མིན་པར་བསམ་གྱིན་ཡོད་པས། ཁོ་ཚོས་བྱིས་པའི་ཐུན་མོང་མ་ཡིན་པའི་འཇོན་ཐང་ཞིག་གསོ་སྐྱོང་བྱེད་པའི་གོ་སྐབས་དེ་ཤོར་སོང་བ་རེད།

ཨ་རིའི་སྤྱི་ཚོགས་རིག་པ་སྨྲ་བ་མར་ཁི་མུའུ་ཀི་ལ་ཏི་ཝེར་གྱིས་འདི་ལྟར་ཕྱོགས་སྡོམ་བྱས་ཡོད་དེ། ཕ་མ་ཕྱུག་པོ་དག་བྱིས་པ་ལ་རྒྱུ་མ་ཕུ་འདེད་ཀྱི་དྲི་བ་འདོན་པར་དགའ་སྟེ། དོན་དག་ཅི་ཞིག་ཡིན་རུང་ཡང་འདྲི་གཏིང་འདྲི་བྱེད།

ཁོ་ཚོས་བྱིས་པས་རང་ཉིད་ཀྱི་དབང་གྲགས་འདོན་སྤེལ་བྱེད་པ་དང་། ཕ་མ་དང་རྩོད་གླེང་བྱེད་པ། གཞན་དང་གྲོས་མོལ་བྱེད་པ། དར་མ་རྣམས་ལ་དོགས་འདྲི་བྱེད་པ་སོགས་ལ་རེ་བ་བྱེད།

ཕལ་བའི་ཁྱིམ་ཚང་གི་ཕ་མ་རྣམས་ནི་དེ་ལས་ལྡོག་སྟེ། ཁོ་ཚོས་རྒྱུན་དུ་མི་དབང་གྲགས་ཅན་ལ་བདེན་ཁ་སྟེར་བའམ་མགོ་བོ་སྒུར་ལ། བྱ་བ་ཅི་ལ་ཐུག་ཀྱང་གུས་གུས་ཞུམ་ཞུམ་བྱེད་པ་ལས་སྤོབས་པ་ཆེར་བསྐྱེད་ཀྱིས་གདོང་ཡར་ལངས་མི་ཕོད། ཕ་མ་ཕྱུག་པོ་རྣམས་ཀྱི་སློབ་གསོ་གཏོང་སྟངས་དེ་ལ“མཐུན་འབྲེལ་རོགས་འདེགས་ཀྱི་གསོ་སྐྱོང”ཞེས་བྱ་ལ། དེའི་དམིགས་ཡུལ་ནི་བྱིས་པའི་འཇོན་ནུས་དང་བསམ་བློ། རྩལ་ནུས་སོགས་ལ་ཡར་བསྐྱེད་ཀྱི་གསོ་སྐྱོང་དང་གདེང་འཇོག་བྱེད་རྒྱུ་དེ་རེད། ཕལ་བའི་ཁྱིམ་ཚང་གིས་བྱིས་པ་རྣམས“རང་བྱུང་འཚར་སྐྱེའི”ལམ་དུ་གཏོང་བར་བྱེད། ཕྱུག་པོའི་ཁྱིམ་ཚང་གི་བྱིས་པ་རྣམས་ཀྱིས་སྔ་མོ་ནས“དབང་ཆའི”དོན་སྙིང་དེ་ཚོར་ཡོད། འོན་ཀྱང་།ཕལ་བའི་ཁྱིམ་ཚང་གི་བྱིས་པ་རྣམས་ཀྱིས་མི་ལ་སྤྲོ་སེམས་བྲལ་ཞིང་རང་རྟོན་གྱི་སྤོབས་པ་དང་དཔའ་ངར་མེད་པར་བག་འཁུམ་དུ་གནས་པའི་སྣང་བ་སྟེར།ཁོ་ཚོ་རང་ཉིད་ཀྱི་ལམ་བུ་ཇི་ལྟར་འཚོལ་བར་བློ་རྨོངས་ཤིང་། ཡང་ན་དམིགས་ཡུལ་ཞིག་འགྲུབ་པར་རང་ཉིད་ཀྱི་འཆར་གཞི་ཇི་ལྟར་འགོད་པར་བློ་རྨོངས་འདུག

རེད་ཡ། ཞིབ་ཀྱིས་བསྡུར་དང་ཁྱད་པར་གཙོ་བོ་དེ་ན་ཡོད་པ་རེད། གལ་ཏེ་ང་ཚོས་གནད་དེ་དག་རྟོགས་ཤིང་ལག་ལེན་གྱི་སྟེང་ནས་འཇོན་པར་ནུས་ཚེ།བྱིས་པ་རྣམས་ནི་ཤུག་སྡོང་བཞིན་རྡོ་ཕ་བོང་གི་འོག་ནས་ཀྱང་སྐྱེ་སྟོབས་ཀྱིས་རྒྱས་འོང་སྲིད། མཇུག་མཐར་བཤད་འདོད་པ་ནི། ང་ཚོ་གྲལ་རིམ་གང་དུ་གཏོགས་ཀྱང་། ཕྱུག་པོའམ་དབུལ་པོ་ཅི་ཡིན་རུང་། བྱིས་པ་རང་འདོད་ལྟར་འཚར་སྐྱེ་འབྱུང་དུ་འཇུག་པ་ནི་མི་རུང་བར། བྱིས་པའི་ཁྱད་ཆོས་ལྟར་དམིགས་ཡུལ་ཡོད་པའི་སྒོ་ནས་སློབ་གསོའི་འཆར་གཞི་ཞིག་བཟོ་དགོས། སྤྱི་ཚོགས་ཀྱི་གྲལ་རིམ་འགྱུར་མེད་ཐེར་ཟུག་གི་རྣམ་པར་གནས་ཀྱང་། དེ་ནི་གཏན་དུ་འགྱུར་བ་མེད་པ་ཞིག་ཀྱང་ཡིན་མི་སྲིད། ཁྱོད་ཀྱིས་ལྟོས་དང་། གོང་དུ་བཤད་པའི་གློག་བརྙན་དེའི་ནང་གི་མི་སྣ་གཙོ་བོBilཞེས་པ་དེ་ཡང་རྗེས་ནས་མི་ཡི་གྲལ་མགོར་སྡོད་མཁན་ཞིག་ཏུ་གྱུར་པར་མ་ཟད་རང་ཉིད་ཀྱི་བརྩེ་དུང་ཡང་རྙེད་སོང་བ་མ་ཡིན་ནམ།།

  རྩོམ་ཡིག་འདི་ནི་གླང་ཕྲུག་ཨ་ཕ་ཞུ་བ་ཞིག་གིས་རྒྱ་ཡིག་ནས་བྲིས་ཤིང་།སློབ་གསོ་དང་འབྲེལ་བའི་འཕྲིན་སྟེགས་མང་པོར་བཀོད་ཡོད་པ་ལྟར་མེལ་ཚེས་སྒྲིག་བསྒྱུར།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།